གཙོ་ངོས།>> གནས་མཇལ།>>ཡུལ་སྐོར་ཟིན་བྲིས།

བསོད་ནམས་སྐྱིད། རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། ༢༠༡༨ལོའི་ཟླ་བ་༠༢ཚེས་༢༣ཉིན།

༄༅།། འབར་ཁམས་དགོན་པའི་སྐོར་ལམ་གྱི་མཐོང་ཐོས།

བསོད་ནམས་སྐྱིད་ཀྱིས་བྲིས་ཤིང་པར་བླངས།

        བོད་ཡུལ་ཤར་ཕྱོགས་ཀྱི་འབར་ཁམས་ནི་རྔ་བ་ཁུལ་གྱི་སྲིད་འབྱོར་རིག་གསུམ་གྱི་ལྟེ་གནས་ཡིན་ལ། ཆུ་བྲག་ནགས་གསུམ་གྱིས་ཕྱུག་པའི་རི་ལུང་སྔོན་མོའི་ཀློང་དུ་ཆགས་པའི་ཡུལ་ཁམས་འདི་རུ་དགོན་པ་ཆེ་མ་ཆུང་གསུམ་མང་པོ་ལྷུན་གྱིས་བཀོད་པ་ལྟར་ཆགས་ཡོད། སྦྲང་ཆར་ཟིམ་ཟིམ་དུ་བབས་པའི་ཞོགས་པ་ཞིག་ལ་ང་རང་གྲོང་ཁྱེར་གྱི་ལྟེ་བའི་ཁུལ་གྱི་ཐོག་ཁང་མང་པོའི་ལྟག་རྒྱབ་ཀྱི་ཤིང་སྐས་རིང་མོར་འཛེགས་ཏེ་ཆོས་ཀྱི་འདུན་ས་འབར་ཁམས་དགོན་དུ་ཕྱིན། ཤར་ཕྱོགས་ལྷུན་པོའི་རྩེ་ནས་རྟ་བདུན་དབང་པོ་དྲོད་ལམ་མེར་འཆར་བྱུང་ལ། ནམ་མཁའ་སྔོ་ཞིང་དྭངས། མཁའ་དབུགས་བསིལ་ཞིང་འཇམ། འགྲམ་གཉིས་ན་འཐེན་ཡོད་པའི་བཀྲ་ཤིས་དར་ལྕོག ནེའུ་གསིང་གཡུ་ལོའི་བཀོད་པའི་ནགས་ཚལ། དེ་མིན་ད་རུང་གསེར་འོད་ལམ་ལམ་གྱི་འབར་ཁམས་དགོན་པའི་རྒྱ་ཕིབས་སོགས་མིག་མདུན་དུ་མངོན་བྱུང་དུས་ཡིད་སེམས་ཡོངས་སྤྲོ་བས་ཁེངས་སོང་།
        འབར་ཁམས་དགོན་དགེ་ལྡན་དར་རྒྱས་གླིང་ནི་འབར་ཁམས་གྲོང་ཁྱེར་གྲོང་དཀྱིལ་ཏེ་སོ་མང་ཆུ་བོའི་བྱང་ཟུར་དང་ཏ་རོ་ཀྱོ་རི་ངོས་སུ་ཆགས་ཡོད་པའི་དགོན་པ་ཞིག་སྟེ། 《 མདོ་སྨད་ཆོས་འབྱུང་།》དུ། བོན་བླ་འབར་ཁམས་ན་རིམ་གྱིས་སྐྱོང་བའི་འབར་ཁམས་དགོན་པ་ཞེས་སྔོན་མར་ཡུལ་འདིའི་བོན་གྱི་བླ་མ་འབར་ཁམས་ཀྱི་མཚན་དགོན་པར་ཐོགས་ནས་འབར་ཁམས་གཡུང་དྲུང་གླིང་ཞེས་མཚན་གསོལ་ཡོད་ཅེས་པ་དང་། དམུ་གཤིན་ཉི་མ་རྒྱལ་མཚན་ཞང་ཞུང་གི་ཡུལ་བཞད་མཐོང་སྨོན་ནས་རྒྱལ་རོང་ཡུལ་དུ་ཕེབས་ཏེ་ཆོས་སྤེལ་སྐབས་ཕྱག་བཏབ་པ་ཡིན་ལ། ཁོང་གིས་ཤར་ཁོག་དང་ཁྲོ་ཆུ། ཆུ་ཆེན། བཙན་ལྷ། ཁྲི་ཚང་། བཀྲ་ཤིས་གླིང་། ཁྲོ་སྐྱབས་སོགས་ནས་འོང་བའི་དད་ལྡན་མང་ཚོགས་ཆོས་ཀྱིས་བསྐྱངས། སྤྱི་ལོ་1866ལོར་བོན་དགོན་བརླགས། ཕྱིས་སུ་སྤྱི་ལོ་1879ལོར་དགའ་ལྡན་ཁྲི་རབས་དོན་བཞི་པ་ཅོག་ཙེ་གསེར་ཁྲི་བྱང་རྩེ་བློ་བཟང་ལྷུན་གྲུབ་ཀྱི་ཡང་སྤྲུལ་མཁྱེན་རབ་བསྟན་པའི་རྒྱལ་མཚན་གྱིས་བསྐྱར་འདེབས་བྱས་ཤིང་གྲུབ་མཐའ་ཡང་དགེ་ལྡན་པའི་ལུགས་ལ་བསྒྱུར་བ་དང་། སྐབས་དེར་མཛོད་དགེ་སྟག་ཚང་ལྷ་མོ་དགེ་ལྡན་བཀྲ་ཤིས་འཁྱིལ་གྱི་སྤྲུལ་སྐུ་བློ་བཟང་འཕྲིན་ལས་ཚང་གིས་མཐུན་རྐྱེན་གང་ལེགས་སྦྱར། སྤྱི་ལོ་1935ལོར་དགོན་པར་གཏོར་བཤིག་ཐེབས། སྤྱི་ལོ་1936ལོར་ཅོག་ཙེ་རྒྱལ་པོ་དང་དགོན་པའི་དགོན་བདག་གིས་བསྐྱར་དུ་ཞིག་གསོ་བྱས། ད་ལྟ་དགོན་མིང་ཡུལ་ཁམས་འདིའི་ས་མིང་སྤྱི་ལ་ཐོགས་ཡོད་པ་རེད། དགོན་འདིར་ལོ་ངོ་སུམ་སྟོང་བརྒྱད་བརྒྱ་ལྷག་གི་ལོ་རྒྱུས་ཡོད་ལ། ཚ་ཁོ་དགོན་དགེ་ལྡན་དར་རྒྱས་གླིང་། བསྟན་དར་གླིང་། ཀུན་དབ་དགོན། མཚམས་གནས་དགོན། སའི་སོ་དགོན། སྒོ་ཡག་རི་ཕྱུག་དགོན། མང་བཀུར་དགོན། ཀུན་མཁྱེན་དགོན། འབོ་ལ་དགོན། ཚེ་དཔལ་དགོན། ཆ་མིས་དགོན། ཏ་རོ་གྱོ་རྣམ་རྒྱལ་དགོན་སོགས་དགོན་མ་ལག་བཅུ་གཉིས་ཡོད།
        དེང་སང་དགོན་པར་ཚོགས་ཆེན་འདུ་ཁང་གཅིག་པུ་ལས་བཞེངས་མེད་ལ། ནང་གི་སྐུ་གསུང་ཐུགས་རྟེན་ལ་སྐུ་རྟེན་ཇོ་བོ་ཤཱཀྱ་མུ་ནེའི་སྐུ་ལུས་ཚད་མ་དང་། བྱམས་པའི་སྐུ་ཁྲུ་གང་མ། རྗེ་ཡབ་སྲས་གསུམ་ཐོག་རྩེག་གཅིག་པ་རེ། སྟོན་པ་ལུས་ཚད་མ། ཐུགས་རྗེ་ཆེན་པོ་ཕྱག་སྟོང་སྤྱན་སྟོང་། སྲིད་གསུམ་རྒྱལ་མོ་སོགས་ཐང་ཆེན་མང་པོ་དང་། གསུང་རྟེན་རྒྱལ་བའི་བཀའ་བསྟན་བཅོས། རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ། གཟུངས་འདུས། བསྐལ་བཟང་དང་བརྒྱད་སྟོང་པ། འབུམ་པོད་བཅུ་གཉིས་སོགས་དང་། ཐུགས་རྟེན་གསེར་ཁྲི་སྐུ་ཕྲེང་བཞི་པའི་གདུང་རྟེན་དང་། བྱང་རྩེ་མཁན་པོའི་སྐུ་གདུང་བཅས་བཞུགས་སོ། །ཕྱི་ན་དད་ལྡན་མང་ཚོགས་རྣམས་ཀྱིས་ཞབས་ཞུ་བྱས་པའི་མ་ཎི་འཁོར་རྒན་འཁོར་ཆུང་བསྟར་ལ་བརྒྱུས་འདུག གཡས་ཟུར་ན་ཚེ་དཔལ་ལྷ་ཁང་བཞེངས་ཡོད་པ་དང་། གྲུབ་མཐའ་གཡུང་དྲུང་བོན་ཡིན་ཞིང་དེང་སང་གྲྭ་བ་བཅུ་གྲངས་ལྷག་ཡོད།
        ཉིན་གུང་གི་དུས་ཙམ་ལ། དགོན་པའི་མཐའ་སྐོར་གྱི་ཚེ་དཔལ་དང་རྟ་ས་སྡེ་པའི་མང་ཚོགས་དང་གྲོང་པའི་ནང་གི་དད་ལྡན་ཕོ་མོ་རྣམས་གཅིག་རྗེས་གཉིས་མཐུད་དུ་སྐོར་བ་བྱེད་དུ་འོང་ལ། ང་རང་གིས་ཡང་བསྐོར་བ་བྱེད་ཞོར། མགོ་རས་དཀྲིས་པའི་རྒྱལ་རོང་གི་ཨ་མ་རྒན་མོ་ཞིག་ལ་དགོན་ཆུང་འདིར་སྦྱིན་བདག་ག་རེ་ཡོད་མེད་དྲིས་པར། ཁོ་མོས་བཤད་རྒྱུར། དགོན་པ་འདི་ཆུང་རུང་དགོན་པ་འདིའི་སྦྱིན་བདག་ལ་སའི་སོ་དང་ར་ཀྱོ། འོད་འདུས། སྒོ་ཡག གཡུ་འབྲུག ཞོ་སྤྲི། སྤུན་ཆེན། འབོ་ལ། ཚེ་དཔལ། ཆ་མིས། སྤུན་མཆེད་འབྲོག་ར། འབར་ཁམས་གྲོང་རྡལ་སོགས་ཡོད་ཟེར། དེ་མིན་ཅོག་ཙེ་སྡེ་བཅུའི་ཏ་རོ་ཀྱོ་སྡེ་པ་ནས་སྐྱེས་པའི་བློ་བཟང་མཐའ་ཡས་ཟེར་བ་ཞིག་གིས་ཉེ་དུས་ཀྱི་འབར་ཁམས་དགོན་པའི་བསྐྱར་གསོའི་ཐད་བྱས་རྗེས་མི་དམན་པ་བཞག་ཡོད་སྐད།
        ཡང་ངས་དགོན་པའི་དོ་དམ་ཨ་ཁུ་ལ་དགོན་འདིའི་ལོ་རྒྱུས་སྐོར་གྱི་དཔེ་ཆ་སློང་བ་ན། ཁོང་གིས་ང་ལ་ལྷ་སའི་སྐད་ལབ་པ་དང་འབར་ཁམས་དགོན་པའི་ངོ་སྤྲོད་མདོར་བསྡུས་ཞེས་པའི་རྒྱ་ཡིག་གི་དེབ་ཆུང་ཞིག་བསྩལ་བྱུང་། དེར་འཁོད་པ་ལྟར་ན། དགོན་པ་འདི་དགེ་ལུགས་པ་ལ་བསྒྱུར་བའི་རྗེས་ནས་ད་བར་གདན་རབས་བཅུ་གཅིག་ཡོད་མྱོང་ལ། ཕལ་ཆེར་རང་དགོན་པའི་ལྷ་སྡེ་དེ་དག་ནས་འཁྲུངས་པ་དང་། དགོན་སྡེར་བཞུགས་པའི་དགེ་འདུན་པ་ནི་སྔ་དུས་900ལྷག་དང་ད་སྐབས་200ལྷག་ཡོད། གཞན་དགོན་འདིར་བཞུགས་པའི་མཁན་རབས་ཀྱི་འདོན་ཆོས་བྱང་རྩེ་མཁན་པོ་བློ་བཟང་སྦྱིན་པའི་ལྷ་མོ་སྲིད་གསུམ་རྒྱལ་མོའི་འཕྲིན་བཅོལ་ཡོད་ལ། འབར་ཁམས་ས་ཁུལ་གྱི་ནང་ཆོས་དར་སྤེལ་ཐད་བྱས་རྗེས་བླ་ན་མེད་པ་བཞག་ཡོད།
        འབར་ཁམས་དགོན་པའི་རྒྱབ་རིའི་བཙན་མཁར་དང་མདུན་རིའི་བསོ་བསོ་ནས་གཡུ་ཡི་བཀྲག་མདངས་འཚེར་ལ་བསང་ཤུག་གི་དྲི་གསུང་མཁའ་དབྱིངས་སུ་ཁྱབ། ཁོ་བོས་ཀྱང་ལམ་འགྲམ་གྱི་ཚ་ཁོའི་རྡོ་རྩིག་གི་བརྗིད་ཉམས་ལ་ལྟ་ཞོར་ཕྱིར་རང་ཁྱིམ་དུ་ལོག་པའོ། །  

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1