གཙོ་ངོས།>> ཞིབ་འཇུག>>ཆོས་ལུགས།

ཨ་འདུས་བུ་སྨྱོན། རྩོམ་སྒྲིག་པ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། ༢༠༡༨ལོའི་ཟླ་བ་༠༢ཚེས་༢༦ཉིན།

༄༅།།རྔ་བ་ཨ་འདུས་དགོན་པའི་འཆམ་གྱི་བྱུང་བ།

རྔ་བའི་ཨ་འདུས་དགོན།
      སྤྱིར་བཏང་འཆམ་རྒྱག་པ་ནི་མདོ་སྔགས་གཉིས་ལས་གསང་སྔགས་རྒྱུད་སྡེའི་དགོངས་པ་ཡིན་པ་དང་། དེ་ནི་དགེ་འདུན་པའི་སྡེས་ཡི་དམ་ཆོས་སྲུང་སོགས་ཀྱི་རྣམ་པར་བརྫུས་ཏེ་གར་རྒུའི་ཉམས་དང་ལྡན་པའི་སྒོ་ནས་དད་ལྡན་པ་ཆོས་ལ་སྐུལ་བའི་སྒྱུ་རྩལ་གྱི་ཆོ་ག་ཞིག་ཏེ། ལག་སྟབས་གཙོ་ཆེ་བ་ལ་གར་དང་། རྐང་སྟབས་གཙོ་ཆེ་བ་ལ་འཆམ། དེ་གཉིས་ཟུང་འབྲེལ་བྱེད་པ་ལ་གར་འཆམ་ཞེས་ཟེར། 《གཙང་གི་གཟིགས་མོ་ཆེན་མོ་》ནང་དུ། རྒྱལ་བོ་ཁྲི་སྲོང་ལྡེ་བཙན་སོགས་ཀྱི་སྐབས་རྣལ་འབྱོར་བ་རྣམས་ཀྱིས་ཐ་མལ་བའི་རྟོག་པ་དང་བྲལ་ཏེ་ཡི་དམ་ལྷའི་ང་རྒྱལ་གྱི་ངང་ནས་ལག་ཏུ་མཚོན་ཆ་ལ་སོགས་པའི་ཕྱག་མཚན་སྣ་ཚོགས་བསྣམས་ནས་འཆམ་རྒྱག་སྲོལ་ཡོད་ཀྱང་གསང་སྔགས་ཀྱི་ཆོས་ལུགས་ཁོ་ནར་བརྩི་བས་མི་གཞན་གྱིས་རྩ་བ་ནས་ལྟ་མི་ཆོག་པའི་གསང་བ་ཅན་ཞིག་རེད་ཅེས་བཤད་པར་དཔག་ན། བསྟན་པ་སྔ་དར་སྐབས་རྣམ་འབྱོར་པ་རྣམས་ཀྱིས་གསང་བ་ཤིན་ཏུ་དམ་པར་མཛད་དེ་སོ་སོའི་སྒྲུབ་ཁང་ནང་དུ་ཕྱག་ལེན་བསྟར་བ་ལས་གཞན་དུ་མི་མངོན་པའི་རྣམ་པ་ཅན་ཞིག་ཡིན་པ་ནི་ཤིན་ཏུ་གསལ། ཡིན་ནའང་དུས་རབས་བཅུ་གཅིག་པའི་རྗེས་སུ་མི་སྐྱ་སོགས་ལ་སྦ་གསང་མེད་པར་ཡོངས་གྲགས་སུ་འཁྲབ་སྟོན་བྱེད་པའི་ལུགས་སྲོལ་འདི་ཉིད་དར་བ་ནས་སྔ་འགྱུར་རྙིང་མའི་ཕྱོགས་སུ་དར་ཁྱབ་ཆེན་པོ་བྱུང་། དེ་རྗེས་པཎ་ཆེན་བློ་བཟང་ཆོས་རྒྱན་གྱིས་དགུང་ལོ་ཞེ་བརྒྱད་སྐབས་གསང་སྔགས་རྒྱུད་གྲྭའི་རྨང་བཏང་པ་དང་། དགུང་ལོ་དོན་བརྒྱད་དུ་འཚམས་གཟིགས་འཛུགས་གནང་མཛད་པར་བཤད། རྒྱལ་དབང་ལྔ་བ་ཆེན་པོའི་སྐབས་བདེ་ཡངས་ཤར་དུ་ཟོར་འཆམ་བྱུང་བ་དང་། རྒྱལ་དབང་བདུན་པ་ཆེན་པོའི་སྐབས་རྩེ་རྣམ་རྒྱལ་གྲྭ་ཚང་དུ་གསར་འཛུགས་མཛད། དར་རྩེ་མདོ་སོགས་ནས་རྒྱ་དམག་གི་སྟེང་དུ་འཆམ་བརྒྱབ་ཅིང་གཏོར་ཟོར་འཕངས་པས་དམག་དཔུང་བཟློག་པའི་ལོ་རྒྱུས་ཀྱང་བཤད་རྒྱུ་ཡོད།
      ཨ་འདུས་དགོན་པའི་གར་འཆམ་འདི་ནི་ལོ་ཉིས་བརྒྱ་ལྷག་གི་ཡར་སྔོན་ཏེ་ ༧ མཚེ་སྐུ་ཕྲེང་གཉིས་པ་བློ་བཟང་བསྟན་པའི་ཉི་མ་མཆོག་གིས་ ༧ པཎ་ཆེན་བློ་བཟང་ཆོས་རྒྱན་གྱིས་འཛུགས་གནང་མཛད་བའི་གཙང་གི་གར་འཆམ་གཞིར་བཞག་གིས་ཆོས་ལུགས་བྱེད་སྒོའི་རྣམ་པའི་སྟེང་ནས་དད་ལྡན་པར་བསོད་ནམས་ཀྱི་བྱིན་རླབས་གནང་བའི་ཚུལ་ཏུ་གསར་འཛུགས་གནང་བས། ལོ་རེའི་ཆོ་འཕྲུལ་སྨོན་ལམ་ཆེན་མོའི་ཚེས་བཅུ་དྲུག་ཉིན་འཆམ་རྒྱག་པའི་སྲོལ་འདི་བྱུང་བ་སྟེ། ངག་རྒྱུན་དུའང་ཨ་འདུས་དགོན་པའི"བཅོ་ལྔའི་ལྷ་བཤོས་ཆེན་མོ། བཅུ་དྲུག་གི་བསྒྲལ་འཆམ། བཅུ་བདུན་གྱི་བྱམས་པ་གླིང་སྐོར། བཅོ་བརྒྱད་ཀྱི་དགྲ་བླ་དཔུང་བསྟོད"ཅེས་ཟེར་སྲོལ་བྱུང་། རྗེས་སུ་རྔ་བའི་ཡུལ་དུ་གསར་དགོན་མང་པོ་བྱུང་པ་དག་གིས་ཀྱང་ཞལ་འབག་དང་འཆམ་ལྭ། མཁོ་ཆས་ཇི་སྙེད་ཅིག་དགོན་པ་འདི་ནས་གཡར་བའི་སྲོལ་ཡོད། 
༧མཚེ་སྐུ་ཕྲེང་གཉིས་པ་ཁོང་ ༧ པཎ་ཆེན་སྐུ་ཕྲེང་བདུན་པ་བསྟན་པའི་ཉི་མས་དངོས་འཛིན་གནང་བས་མཚན་ཡང་བློ་བཟང་བསྟན་པའི་ཉི་མ་ཞེས་བསྩལ་བ་དང་། པཎ་ཆེན་རིན་པོ་ཆེའི་ཐུགས་བཀོད་ལྟར་དགའ་ལྡན་དུ་ལོ་བཅུ་གསུམ་ལ་བཞུགས་ཤིང་། མདོ་སྔགས་རིག་གནས་ཀྱི་མཁས་པ་མང་པོ་ལས་གཞུང་ལུགས་ཀུན་ལ་སློབ་གཉེར་མཐུལ་ཕྱིན་པ་མཛད་ཅིང་གཞན་དྲང་མི་འཇོག་པའི་མཁས་ཚུལ་མཛད།   ཁོང་གི་སྐུའི་བར་ཆད་པཎ་ཆེན་རིན་པོ་ཆེས་སེལ་བ་མཚན་ལམ་དུ་བྱུང་བས་སྐུ་བསྙུན་ཡོད་པ་དྭངས།  མགོན་པོ་དཀར་པོས་བྱང་ཆུབ་མ་ཐོབ་ཀྱི་བར་དུ་གྲོགས་བྱེད་པ་ཞལ་བཞེས་གནང་པ་སོགས་ཞལ་གཟིགས་སྣ་ཚོགས་བྱུང་། རབ་བྱུང་བཅུ་བཞི་བའི་ནང་རང་ཡུལ་དུ་ཕེབས་ཁར།   ༧ གོང་ས་བརྒྱད་པ་ཆེན་པོ་མཆོག་གིས་བཀའ་ཤོག་གོས་ཆེན་མ། མཁན་ཆས་དང་མཁན་པོའི་མཚན་གནས་གནང་སྟེ་མཚེ་ཤར་རྩེ་མཁན་པོ་སྐུ་ཕྲེང་གཉིས་པ་ཞེས་ཡོངས་སུ་གྲགས། ཕྱིར་རང་དགོན་དུ་ཕེབས་ཏེ་སྐུ་གོང་མའི་འཕྲིན་ལས་ཀྱི་རྒྱུན་བསྐྱངས་ཤིང་ཆོས་སྲིད་གཉིས་ཀྱི་བསྟན་འགྲོའི་དོན་མང་པོ་མཛད། གར་འཆམ་འདིའང་ཁོང་གི་མཛད་ཆེན་བགྲང་ཡས་པ་ཀུན་ལས་གཅིག་ཡིན་ཞིང་། རྔ་བའི་དགོན་པ་དག་གི་འཆམ་གྱི་བྱུང་རབས་ནང་གི་སྔ་གྲས་སུ་གཏོགས་པ་དང་། གཙང་འཆམ་གྱི་ཕྱག་ལེན་གཞིར་བཞག་གིས་ལེགས་ཆ་མང་པོ་བསྡུ་རུབ་བགྱིས་ཏེ་བཟོས་པས། ཉམས་དང་འགྱུར་བས་ཕྱུག་ཅིང་སྟངས་སྟབས་ལ་འཁྲུག་ཆ་དོད་པས། བལྟས་ན་ཡིད་དབང་འཕྲོག་པ་དང་སེམས་འགུལ་ཐེབས་པའམ་དད་པ་ཟབ་མོ་སྐྱེ་པའི་རྒྱུ་བླ་མེད་ཅིག་ཡིན། 
      འཆམ་རྒྱག་པའི་སྐབས། འདོན་པའི་མན་ངག་གི་གདངས་དབྱངས་དང་། རོལ་ཆ་དཀྲོལ་རྡུང་གི་ང་རོ། འཁྲབ་པའི་སྟངས་སྟབས་ཀྱི་བརྗིད་ཉམས་ཀུན་མཉམ་ལྕོགས་ཀྱི་ཚུལ་ཏུ་བསྡེབས་ཀྱང་བསྟར་བས། རྒྱུད་རིམ་ལྡན་ཞིང་རྒྱབ་ལྗོངས་མཐུག་ལ། གྲྭ་བ་རྒན་པ་དག་གི་ཁ་ན་འཕྲོས་དོན་གྱི་འགྲེལ་བ་ཟབ་མོ་མུ་ནས་མུར་རྒྱུད་པའི་བཤད་བྱ་རྒྱ་ཆེ་ལ་གཏིང་ཟབ་པ་དང་། འཁྲབ་བྱ་གཙོ་བོ་ནི་དམ་ཅན་ཆོས་རྒྱལ་ཡབ་ཡུམ། མགོན་པོ་ཕྱག་དྲུག་པ། དཔལ་ལྡན་ལྷ་མོ། བསྟན་སྲུང་བསེ་ཁྲབ་ཅན། ཞྭ་ནག་པའི་ཚོགས། ཆོས་སྐྱོངས་དེ་དག་གི་འཁོར། ཤྭ་དང་འབྲོང་། ཀེང་རུས་ལ་སོགས་ལས་གྲུབ་ཅིང་། རྔ་དང་སྦུབ་ཆལ། དུང་ཆེན། རྒྱ་གླིང་། རྐང་གླིང་། ཏིང་ཤགས། རྡོར་དྲིལ། ཌ་མ་རུ་སོགས་ཀྱིས་འཆམ་རྒྱག་པར་ཕན་ཚུན་རམ་འདེགས་ཀྱི་དཀྲོལ་བརྡུང་བྱེད་བཞིན་པས། འཆམ་གྱི་འགུལ་སྟངས། དབྱངས་འགྲོས། གོམ་སྟབས་མཉམ་སྒྲིག་སོགས་ལ་མཐུན་སྦྱོར་གྱི་ཁྱད་ནུས་ཐོན་པ་དང་། དེ་དག་ཀུན་ཀྱང་ཞལ་འདོན་གྱི་གདངས་དབྱངས་དང་། འཆམ་ཡིག འཆམ་པ་པོས་འཆམ་རྒྱག་ལུགས་སོགས་ལ་བསྟུན་ནས་ཐུན་མོོང་མིན་པའི་འབུད་རྡུང་དཀྲོལ་གསུམ་བྱེད་ལུགས་གཞན་དང་མི་འདྲ་བ་ཡོད། 
      འཆམ་གཞུང་སྤྱིའི་རིམ་པ་ནི་ཐོག་མར་གསེར་སྐྱེམས་འབུལ་ཞིང་རྐང་གླིང་དང་རྔ་སིལ་རོལ་མོས་ཆོས་སྐྱོང་རྣམས་འབོད་འགུགས་མཛད་ཅིང་། སངས་རྒྱས་ཀྱི་བསྟན་པ་དང་སེམས་ཅན་གྱི་བདེ་སྐྱིད་ལ་གནོད་པར་བྱེད་པའི་མི་དང་མི་མིན་འབྱུང་བོ་ལ་སོགས་གང་ཟག་གདུག་པ་ཅན་རྣམས་བསྒྲལ་བའི་ཕྱིར་ཁྱེད་རྣམས་ཀྱིས་གྲོགས་དང་དཔང་མཛོད་ལ། དེ་དག་གི་སྐྱབས་མ་མཛད་ཅེས་བསྐུལ་བ་བྱེད། དེའི་ཕྱིར་ཆོས་སྐྱོང་ཁྲོ་བོའི་རྣམ་པ་ཅན་དེ་དག་བརྩེ་བ་ཆེན་པོས་ཀུན་ནས་བསླངས་ཏེ་སེམས་ཅན་གདུག་ཅན་དེ་དག་གི་རྒྱུད་ཀྱི་ཉོན་མོངས་དུག་གསུམ་གདུལ་བའི་ཆེད་དུ་དྲག་པོའི་སྐུར་བཞེངས་ཤིང་ཕེབས་པ་ཡིན་ལ། དེ་རྗེས་ཆོས་སྲུང་རྣམས་ཐུན་མོང་གིས་གཏོར་ཟོར་གྱི་སྒོ་ནས་སངས་རྒྱས་བསྟན་པའི་དགྲ་བགེགས་ཀྱི་དཔུང་བཅོམ་ཅིང་བསྒྲལ་བའི་ལས་ལ་ཞུགས་པ་དང་རྣམ་ཤེས་དག་ཞིང་དུ་སྤར་བའི་ཆོ་ག་མཛད་དེ། ཐུབ་བསྟན་ཡུན་རིང་དུ་གནས་ཤིང་རྗེ་བླ་མའི་སྐུ་ཚེ་བརྟན་པ། ཡུལ་ཁམས་བདེ་སྐྱིད་དང་ལྡན་པའི་ཤིས་ཚིག་བརྗོད་པའི་སྒོ་ནས་མཇུག་བསྡུ་བ་ཞིག་གོ །

      འཆམ་རྒྱག་པ་པོ་ཡང་དབང་པོར་སྐྱོན་མེད་ལེགས་པོ་ཡིན་པ་གཞིར་བཞག་ཐོག ཐུན་མོང་བའི་ལམ་གྱིས་རྒྱུད་སྦྱངས་བ་སྔོན་དུ་སོང་བའི་སྒོ་ནས་དམ་ཚིག་དང་སྡོམ་པ་ཚུལ་བཞིན་དུ་སྲུང་མཁན་ཞིག་ཡིན་པ་སྨོས་མེད་དང་། བསྙེན་སྒྲུབ་ཚད་དུ་འཁྱོལ་བ་རབ་དང་། མ་མཐར་ཡང་ལས་རུང་གི་བསྙེན་པ་གྲངས་ཚད་རེ་སྔོན་དུ་འགྲོ་དགོས་པས། འཆམ་རན་ཁའི་བདུན་ཕྲག་ཁ་ཤས་ཀྱི་སྔོན་ནས་མཚམས་ཆེན་བཅད་དེ་ཡིད་དམ་ལྷའི་གསལ་སྣང་དང་མི་འབྲལ་བར་ཆོ་ག་སྒྲུབ་ཀྱང་རྩ་སྔགས་བཟློ་བ། སྒོམ་པ་དང་ཉམས་ལེན་གྱི་རིམ་པ་མང་དག་ཅིག་སྔོན་དུ་འགྲོ་དགོས་པའོ།།

དགོན་པར་འཆམ་རྒྱག་པ།

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1