གཙོ་ངོས།>> ཞིབ་འཇུག>>ཀུན་འདུས།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། ༢༠༡༨ལོའི་ཟླ་བ་༠༢ཚེས་༢༨ཉིན།

༄༅།།དཔག་ཚད་ཀྱི་ཆེ་ཆུང་དང་འབྲེལ་ནས་བོད་ཀྱི་རིང་ཚད་ཀྱི་འཇལ་བྱེད་སྐོར་གླེང་བ།

མཚོ་སྔོན་དགེ་འོས་སློབ་ཆེན་མི་རིགས་དགེ་འོས་སློབ་གླིང་། འབྲུག་མོ་མཚོ།

[གནད་བཏུས] དཔག་ཚད་ཀྱི་ཆེ་ཆུང་གཏན་ལ་འབེབ་སྟངས་ཀྱི་ཆ་ནས་སྔ་རབས་བསྟན་བཅོས་སུ་བཞེད་ལུགས་མི་མཐུན་པ་དུ་མ་འབྱུང་ལ། གྲགས་ཆེ་བ་ནི་མངོན་པ་མཛོད་དང་དུས་འཁོར་ཀྱི་ལུགས་ཡིན་པས། རྩོམ་ཐུང་འདིར་ལུགས་དེ་གཉིས་གཞིར་བཟུང་ཐོག་རིང་ཚད་ཀྱི་རྒྱལ་སྤྱིའི་འཇལ་བྱེད་སྨི་སོགས་དང་བསྡུར་ཏེ་དཔྱད་པ་ཕྲན་ཙམ་བགྱིས་ཡོད།
[གནད་ཚིག] དཔག་ཚད། སྨི། ནཱ་སྨི།
        དཔག་ཚད་ཅེས་པ་བོད་ཀྱི་གནའ་རབས་བསྟན་བཅོས་སུ་རིང་ཚད་ཚད་འཇལ་བྱེད་པའི་འཇལ་བྱེད་ཅིག་ཡིན་ལ། རྒྱ་གར་སྐད་དུ་ཡོ་ཛ་ནཾ་ཟེར་ཞིང་། དུང་དཀར་ཚིག་མཛོད་དུ་དཔག་ཚད་སྐབས་སུ་གཟུགས་ཀྱི་མཐའ་སྟེ། རྒྱང་གྲགས་བརྒྱད་ལ་དཔག་ཚད་གཅིག་ཡིན།①ཞེས་གསུངས་འདུག རིང་ཚད་ཚད་འཇལ་གྱི་འཇལ་བྱེད་ལས་ཆེ་ཤོས་ཡིན་ན། དེའི་ཆེ་ཆུང་གཏན་ལ་འབེབ་ཚུལ་ལ་རྒྱུགས་ཆེ་བ་མངོན་པ་དང་དུས་འཁོར་ལུགས་གཉིས་ཡོད་ལ། དེ་དག་སོ་སོ་ནས་ཞིབ་ཏུ་དཔྱད་ན་གཤམ་གསལ་ལྟར།
དང་པོ། མངོན་པའི་ལུགས་ཀྱི་དཔག་ཚད་གཏན་ལ་འབེབ་སྟངས།
        མངོན་པའི་ལུགས་ལ་རྒྱང་གྲགས་བརྒྱད་ཀྱི་ཚད་ལ་དཔག་ཚད་གཅིག་དང་། རྒྱང་གྲགས་རེར་གཞུ་འདོམ་ལྔ་བརྒྱ་ཡོད་པར་བཞེད།②ཅེས་འབྱུང་བ་དང་། མངོན་པ་མཛོད་ཀྱི་འགྲེལ་བར། རྡུལ་ཕྲ་རབ་བསགས་པས་རྒྱང་གྲགས་སོགས་འགྲུབ་ཚུལ་ཡོད་དེ། རྩོམ་བྱེད་དང་པོ་རྡུལ་ཕྲ་རབ་དང་། དེ་བདུན་སྒྲིལ་བས་རྡུལ་ཕྲན་དང་། དེ་བཞིན་དུ་ལྕགས་རྡུལ་དང། ཆུ་རྡུལ་དང་། རི་བོང་གི་རྡུལ་དང་། ལུག་རྡུལ་དང་། གླང་རྡུལ་དང་། ཉི་ཟེར་གྱི་རྡུལ་དང་། སྲོ་མ་དང་། དེ་ལས་བྱུང་བ་ཤིག་དང། དེ་བཞིན་དུ་ནས་དང་། ཚེ་ལོ་བརྒྱ་བའི་མིའི་སོར་ཚིགས་རྣམས་རིམ་པ་བཞིན་དུ་གོང་ནས་གོང་དུ་བདུན་འགྱུར་དུ་བྱས་པའི་སོར་མོ་ཉི་ཤུ་རྩ་བཞི་ལ་ཁྲུ་གང་། ཁྲུ་བཞི་ལ་གཞུ་འདོམ་གང་། གཞུ་འདོམ་དེ་དག་ལྔ་བརྒྱ་རྣམས་ལ་རྒྱང་གྲགས་གཅིག་དང། ཚད་དེ་ཙམ་གྱི་གྲོང་ལས་འཕགས་པ་ལ་དགོན་པར་འདོད་པའི་ཕྱིར་དང། རྒྱང་གྲགས་དེ་བརྒྱད་ལ་དཔག་ཚད་གཅིག་འཇོག་པའི་ཕྱིར།③ཞེས་དང་། དེ་བས་ཀྱང་གསལ་བོར་བཀོད་འདུག་པ་ནི་དུང་དཀར་ཚིག་མཛོད་དུ། དཔག་ཚད་ཀྱི་རྩི་སྟངས་ནི། ཕྲ་རབ་ཀྱི་རྡུལ་བདུན་ལ་རྡུལ་ཕྲན་གཅིག རྡུལ་ཕྲན་བདུན་ལ་ལྕགས་རྡུལ་གཅིག ལྕགས་རྡུལ་བདུན་ལ་ཆུ་རྡུལ་གཅིག ཆུ་རྡུལ་བདུན་ལ་རི་བོང་གི་རྡུལ(སྤུ་རྩེའི་ཆགས་པའི་རྡུལ)གཅིག རི་བོང་གི་རྡུལ་བདུན་ལ་ལུག་རྡུལ་གཅིག ལུག་རྡུལ་བདུན་ལ་གླང་རྡུལ་གཅིག གླང་རྡུལ་བདུན་ལ་ཉི་ཟེར་གྱི་རྡུལ་གཅིག ཉི་ཟེར་གྱི་རྡུལ་བདུན་ལ་སྲོ་མ་གཅིག སྲོ་མ་རྡུལ་བདུན་ལ་ཤིག་གཅིག ཤིག་བདུན་ལ་འབྲུ་གཅིག ནས་འབྲུ་བདུན་ལ་སོར་མོ་དབུས་མའི་ཚིགས་གཅིག སོར་ཉི་ཤུ་རྩ་བཞི་ལ་ཁྲུ་གང། ཁྲུ་བཞི་ལ་གཞུ་འདོམ་གང་། གཞུ་འདོམ་ལྔ་བརྒྱ་ལ་རྒྱང་གྲགས་གཅིག རྒྱང་གྲགས་བརྒྱད་ལ་དཔག་ཚད་གཅིག་ཏུ་བརྩིས་པ་ཡིན།④ཞེས་གསུངས་ཏེ་དེའི་ཆེ་ཆུང་གསལ་བོར་གཏན་ཁེལ་བྱས་འདུག བརྩི་སྟངས་འདི་ལ་དབྱེ་ཞིབ་ཅིག་བྱས་ན། གོང་གི་བདུན་ཚན་ཅན་དེ་དག་ཕལ་ཆེར་ཕྲ་མཐོང་གི་གནས་སུ་གཞོལ་འདུག་ལ། སོར་མོ་དང་ཁྲུ། གཞུ་འདོམ་རྒྱང་གྲགས་རྣམས་ཆེ་མཐོང་གི་རྣམ་པར་གནས་པར་བསམ། དེས་ན་ཆེ་མཐོང་གི་འཇལ་བྱེད་དེ་དག་དཔག་ཚད་དང་བསྡུར་ཏེ། དེ་ཚོའི་བར་གྱི་འབྲེལ་བར་དབྱེ་ཞིབ་ཅིག་བྱས་ན་གཤམ་གྱི་རེའུ་མིག་ལྟར་ཡིན།
        རེའུ་མིག་འདི་ལས་དཔག་ཚད་གཅིག་གི་ཚད་ལ་སོར་མོ་སུམ་འབུམ་དང་བརྒྱད་ཁྲི་བཞི་སྟོང(3.84×105)ཡོད་པ་དང་། ཁྲུ་ལ་ཆིག་ཁྲི་དྲུག་སྟོང(1.60×104)། གཞུ་འདོམ་ལ་བཞི་སྟོང(4.00×103)། རྒྱང་གྲགས་བརྒྱད་ཡོད་པ་ཤེས། རྒྱང་གྲགས་དང་སོར་མོ་སོགས་ཀྱི་གྲངས་འགྱུར་ཚད་ལ། རྒྱང་གྲགས་གཅིག་ལ་སོར་མོ་བཞི་ཁྲི་བརྒྱད་སྟོང(4.80×104)། ཁྲུ་ཉིས་སྟོང་། གཞུ་འདོམ་ལྔ་བརྒྱ་ཡོད་པ་དང་། གཞུ་འདོམ་དང་སོར་མོའི་བར་ལ་དགུ་བཅུ་གོ་དྲུག་ཡོད་པ་ཤེས་སོ།།
མངོན་པའི་ལུགས་ལ་རིང་ཚད་ཀྱི་ཚད་འཇལ་ལ་རྡུལ་ཕྲ་རབ་དང་རྡུལ་ཕྲན། ལྕགས་རྡུལ། ཆུ་རྡུལ། རི་བོང་གི་རྡུལ། ལུག་རྡུལ། གླང་རྡུལ། ཉི་ཟེར་གྱི་རྡུལ། སྲོ་མ། ཤིག འབྲུ། སོར་མོ། ཁྲུ། གཞུ་འདོམ། རྒྱང་གྲགས། དཔག་ཚད་དེ་གྲངས་ཀ་བཅུ་དྲུག་བྱུང་ཡོད། རྡུལ་ཕྲ་རབ་ནས་སོར་མོའི་བར་ལ་འགྱུར་ཚད་བདུན་འགྱུར་ཡིན་པ་དང་ཕྲ་མཐོང་གི་རིང་ཚད་ཚད་འཇལ་བྱེད་ཡིན་ལ། ལྷག་མ་ལྔ་པོ་ཆེ་མཐོང་གི་རིང་ཚད་ཚད་འཇལ་དུ་བརྩི་ན། དཔག་ཚད་དང་རྒྱང་གྲགས་གཉིས་ཀ་ཆེ་མཐོང་གི་རིང་ཚད་འཇལ་བྱེད་ལས་འཇལ་བྱེད་ཆེ་ཤོས་ཡིན་པ་དང་། གཞུ་འདོམ་དང་ཁྲུ། སོར་མོ་རྣམས་དེ་ལས་ཆུང་ཤས་ཀྱི་གྲས་ཡིན་པ་ཤེས།
གཉིས་པ། དུས་འཁོར་ལུགས་ཀྱི་དཔག་ཚད་གཏན་ལ་འབེབ་སྟངས།
        དུས་འཁོར་ཀྱི་ལུགས་ལ་སོར་མོ་ཉེར་བཞི་ལ་ཁྲུ་གང་དང་། དེ་བཞི་ལ་གཞུ་འདོམ་གང་། དེ་ཉིས་སྟོང་ལ་རྒྱང་གྲགས་གཅིག་དེ་བཞི་ལ་དཔག་ཚད་གཅིག ⑤ ཅེས་པ་དང་། དུང་དཀར་ཚིག་མཛོད་ཆེན་མོ་རུ། དུས་འཁོར་གྱི་གཟུགས་གཞལ་བྱེད་ཆ་བཅུ་གཉིས་ཀྱི་སྐབས་སུ། རྡུལ་ཕྲ་རབ། ཕྲ་མོ། སྐྲ་རྩེ། སྐེ་ཚེ། ཤིག ནས། སོར་མོ་རྣམས་རིམ་བཞིན་བརྒྱད་འགྱུར་སོར་མོ་ཉི་ཤུ་ལ་ཁྲུ། ཁྲུ་བཞི་ལ་འདོམ། འདོམ་ཉིས་སྟོང་ལ་རྒྱང་གྲགས། རྒྱང་གྲགས་བཞི་ལ་དཔག་ཚད་གཅིག་གོ། ⑥ཞེས་གསུང་པ་ལས་དཔག་ཚད་དེ་རྡུལ་ཕྲ་རབ་དང་ཕྲ་མོ། སྐྲ་རྩེ། སྐེ་ཚེ། ཤིག ནས། སོར་མོ། ཁྲུ་དང་གཞུ་འདོམ། རྒྱང་གྲགས་བཅས་ལ་འབྲེལ་འདུག དེས་ན་དཔག་ཚད་དེ་སོར་མོ་དང་ཁྲུ། གཞུ་འདོམ། རྒྱང་གྲགས་བཅས་ལ་ཐད་ཀར་འབྲེལ་ན་གཤམ་ལྟར་ཡིན།
རེའུ་མིག་འདི་ལས་དཔག་ཚད་དང་འཇལ་བྱེད་གཞན་རྣམས་བར་གྱི་འགྱུར་ཚུལ་ནི་བཞི་དང་ཉིས་སྟོང་། བཞི། ཉི་ཤུ་རྣམས་ཡིན་པ་གསལ་བོར་ཤེས་ལ། ཞིབ་ཏུ་དཔྱད་ན་གོང་དང་རིགས་བསྒྲེའོ། །
        གོང་གི་ལུགས་དེ་གཉིས་བསྡུར་ན་མངོན་པ་དང་དུས་འཁོར་གཉིས་གང་ཡིན་ཡང་རིང་ཚད་ཀྱི་ཚད་འཇལ་བྱེད་པའི་འཇལ་བྱེད་ཐུང་མཐའ་ལ་རྡུལ་ཕྲ་རབ་དང་རིང་མཐའ་ལ་དཔག་ཚད་ཡིན་པ་གཅིག་མཚུངས་ཡིན། མི་འདྲ་པའི་ཆ་ནི་མངོན་པའི་ལུགས་ལ་རྡུལ་ཕྲ་རབ་ནས་སོར་མོའི་བར་ལ་འཇལ་བྱེད་ཀྱི་གྲངས་ཀ་བཅུ་གཅིག་ཡོད་ལ་དེ་རྣམས་བར་གྱི་འགྱུར་ཚད་ལ་བདུན་འགྱུར་ཡིན་ལ། དུས་འཁོར་ལ་རྡུལ་ཕྲ་རབ་ནས་སོར་མོའི་བར་འཇལ་བྱེད་ཀྱི་གྲངས་ཀ་དྲུག་ལས་མེད་ལ་དེ་རྣམས་ཀྱི་འགྱུར་ཚད་བརྒྱད་ཡིན། སོར་མོ་ནས་མགོ་བཟུང་ནས་དཔག་ཚད་ཀྱི་བར་དུ་དབྱེ་བའི་དབང་དུ་བཏང་ན། དེ་གཉིས་ཀྱི་འཇལ་བྱེད་གྲངས་ཀ་ལྔ་རེ་ཡིན་ནའང་འགྱུར་ཚུལ་ལ། མངོན་པར་བརྒྱད་དང་ལྔ་བརྒྱ། བཞི། ཉེར་བཞི་བཅས་ཡིན་ལ། དུས་འཁོར་ལ་བཞི་དང་ཉིས་སྟོང་། བཞི། ཉི་ཤུ་ཡིན། དེ་བས་དཔག་ཚད་ཀྱི་ཆེ་ཆུང་མི་འདྲ་སྟེ། མངོན་པའི་ལུགས་ལ་དཔག་ཚད་གཅིག་ལ་སོར་མོ་སུམ་འབུམ་བརྒྱད་ཁྲི་བཞི་སྟོང་ཡོད་ལ། དུས་འཁོར་གྱི་ལུགས་ལ་དཔག་ཚད་གཅིག་ལ་སོར་མོ་དྲུག་འབུམ་བཞི་ཁྲི་ཡོད། དེ་གཉིས་ཀྱི་ཁྱད་ལྷག་ལ་སོར་མོ་ཉིས་འབུམ་ལྔ་ཁྲི་དྲུག་སྟོང་མཆིས།
གསུམ་པ། དཔག་ཚད་དང་རྒྱལ་སྤྱིའི་འཇལ་བྱེད་སྨི་སོགས་ཀྱི་བར་གྱི་འབྲེལ་བ།
        བོད་ཡུལ་གྱི་རིང་ཚད་ཚད་འཇལ་པའི་འཇལ་བྱེད་ལ་དུས་འཁོར་ཀྱི་ལུགས་དང་མངོན་པའི་ལུགས་སོགས་ཡོད་ཀྱང་། མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་མཆོག་གིས“བོད་ཀྱི་ལོ་རྒྱུས་དང་རྒྱུན་སྲོལ་ཐོག་རྒྱ་ཁྱབ་ཏུ་ལག་ལེན་བསྟར་བ་ནི་མངོན་པའི་ལུགས་དེ་ཡིན”⑦ཞེས་གསུངས་པས། མངོན་པའི་ལུགས་གཞིར་བཟུང་ནས་དཔྱད་ན་རྣམ་གྲངས་བཅུ་དྲུག་ཡོད་དེ། “རྩོམ་བྱེད་དང་པོ་རྡུལ་ཕྲ་རབ་ནས། རྒྱང་གྲགས་དེ་བརྒྱད་ལ་དཔག་ཚད་གཅིག་འཇོག་པའི་ཕྱིར།”⑧ཞེས་འཁོད་པའི་འཇལ་བྱེད་དེ་དག་རྒྱལ་སྤྱིའི་འཇལ་བྱེད་ཀྱི་རིང་ཚད་དང་བསྡུར་ནས་དཔྱད་ན་གཤམ་གྱི་རེའུ་མིག་ཏུ་གསལ་བ་ལྟར་ཡིན།
        གོང་གི་བརྩི་ཚུལ་འདི་སྨི་གང་ལ་ཁྲུ་གསུམ་ཞེས་པའི་རྒྱའི་ཧྲི་ཁྲེ(市尺)གཞིར་བཟུང་བ་ཡིན། དེས་ན་སྨི་གཅིག་ལ་ཁྲུ་ཐིག་ཚེག་གསུམ་གསུམ་ཡིན་ལ། གཞུ་འདོམ་གང་ལ་སྨི་གཅིག་ཚེག་གསུམ་གསུམ་དང། རྒྱང་གྲགས་གཅིག་ལ་སྨི་དྲུག་བརྒྱ་དང་དྲུག་ཅུ་རེ་དྲུག་ཚེག་དྲུག དཔག་ཚད་གཅིག་ལ་སྨི་ལྔ་སྟོང་གསུམ་བརྒྱ་སུམ་ཅུ་སོ་གསུམ་ཡིན། དེང་དུས་རྒྱལ་སྤྱིའི་སྟེང་དུ་ནཱ་སྨི( nanometer )ནི་ཆུང་ཤས་ཀྱི་རིང་ཚད་ཚད་འཇལ་བྱེད་པར་བརྩི་མོད། དེ་བོད་ཀྱི་འཇལ་བྱེད་དང་བསྡུར་ན་ཆུ་རྡུལ་གྱི་གྲངས་རིམ་ཚད་དང་མཚུངས་ལ། བོད་རང་ཉིད་ཀྱི་འཇལ་བྱེད་ཁྲོད་དུ་ཆུ་རྡུལ་ལས་ཆུང་བ་ད་དུང་ལྕགས་རྡུལ་དང་རྡུལ་ཕྲན། རྡུལ་ཕྲ་རབ་རྣམས་ཡོད། རྒྱལ་སྤྱིའི་སྟེང་སྐར་མ་དང་སྐར་མའི་ཁྱིམ་རྒྱུད་བར་ཀྱི་བར་ཐག་ཚད་འཇལ་བྱེད་སྐབས་འོད་ལོ (光年light-year)འཇལ་བྱེད་ཡིན་ལ། དེ་བོད་རང་ཉིད་ཀྱི་རྒྱུན་པར་རྟེན་རླུང་དཀྱིལ་དང་ཆུའི་དཀྱིལ་དང་། བརྟེན་པ་རི་རབ་རོལ་མཚོ་ལ་སོགས་པའི་ཚད་འཇལ་བྱེད་པའི་འཇལ་བྱེད་དཔག་ཚད་དང་བསྡུར་ན། དཔག་ཚད་ནི་ཧ་ཅང་ཆུང་བ་རེའུ་མིག་ཏུ་གསལ་བ་ལྟར་ཡིན། དེའི་རྒྱུ་མཚན་ནི་བོད་ལ་གྲངས་གནས་དྲུག་ཅུ་ཐམ་པ་ཡོད་པས་འཇལ་བྱེད་དེ་འདྲ་ཆེ་བ་མེད་ཀྱང་གྲངས་ཀ་གྲངས་མེད་ལ་སོགས་པ་མཐོ་ཤོས་ཀྱིས་མཚོན་པར་བྱས་ན་ཆོག་པས་སོ། །
        གཞན་ཡང་ཚེ་ལོ་བརྒྱ་བའི་མིའི་སོར་ཚིགས་རྣམས་རིམ་པ་བཞིན་དུ་གོང་ནས་གོང་དུ་བདུན་འགྱུར་དུ་བྱས་པའི་སོར་མོ་ཉི་ཤུ་རྩ་བཞི་ལ་ཁྲུ་གང་ཞེས་པ་གཞིར་བཟུང་བའི་དབང་དུ་བཏང་ན། ཚེ་ལོ་བརྒྱ་བའི་མི་ཞེས་པ་མི་ཐ་མལ་ནད་མེད་ཅིག་ལ་ངོས་འཛིན་བྱས་ནས་ན་སོ་དར་ལ་བབ་པའི་སྐྱེས་པའི་སོར་ཚིགས་ཉེར་བཞིའི་ཚད་སྨི་ཐིག་ཚེག་གསུམ་བདུན་དང་མཚུངས་བ་དེ་ལྟར་དུ་བརྩིས་ན། གཞུ་འདོམ་གང་ལ་སྨི་གཅིག་དང་ཚེག་བཞི་བརྒྱད་དང་། རྒྱང་གྲགས་གཅིག་གི་ཚད་སྨི་བདུན་བརྒྱ་དང་བཞི་བཅུ། དཔག་ཚད་གཅིག་གི་ཚད་ལ་སྨི་ལྔ་སྟོང་དགུ་བརྒྱ་ཉི་ཤུ་ཡིན། གྲངས་ཀ་འདི་ཧ་ལམ་སྨི་དྲུག་སྟོང་དང་ཉེ་བས། དཔག་ཚད་གཅིག་ལ་སྤྱི་ལེ་དྲུག་ཡོད་ཅེས་བཤད་ཀྱང་ཆོག འཇལ་བྱེད་ཆུང་ཤས་རྣམས་ཀྱི་གྲངས་ཀར་འགྱུར་བ་ཅུང་ཟད་ཡོད་མོད་གྲངས་རིམ་གཅིག་འདྲ་ཡིན་པས་རིགས་བསྒྲེའོ།།
        གོང་གི་དཔག་ཚད་ཀྱི་ཆེ་ཆུང་ལ་དབྱེ་ཞིབ་བྱས་པས་ང་ཚོས་ཤེས་གསལ་ལྟར་བོད་ཀྱི་གནའ་རབས་བསྟན་བཅོས་སུ་རིང་ཚད་གཅིག་པུའི་རྒྱུན་བཀོལ་གྱི་འཇལ་བྱེད་ལ་ལུགས་སོ་སོ་ནས་བརྩི་ན་བཅུ་དྲུག་དང་བཅུ་གཅིག ཁྱོན་བསྡོམས་པའི་རིང་ཚད་འཇལ་བྱེད་ཉེར་བདུན་ཡོད་ལ། ཞིབ་ཏུ་བརྩི་ན་བསྐྱར་ཟློས་སུ་སོང་བ(ལུགས་གཉིས་ལས་རྡུལ་ཕྲ་རབ་དང་ཤིག སོར་མོ ཁྲུ། རྒྱང་གྲགས། དཔག་ཚད་རྣམས་མིང་གཅིག་འདྲའི་བྱུང་འདུག་ལ། རྡུལ་ཕྲན་དང་ཕྲ་མོ་གཉིས་དང། འབྲུ་དང་ནས་གཉིས། གཞུ་འདོམ་དང་འདོམ་གཉིས་གཅིག་ཏུ་བརྩི།)རྣམས་དོར་ན། ཁེར་རྐྱང་གི་རིང་ཚད་འཇལ་བྱེད་བཅོ་བརྒྱད་ཡོད། རིང་ཚད་ཁོ་ནའི་འཇལ་བྱེད་གྲངས་འདི་འདྲ་མང་པོ་ཞིག་མི་རིགས་གཞན་པའི་རིག་གནས་སུ་མཐོང་དཀའ་འོ།།
① དུང་དཀར་ཚིག་མཛོད་ཆེན་མོ། ཀྲུང་གོའི་བོད་རིག་པའི་དཔེ་སྐྲུན་ཁང་། 2009 P1288.
②སྨོན་ལམ་ཚིག་མཛོད་ཆེན་མོའི་གློག་རྡུལ་མའི་དཔག་ཚད་དུ་གསལ།

③ཀུན་མཁྱེན་ཆེན་པོ་འཇམ་དབྱངས་བཞད་པའི་གསུང་འབུམ། ༼ཐ༽ འབྲས་སྤུངས་བཀྲ་ཤིས་སྒོ་མང་དཔེ་མཛོད་ཁང་། 2002 P429.
④དུང་དཀར་ཚིག་མཛོད་ཆེན་མོ། ཀྲུང་གོའི་བོད་རིག་པའི་དཔེ་སྐྲུན་ཁང་། 2009 P1287.
⑤སྨོན་ལམ་ཚིག་མཛོད་ཆེན་མོའི་གློག་རྡུལ་མའི་དཔག་ཚད་དུ་གསལ།
⑥ དུང་དཀར་ཚིག་མཛོད་ཆེན་མོ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2009 P1093.
⑦ མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་ཀྱི་གསུང་འབུམ། དཔྱད་རྩོམ། མི་རིགས་དཔེ་སྐྲུན་ཁང་། 2004 P89.

⑧ ཀུན་མཁྱེན་འཇམ་དབྱངས་བཞད་པ། མངོན་པ་མཛོད་ཀྱི་དགོངས་འགྲེལ་བསྟན་བཅོས་ཐུབ་བསྟན་ནོར་བུའི་གཏེར་མཛོད་དུས་གསུམ་རྒྱལ་བའི་བཞེད་དོན་ཀུན་གསལ། འབྲས་སྤུངས་བཀྲ་ཤིས་སྒོ་མང་དཔེ་མཛོད་ཁང་། 2002 P429.

(《བོད་ཀྱི་སློབ་གསོ།》ལས་བཤུས།)

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1