གཙོ་ངོས།>> རྩོམ་རིག>>སྙན་རྩོམ།

​ས་དམར་གྲགས་པ། རྩོམ་སྒྲིག་པ།ཡོང་ཁུངས།གངས་དཀར་རི་བོ། སྤེལ་དུས། ༢༠༡༨ལོའི་ཟླ་བ་༠༣ཚེས་༠༥ཉིན།

༄༅།། མུན་ཁྲོད་ནས་འོད་བསུབས་པ།

ས་དམར་གྲགས་པ། (དབུས)



རེ་ཞིག་སྡོད་དགོས་པ་དེ་འགུལ་ཙམ་བྱེད་མ་ཆོག་པའི་དོན་མ་ཡིན།
ཆང་ལ་ཀོ་གྲུ་བཏང་བའང་འཕུར་མ་ཤེས་པས་མ་ཡིན།
ཉིན་ཞིག་འཆི་དགོས་པ་སྐྱེས་པའི་ཆོས་ཉིད་ཙམ་ཡིན་པས།
ང་ཡི་རུས་པས་ཁྱོད་ལ་པར་སྒྲོམ་ཞིག་བཟོ།
དེ་ཡི་ནང་དུ་སྒྲ་ཡི་དབུགས་དང་མིག་གི་མྱ་ངན་སྦ།
ཆོས་ཀྱི་ལྕགས་རི་དཀར་པོའི།
རླུང་གི་མར་རྒྱན་ཤུད་སོང་།
ལག་པ་ཆུ་ལ་སྦངས་ཏེ་རུས་པའི་ན་ཟུག་འཕར་ཡང་།
ཆུ་འཁྱག་གི་རླངས་པས་སྲོག་རྩ་མ་དྲོ།
ཤ་ཡི་སྒྲོག་གུ་སྙི་མོ།
རུས་པའི་ལྷུ་ལས་ཤོར་སོང་།
རྩང་རུས་ག་ལེར་གཞོགས་དང་།
མར་རྒྱན་ང་ཡིས་འདོགས་ཆོག།
ཚེ་མདུད།
དུས་ཚོད་ཀྱིས་བྲིས་པའི་དཔྲལ་བའི་རི་མོ་འཁྱོག་པོ་འདི་དག།
ལག་པས་འབྱིད་མ་ནུས་པར་ཤུལ་དུ་བཤམས་ཡོད།
དུར་ལས་བཀོག་པའི་རྩྭ་སྐྱ་སྤར་མོ་གང་བོ་འདི།
མཚན་ལ་ཁྱོད་རང་བསུ་བྱེད་ཀྱི་མེ་སྤར་མོ་གང་བོ་དེ་ཡིན།
གསལ་པོ་གསལ་པོ་ཞིག་གསུངས་མ་གནང་།
ང་ལ་སེམས་རྩ་སྡོམ་བྱེད་ཀྱི་ལྕགས་སྐུད་དང་།
མིག་རྩ་ལྷོད་བྱེད་ཀྱི་ཆོ་འཕྲུལ་མེད།
ང་རང་ཆུང་ཆུང་ཞིག་ལས་མེད་པའི་རྡོ་བ་ཞིག་ཡིན།
རྡོ་བའི་ནང་དུ་མེ་ཚ་མོ་ཞིག་སྦས་ཡོད།
དེ་ནི་མཚན་ལ་ཁ་བ་འབབ་དུས།
སྲོག་རྩ་དྲོད་བྱེད་དེ་ཡིན།
ཉིན་ཞིག་ང་ཡིས་རོ་ཤུན་ཕུད་ནས།
ཚེ་ཡི་མདུད་པ་དལ་མོར་ལྷོད་སོང་བའི་སྐབས་ཐོག་དེར།
ཁྱོད་ཀྱི་མིག་ཆུས་ང་རང་མི་འཛིན་རོགས་ཞུ།
མཚན་ལ་སྙན་ངག་མི་གྱེར་རོགས་ཞུ།
བར་དོ་རུ་སྲ་ཚུགས་སའི་གནས་ཤིག་མེད་པས།
རྒྱུ་སྤུན་མཉམ་དུ་ཆད་པའི་སྐབས་དེར།
ཆང་ཧུབ་གང་གིས།
ཁྱོད་རང་བཟི་བར་གྱིས་དང།
ང་རང་ཕྱི་མིག་མེད་པར།
ལོག་འགྲོ་རྒྱུ་ཡིན།

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1