གཙོ་ངོས།>> རྩོམ་རིག>>སྙན་རྩོམ།

ཁུ་བྱུག་སྔོན་མོ། རྩོམ་སྒྲིག་པ།ཡོང་ཁུངས།གངས་རྒྱན་མེ་ཏོག སྤེལ་དུས། ༢༠༡༨ལོའི་ཟླ་བ་༠༣ཚེས་༠༥ཉིན།

༄༅།། ལོ་མ་སེར་པོ།

 ཁུ་བྱུག་སྔོན་མོ། (རྨ་ལྷོ)



 

བདག་གིས་འབྲི་དེབ་ཅིག་གི་ཁ་ཕྱེ་སྟེ།།
ཅི་ཞིག་འབྲི་སྙམ་ངང་ལ་སྡོད་པའི་ཚེ།།
སྒེའུ་ཁུང་བརྒྱུད་ནས་ལོ་མ་སེར་པོ་ཞིག །
རླུང་གིས་འཁུར་ཏེ་མདུན་ཅོག་སྟེང་ལ་ལྷུང་།།
ལོ་མ་སེར་པོའི་སྟེང་གི་རི་མོ་ནི།།
རང་གི་འཚོ་བའི་ས་ཁྲ་ཡིན་ནམ་ཅི།།
བདག་ནི་གློ་བུར་འཆར་ཡན་ཀློང་ལ་བྱིངས།།
མི་ཚེའི་དཔྱིད་དབྱར་སྟོན་དགུན་རེ་རེ་མཐོང་།།
ཐོག་མར་དཔྱིད་ཀྱི་དཔལ་མོ་མདུན་དུ་སླེབས།།
ལྗོན་ཤིང་ཞིག་ལ་མྱུ་གུ་གསར་བ་འབུ།།
དེ་ཡི་གམ་དུ་བྱིས་པ་ཆུང་ཆུང་ཞིག །
རྩེད་འཇོར་རོལ་ཞིང་ལྷད་མེད་འཛུམ་ཀོང་དུ།།
ཞོགས་ཉི་འཇམ་པོ་ལྷོད་ཀྱིས་འཁྱིལ་ནས་འདུག །
དེ་ནས་དབྱར་གྱི་མཛེས་ལྗོངས་མདུན་དུ་སླེབས།།
ལྗོན་ཤིང་དེ་ཡི་ལོ་འདབ་སྔོ་ཞིང་ཆེ།།
གམ་དུ་གཞོན་ནུ་སྟོབས་ལྡན་ཞིག་འགྲེང་སྟེ།།
རྒྱང་ལ་ལྟ་ཞིང་སྐྲ་ལོ་རིང་བོ་ནི།།
རླུང་བུ་ལྡོམ་པོས་སྐྱོད་ཙམ་སྐྱོད་ཙམ་བྱེད།།
དེ་ནས་སྟོན་གྱི་དུས་ཚིགས་མདུན་དུ་སླེབས།།
ལྗོན་ཤིང་དེ་ཡི་ལོ་མ་སེར་པོར་གྱུར།།
གམ་དུ་དར་མ་ཡར་གསེག་ཅིག་གིས་ནི།།
རྡོག་ཁྲེས་ས་ལ་བཞག་ནས་ངལ་གསོས་ཏེ།།
གདོང་གི་རྔུལ་ཆུ་འབྱིད་བཞིན་དུ་བ་འཐེན།།
 དེ་ནས་དགུན་གྱི་རྣམ་པ་མདུན་དུ་སླེབས།།
ལྗོན་ཤིང་དེ་ཡི་ལོ་མ་ས་ན་རུལ།།
གམ་དུ་བགྲེས་སོང་ཞིག་གི་དུར་ས་ནི།།
སྐྱ་གོག་ཐལ་ལེར་འཁྱག་པས་བཅིངས་པ་ལ།།
ལྷགས་རླུང་རྒོད་པོ་ཡུག་ཡུག་ལྡང་ཞིང་འཚུབ།།
མཐའ་མར་བདག་ནི་འཆར་ཡན་ཀློང་ནས་བུད།།
ལོ་མའི་སྟེང་དུ་སྙན་ཚིག་ཅིག་བྲིས་ཏེ།།
འབྲི་དེབ་བར་དུ་བཞག་ནས་རྟེན་དུ་ཉར།།
་ཡི་དབང་མེད་འཁྱམས་པའི་ལས་དབང་ལས།།
རང་གིས་རང་ཉིད་བོར་བ་གློ་བུར་རྙེད།།

                                                                2017.9.7

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1