གཙོ་ངོས།>> ཞིབ་འཇུག>>ལོ་རྒྱུས།

རྒྱལ་མོ་འབྲུག་པ། རྩོམ་སྒྲིག་པ།ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། སྤེལ་དུས། ༢༠༡༨ལོའི་ཟླ་བ་༠༣ཚེས་༢༦ཉིན།

༄༅།། བོད་ཀྱི་ལོ་རྒྱུས་སྟེང་གི་སྒ་འ་ཞའམ་འ་ཞ་རྒྱལ་ཕྲན་གྱི་སྐོར་ལ་དཔྱད་པ།


            དེ་ཡང་བོད་ཀྱི་ལོ་རྒྱུས་ཡིག་ཚང་རྙིང་པ་དང་རྒྱལ་རབས་ཆོས་འབྱུང་རྣམས་སུ་སྒ་འ་ཞའམ་སེ་འ་ཞ་ཞེས་སྐབས་སྐབས་སུ་མཐོང་རྒྱུ་ཡོད་ལ། ཡང་བོད་ཀྱི་རྡོ་རིང་ཡི་གེ་དང་ཏུན་ཧོང་གི་ཡིག་རྙིང་སོགས་སུའང་འ་ཞ་རྗེ་དང་དབོན་འ་ཞ་རྗེའམ་འ་ཞའི་ཡུལ་ཟེར་བའི་མིང་དང་ལོ་རྒྱུས་མང་དུ་འབྱུང་བ་དང་། དེ་མིན་རྒྱའི་ཡིག་ཚང་ནང་བཀོད་པའི་ཐུའུ་ཡུས་ཧུན་ཟེར་བའི་ལོ་རྒྱུས་ལ་ཡང་དེང་སང་གི་བོད་རྒྱའི་འགྱུར་ཡིག་ནང་འ་ཞ་ཞེས་བཀོད་ཡོད་པ་དང་། ཡང་རང་རེའི་ཡིག་ཚང་རྙིང་པ་རྣམས་སུ་རྒྱའི་ཟེར་བའི་ཐུའུ་ཡུས་ཧུན་ལ་སྐབས་འགར་ཐུ་ལུ་ཧུན་དང་ཡང་ལ་ལར་གྲུ་གུ་ཞེས་ཀྱང་བཀོད། དེས་ན་བོད་ཀྱིས་འ་ཞར་འབོད་པའི་རིགས་རུས་དེ་དང་ཐུ་ལུ་ཧུན་ཟེར་བ་གཉིས་ཡང་སྙིང་འབྲེལ་བ་གང་ཞིག་ཡོད་འདོད་ན་འདིར་ཅུང་ཟད་དཔྱད་དེ་བརྗོད་པར་བྱའོ །      
            དང་པོ། སྒ་འ་ཞའམ་སེ་འ་ཞའི་སྐོར་བཤད་པ།
            སྤྱིར་བོད་ཡིག་གི་ལོ་རྒྱུས་ཡིག་ཆ་མང་ཆེ་བའི་ནང་འ་ཞ་ནི་གཙོ་བོ་བོད་ཀྱི་རིགས་རུས་ཆེན་པོ་བཞིའི་ནང་ཚན་སེའི་ནང་གསེས་ཀྱི་སྒའི་རྒྱུད་པ་ཡིན་པར་བཤད་དེ། བོད་ཀྱི་ལོ་རྒྱུས་ཡིག་རྙིང་《མིའུ་རིགས་བཞི་ལྷ་སེལ་ལྷ་མཆོད་རྒྱས་པ་》ཞེས་པར། “མི་ལ་མིའུ་རིགས་བཞི་སྲིད།……སེ་དང་འ་ཞ་གཉིས།”ཞེས་དང་། ཡང་“སེ་འ་ཞའི་ལྷ་སྐལ་དུ། ཐོག་ཐོག་ལྕམ་དྲལ་ཐོབ།”①ཅེས་བཀོད་ཡོད་ལ། 《རུས་ཡིག་སྣ་ཚོགས་པ་པད་མ་དཀར་པོའི་སྐྱེད་ཚལ་》ཞེས་པ་ལས།“གནའ་བོའི་རྗེ་གཉའ་ཁྲི་བཙན་པོ་ཡན་ཆད་ཀྱི་རྒྱལ་ཕྲན་བཅུ་གཉིས་བྱུང་བ་དེ་རྣམས་ཡུལ་མི་ཉག་ནས་ལྡོང་རིགས་དང་། དེ་བཞིན་སུམ་སྟ་ནས་འབྲི་རིགས། ཞང་ཞུང་ནས་སྦྲ། འ་ཞ་ནས་སྒ་བྱུང་སྟེ་བོད་ཀྱི་རྒྱལ་པོ་རེ་མཛད་པའི་མི་རྒྱུད་ནས་མཆེད་པ་ལྟར།”②ཞེས་དང་། ཡང་“ཇི་སྐད་དུ། སྒ་ཡིག་ཚངས་ཅན་ཞེས་སློབ་གཉེར་ལ་མཁས་ཞེས་དང་། གནའ་སྒྲུང་ལས། ཐང་ཡངས་པོ་གསུམ་ནི་སྒ་ལ་ཐོབ། སྒ་བེའུ་མང་བ་དེ་ཡི་དོན། ཞེས་སྒྲུང་གླུ་འདི་དག་གི་དོན་ནི་དཔེ་ཐོབ་ཀྱི་གླུ་དང་། དོན་ཐོབ་ཀྱི་གླུ་གཉིས་ཏེ་བཞི་རུས་ཆེན་བཞི་ལ་ཡོད་པ་ལས། སྒ་འདི་ལ་དོན་ཐོབ་ཀྱི་གླུ་ཡིན་ལ། ཐང་ཡངས་པོ་གསུམ་ནི་བར་ཁམས་འདི་ཁམས་གཡར་མོ་ཐང་དང་། བྱང་དཀར་མོ་ཐང་། མདོ་སྨད་དུ་ཙོང་ཀ་ལ་གྱི་ཐང་དང་གསུམ་ཡིན་ལ། དེ་རྣམས་སྒ་ལ་ཐོབ་ལ། དེ་རྣམས་སུ་འབྲོག་བེའུ་ལུག་སྐྱོང་བ་དག་གི་རྗེ་དཔོན་མཛད་པ་ཡིན་ཏེ།”③ཞེས་འ་ཞའི་རུས་སྒ་དང་འ་ཞའི་ཡུལ་མདོ་སྨད་དུ་ཡོད་ཚུལ་གསལ་པོར་བཀོད་ཡོད་པ་དང་། ཡང་《རུས་ཡིག་པད་དཀར་》དེ་ཉིད་དུ་གཏོ་ཕུག་ལུང་དྲངས་པའི་ཚིག་དུའང་“མི་ནི་མི་ཉག་ལྡོང་། མི་ནི་སོ་སྟོང་སུམ་པ། མི་ནི་སེང་རྒ་(སེ་སྒ་)འ་ཞ།” ①ཞེས་དང་། ཡང་“དམུ་ཚ་སྒ་བུ་དགུའི་གདུང་རྒྱུད་ཡོད་ལ། བུ་དགུ་ནི་སྒ་ཨ་གྲོ་དང་། སྒ་ཨ་རིག་དང་། སྒ་ཨ་འབྲུག་དང་། སྒ་ཨ་ཁྲོམ་དང་། སྒ་ཨ་ཤིང་(འ་ཞ་)སོགས་ཡིན་ལ།”②ཞེས་དང་། དེ་མ་ཟད་མདོ་སྨད་དུ་སྒ་རིགས་ཡོད་ཚུལ་ནི་དེ་ཉིད་ལས། “སྒ་རིགས་བྱང་དཀར་པོ་ཐང་གི་བདག་པོ་ནི་ཨ་རིག་གི་རྗེ་དཔོན་ཐམས་ཅད་ཡིན་ལ། བྱང་དཀར་པོ་ཐང་ཟེར་བ་ནི་ཨ་རིག་དཀར་པོ་ཐང་ཡིན་ལ། དེར་ཨ་རིག་དང་། ཨ་འབྲུག་གཉིས་ཀྱི་གདུང་རྒྱུད་ཀྱི་རིགས་དེར་ཆགས་པ་ལ་ཨ་རིག་གི་རྗེ་ཐམས་ཅད་དང་། ཨ་འབྲུག་གི་ཕྱིས་སུ་འབྲུག་ཟེར་བའི་རིགས་དེ་ཡིན་ནོ། །......སྒ་ཨ་ཤིང་གི་གདུང་རིགས་ཀྱང་མདོ་སྨད་ཙོང་ཁ་ལ་གྱི་ཐང་ཕྱོགས་ན་ཡོད་དོ་། །”③ཞེས་སོགས་ཡི་གེར་བཀོད་པ་མང་ལ་གསལ་ཞིང་ཞིབ་པར་ཡོད་དོ། །
            སྤྱིར་རང་རེའི་ལོ་རྒྱུས་རྣམས་སུ་བོད་མི་རྣམས་བོད་ཡུལ་འདིར་བྱུང་ཚུལ་ནི་ཐོག་མར་རུས་ཆེན་ཁག་ལས་འ་ཞ་ནི་སེའི་རིགས་ཀྱི་ནང་ནས་སྒ་ལས་མཆེད་པར་འདོད་པ་དང་། ཡང་རུས་ཆེན་སེ་ཞེས་པ་《བཀའ་ཆེམས་ཀ་ཁོལ་མ་》ལས། བོད་མིའི་ཐོག་མ་བྱུང་ཚུལ་བརྗོད་སྐབས། དེར་མེས་པོ་སྤྲེའུ་སྒོམ་གྱིས་བུ་ཚ་བོ་ཡང་ཚ་རྣམས་བརྟག་གཞི་བྱས་པས། “ཚན་པ་གཅིག་ནི......དེའི་འོག་མ་ནི་མགོ་སེ་ཡང་ངེ་བྱས་པ་ཞིག་བྱུང་ནས། མིང་རུས་སེ་བྱ་བར་བཏགས་ཏེ། སེ་ལ་འཇུག་ལེ་སྤུན་དགུ་བྱ་བ་བྱུང་ངོ་། །......ལྡོང་དང་སྟོང་གཉིས། སེ་དང་སྨུ་གཉིས་ཏེ་ནང་གི་མིའུ་རིགས་བཞི་བྱ་བར་གྲགས་ཏེ། བོད་ཡུལ་ཁ་བ་ཅན་གྱི་མི་ལ་སྔ་བ་ཡང་དེ་རྣམས་ཡིན་ནོ། །”①ཞེས་རུས་སེ་བྱ་བ་ཐོག་མར་སེའི་མི་རྒྱུད་མགོ་སེ་ཡང་ངེ་བ་ཞིག་ཡོད་པས་འདྲ་བ་རྒྱུ་མཚན་དུ་བྱས་ནས་མིང་ཐོགས་ཚུལ་བཀོད་འདུག་ལ། དེ་མིན་སྔར་གྱི་ཡིག་རྙིང་གཞན་དག་རྣམས་སུའང་སྒ་པའི་རུས་ཁུངས་ཀྱང་བོད་ཀྱི་རྩ་བའི་རུས་ཆེན་བཞིར་གྲགས་པའི་ནང་ཚན་སེ་ལ་ཐུག་པར་བཤད་དེ། བོན་གྱི་ཡིག་རྙིང་《སྲིད་པ་རྒྱུད་ཀྱི་ཁ་བྱང་ཆེན་མོ་》ཞེས་པ་ལས། “དེ་ནས་སེ་འ་ཞའི་ཡུལ་དུ། བོན་དང་གཤེན་མ་མཆིས་ན། མི་ནི་སྲིད་པའི་སེ་རྒྱལ་འུད་དཀར་དང་། དྲང་རྒྱལ་ཁམ་ནག་བྱ་བའི། གཤེན་རབ་ཅང་ཤེས་རྟ་ཡི་ཁྲི་ལ་སྤྱན་དྲངས་ནས། བོན་མཚན་གསོལ་བ། གར་འུ་ལྗོན་དཔལ་དང་། སླུ་འུ་དག་པར་མཚན་བཏགས། མི་ནི་སེ་ཇུ་ལེ་སྤུན་བཞི་ཡིན། གཡུང་དྲུང་གི་བོན་ནི་བསེའི་ཤོག་ཐོག་ལ་ལྕགས་ཀྱི་སྣག་ཚས་བྲིས། གཏོ་ཐབས་ནི་སོག་དང་རི་མོ་ལ་བཅོད། རྔའི་རྡུང་ཐབས་ནི། ལྷག་རླུང་བང་མགྱོགས་ལ་དཔེ་ལེན། རིན་ཆེན་རྟའི་ཁྲི་ལ་རང་བཞིན་རིན་པོ་ཆེའི་འོད་གསལ་བ་དེ། གཤེན་ལ་ལམ་ལམ་འབར་དངོས་གྲུབ་ཐམས་ཅད་རང་ལ་འབྱུང་བར་བསྒྲུབས།”② ཞེས་དང་། ཡང་“དེ་ནས་ཡང་སེ་བོན་གནམ་ལྕགས་ཡེར་བས་སེ་ལ་རོ་བག་མང་པོ་དར་བའི་ཚེ། ཞག་གསུམ་གོང་ནས་སེལ་བཏབ་ནས། ལྷ་སྲིད་མིའི་རྒྱུད་རྣམས་སྤེལ།......སེ་ཇུ་ལེ་བུ་བཞི་དང་སེ་བྲན་བརྒྱད་བཅུ་རྩ་གཉིས་མི་རབས་རྒྱུད་དུ་སྤེལ། སེ་རིགས་མང་པོ་ལ་དྲིན་བཏགས་སོ། །”③ཞེས་དང་། ཡང་“དེ་ནས་སེ་འ་ཞའི་ཡུལ་དུ་བྱོན། སེ་བོན་གནམ་ལྕགས་ཡགས་པ་ལ། ཕྱི་དོན་དུ་སེ་གྱུར་གར་ནག་ལ་སོགས་བསྟན། ནང་དོན་དུ་སེ་འ་ཞའི་སྐད་དང་མཐུན་པའི། འབྲས་བུ་ཆུད་མི་ཟ་བའི་བོན། སེམས་ཉིད་གཏན་ལ་ཕབ་ཅིང་བསྟན།”①ཅེས་སོགས་བཀོད་ཡོད་པ་དང་། གོང་གི་སེ་ཇུ་ལེ་བུ་བཞི་ཟེར་བ་དེ་ཡང་བོད་ཀྱི་ཡིག་རྙིང་《བཤད་མཛོད་ཡིད་བཞིན་ནོར་བུ་》ཞེས་པར་“སེ་བྱུ་ལེགས་ཀྱི་བུ་བཞི་ནི། །སེ་གོང་རྒྱལ་ནང་རྗེ་དང་གཅིག །འགྲོ་གང་ཉེར་བ་སེ་དང་གཉིས། །འོ་གོག་བཙན་གསུམ་སེ་དང་གསུམ། །འོག་མ་བདེ་སྟོང་སེ་དང་བཞི། ། སེ་བྱུང་ལེགས་ཀྱི་བུ་བཞི་ཡིན།།”②ཞེས་བཀོད་ཅིང་། ཡང་《བསྒྲགས་པ་གླིང་གྲགས་》བྱ་བའི་ནང་དུ། “འ་ཞ་གསང་བ་མདོའ་བསྡུད་ལ།།གསང་སྒོམ་དུས་ལས་མ་ཡོལ་དང་།།”ཞེས་དང་། ཡང་“སེ་འ་ཞའི་ཡུལ་དུ་སེ་བོན་གནམ་ལྕགས་ལ། དགྲ་ལ་ཐོག་སེར་འབབ་པའི་རྫུ་འཕྲུལ་བསྟན།”ཅེས་དང་། ཡང་“སེ་འ་ཞའི་བོན་པོ་ས་ལ་མངའ་ཆེ་སྟེ། བོན་གཤེན་གྱི་གླུད་ལ་གྱེར་ཙམ་ན། ཁམས་ས་ཡི་མི་རོ་ང་འགྲོས་བྱེད་ནུས་སོ། །”@ཞེས་སོགས་བཀོད་ཅིང་། གཞན་ཡང་《བཀའ་ཐང་སྡེ་ལྔ་》ལས། “རྒྱལ་པོ་གྲི་གུམ་བཙན་པོའི་སྐུ་རིང་ལ། །ཏ་ཟིག་འ་ཞའི་བོན་པོ་གདན་དྲངས་ནས། །......གསོན་གྱི་ལྷ་མཆོད་གཤེན་གྱི་འདྲེ་འདུལ་བྱུང་། །”④ ཞེས་སོགས་འ་ཞའི་བོན་དང་འ་ཞའི་ཡུལ་དུ་བོན་ལུགས་དར་ཚུལ་དང་བོན་གྱི་གྲུབ་ཐོབ་བྱོན་ཚུལ་གྱི་ལོ་རྒྱུས་བཀོད་འདུག་པ་དུམ་བུ་དུམ་བུ་མང་པོ་མཐོང་རྒྱུ་མང་པོ་ཡོད་ལ། འདིར་ཏ་ཟིག་འ་ཞའི་བོན་ཟེར་བ་ནི་དུས་ཕྱིས་ཀྱི་བོན་ལུགས་པའི་འདོད་པ་ལྟར་ཏ་ཟིག་ཁྱེར་ནས་འ་ཞའི་ཡུལ་དང་མཉམ་དུ་སྦྱར་བ་མ་གཏོགས་འ་ཞའི་ཡུལ་ཏ་ཟིག་ཏུ་ཡོད་པར་གོ་མི་རུང་ངོ་། །   
            དེ་ལྟར་《རྒྱ་བོད་ཡིག་ཚང་ཆེན་མོའི་》ནང་དུའང་“བོད་མ་གསུམ་བུ་དྲུག་ས་བགོས་བྱས། །……ལྒ་ཡིས་ལྒར་མ་མེ་བོ་ཐོབ། །ཕྱུགས་གཡང་མོའི་མཁལ་ཚིལ་མ་ཞུ་བ། །རྨུ་ཚ་ལྒ་ཡི་བུ་རྒྱུད་ཡིན། །……ལྒ་ལ་བྱེས་པ་དང་ཡུལ་པ་གཉིས། །ལྟག་རུས་ཡུལ་སྟག་འབྲོག་སྟག་གཉིས། །”① ཞེས་སོགས་འབྱུང་ལ། ཡང་《ལྡེའུ་ཆོས་འབྱུང་རྒྱས་པ་》ལས་ཀྱང་སྲོང་བཙན་སྒམ་པོས་བོད་ཡུལ་སྟོད་སྨད་བར་གསུམ་གྱི་དཔའ་སྡེ་བསྐོས་ལུགས་བརྗོད་སྐབས། “སྨད་ཀྱི་དཔའ་སྡེ་ནི། རྨའི་སྤོམ་རས་མར་བཅད། བཀའ་ཐང་ཀླུ་རྩེས་ཡར་བཅད། ལོམ་ཤི་རྒྱ་མཁར་ལ་སོ་མཚམས་གཏད་པའི་ཡུལ་དེ་ན། གནས་པའི་མཐོང་ཁྱབ་སྲིད་སྡེ་དགུའི་སྟེང་དུ་བཞི་ཞ་②སྡེ་དྲུག་བསྣན་པ་ལ། རྒྱའི་སོ་མཁར་བྱང་གི་བར་ལ་རྟ་པ་དགུ་སྒྲིལ་རྒྱུག་ཏུ་བཏུབ་པའི་ནང་ན། མི་སྤེ་ཐུང་ཙམ་པས་དགྲ་སྟའི་ཁ་ཁྲུ་རེ་ཙམ་ཐོགས་ནས། འཐབ་པའི་ཚེ། ལྡོང་སྟོང་གི་བུ་དོར་ཏེ་ཕྱུག་མཚམས་ཀྱིས་དཔོན་བྱས་ནས། དཔའ་རྟགས་སུ་རལ་གྲིའི་ཤུབས་བཅག །ཁ་ཆེམས་ཉེ་བ་ལ་བཞག །བུ་སྨད་གྲོང་པ་ལ་བཅོལ་ནས། ཕྱིར་མི་ལྡོག་པའི་བསམ་པ་དང་བཅས་ནས། དཔའ་བོ་ཡི་མདུང་ཁ་བྱེད་པས་ན་དཔའ་བའོ། །གཏན་དུ་དགྲ་ཐུབ་པ་ནི་ལྡོང་སྟོང་གཉིས་སོ། །རྨུ་དང་སེས་མི་རབས་རེ་རེ་ལས་མ་ཐུབ་སྐད་དོ། །”③ཞེས་ཀྱང་བཀོད་ལ། ལུང་འདིའི་ནང་ཡི་གེ་འགའ་རེའི་མིང་དོན་གོ་རྒྱུ་མེད་པ་འདྲ་བ་དང་། ཡང་འ་ཞ་ལ་བཞི་ཞ་ཞེས་མི་མཐུན་པ་འགའ་རེ་བྲིས་འདུག་པ་ཡོད་མོད། འོན་ཀྱང་ནང་དོན་གཙོ་བོ་ནི་དོན་ཚན་གཉིས་ཏེ། གཅིག་ན་སྨད་ཀྱི་དཔའ་སྡེའི་མངའ་ཁོངས་ནི་མཐོང་ཁྱབ་སྲིད་སྡེ་དགུ་དང་འ་ཞ་སྟོང་སྡེ་དྲུག་གི་ཡུལ་ཡིན་ཚུལ་བསྟན་འདུག་པ་དང་། གཉིས་ན་རྨུ་དང་སེའི་རིགས་རྒྱུད་ཀྱིས་མི་རབས་རེ་ཙམ་ལས་དཔའ་མ་ཕྱིན་པས་ན། རུས་ལྡོང་སྟོང་གི་དམག་མི་མཐའ་མཚམས་སུ་མཆེད་ནས་དཔའ་ཚུལ་བཀོད་ཡོད་པ་འདི་ཡིན་ནོ། །
            ཡང་ཚང་མས་མཁྱེན་གསལ་ལྟར་བོད་རྒྱལ་སྟག་རི་གཉན་གཟིགས་ཀྱི་ལོ་རྒྱུས་སྐབས་སུ་བོད་དང་འ་ཞའི་བར་འབྲེལ་གཏུག་བྱུང་ཚུལ་གཏམ་རྒྱུད་ལྟ་བུའི་ཚུལ་དུ་བརྗོད་ཡོད་དེ། 《ཆོས་འབྱུང་མཁས་པའི་དགའ་སྟོན་》དུ། “ལྷ་སྲས་དམུས་ལོང་དཀོན་པ་བཀྲ་དེ་ཡིས། །གཉན་པོ་གསང་བ་མཆོད་པའི་བྱིན་རླབས་དང་། །འ་ཞའི་ཡུལ་གྱི་སྨན་པས་སྤྱན་ཕྱེ་སྟེ། །སྟག་མོའི་རི་ལ་རི་དྭགས་གཉན་གཟིགས་པས། །མཚན་ཡང་སྟག་རི་གཉན་གཟིགས་བཙན་དུ་ཐོགས། །རྒྱལ་ཕྲན་འ་ཞ་རྗེ་བྱ་བ་སྨན་པ་མཁས་པ་ཅིག་བོས་པས་སྤྱན་ཕྱེ། རྒྱལ་བུའི་ཕྱགས་སྒོ་ཀླད་དུ་བཏགས་པའི་འོག་ཏུ་འ་ཞ་རྗེས་འཛུལ། ལོག་ནས་མས་གཏམ་དྲིས་པས། བོད་ཀྱི་རྒྱལ་པོ་ནི་མ་མཐོང་། སྒོ་གོང་ན་གཡུའི་ལྷམ་ཆུང་ཞིག་བཏགས་འདུག་པའི་འོག་ལ་ཕྱིན་པས་བྱིས་པ་དམུས་ལོང་ཞིག་འདུག་པའི་མིག་ཕྱེ་ནས་ལོག་གོ་སྨྲས་པས་མ་ན་རེ། གཏམ་ཆེས་སོ་ད་ནི་བོད་ཀྱི་ཆབ་འོག་ཏུ་ཚུད་པས་ཐབས་ཅི་ཡང་མེད་དོ་ཟེར། རྒྱལ་ཕྲན་རྣམས་ཀྱི་སུམ་གཉིས་མངའ་འོག་འདུས། བན་པ་རྗེ་འུ་[ལ]ཞ་རྗེ་དྲང་གར་རྗེ། ཟིན་པོ་རྗེ། ཞང་ཞུང་རྗེ་རྣམས་བཏུལ། ཉང་སྦས་གནོན་གསུམ་འབངས་སུ་ཆུད་སྐད།”①ཅེས་གཏམ་རྒྱུད་ཙམ་ཅུང་ཟད་རྒྱས་པ་ཞིག་བཀོད་འདུག་ནའང་། དེ་ལས་དོན་སྙིང་ལེན་རྒྱུ་ནི་གཅིག་ན་བོད་ཡིག་དཔེ་རྙིང་དུ་དང་པོ་འ་ཞ་རང་གི་རྒྱལ་ཕྲན་དུ་ངོས་བཟུང་ནས་དེའི་སྐོར་ཞིབ་ཕྲ་བཀོད་པ་དང་། གཉིས་སུ་འ་ཞ་རྗེ་དང་བོད་བཙན་པོའི་བར་དེ་དུས་ནས་འབྲེལ་གཏུག་བྱུང་ཡོད་པས་མི་ཚད་འ་ཞ་བོད་བཙན་པོའི་ཆབ་འབངས་སུ་ཐོབ་པའམ་མ་འོངས་པར་ཐོབ་པའི་བརྡར་བསྟན་པ་དེ་ཡིན་ལ། བོད་ཀྱི་ལོ་རྒྱུས་ལྟར་ན་བཙན་པོ་སྟག་རི་གཉན་གཟིགས་ཡབ་སྲས་ཀྱི་རིང་ནས་བོད་དང་འ་ཞ་འབྲེལ་བ་བྱུང་བར་མ་ཟད། བོད་རྒྱལ་སྲོང་བཙན་གྱི་སྲས་གུང་སྲོང་གི་བཙུན་མོའང་འ་ཞ་བཟའ་ཡིན་པར་བཤད་དེ། ཚུལ་དེ་ 《ཆོས་འབྱུང་མཁས་པའི་དགའ་སྟོན་》དུ། “གུང་སྲོང་འདི་ཡབ་ཀྱི་ང་གསུམ་བཞེས་པ་ལྕགས་མོ་སྦྲུལ་ལ་འཁྲུངས། ལོ་བཅུ་གསུམ་ན་རྒྱལ་སར་བསྐོས། བཙུན་མོ་འ་ཞ་བཟའ་མང་མོ་རྗེ་ཁྲི་དཀར་ཁབ་ཏུ་བཞེས་པ་ལ་སྲས་མང་སྲོང་མང་བཙན་འཁྲུངས།”① ཞེས་བཀོད་ཅིང་། བོད་ཡིག་གི་ལོ་རྒྱུས་སྔ་ཤོས་《ལྡེའུ་ཆོས་འབྱུང་རྒྱས་པ་》ལས་མཐའ་འདུལ་ཡང་འདུལ་གྱི་གཙུག་ལག་ཁང་བཞེངས་པའི་གྲས་སུའང་“འདོ་ཁམས་སུ་ཀློང་ཐང་དཔལ་འབྱུང་། འ་ཞ་རུ་ཀེ་རུ་དཔལ་འབྱུང་།”②ཞེས་མདོ་ཁམས་དང་འ་ཞའི་ཡུལ་སོ་སོར་གཙུག་ལག་ཁང་བཞེངས་ཚུལ་བཀོད་ཡོད་ལ། དེ་མཚུངས་ 《དབའ་བཞེད་》དུའང་སྲོང་བཙན་སྐབས་བཞེངས་པའི་མཐའ་འདུལ་ཡང་འདུལ་གྱི་གཙུག་ལག་ཁང་བཞེངས་པའི་གྲས་སུ་“མདོ་ཁམས་སུ་གློང་ཐང་སྒྲོལ་མ། འ་ཞར་ཀེའུ་གཟི་མདངས།”③ ཞེས་ཀྱང་བཀོད་འདུག ། དེ་མིན་བོད་ཡིག་གི་ལོ་རྒྱུས་གཞན་པ་《ཉང་ཆོས་འབྱུང་》དུའང་བོད་ཀྱི་ཡི་གེ་གསར་སྐྲུན་གནང་སྐབས་འ་ཡིག་བྱུང་ཚུལ་གྱི་གཏམ་རྒྱུད་དུ་རིགས་ནི་འ་ཞ་ཞེས་བཀོད་ཡོད་པ་སོགས་དང་། སྒོས་སུ་བོན་གྱི་བསྟན་འབྱུང་རྣམས་སུ་སྟོན་པ་གཤེན་རབ་ཀྱི་འཁྲུངས་རབས་བརྗོད་སྐབས། འ་ཞ་གསང་ཐུབ་ཤར་ཕྱོགས་ཞི་བ་འོད་ནས་རབ་ཏུ་བྱུང་། འཇིག་རྟེན་འདི་རུ་བྱོན་པའོ། ། ཞེས་སོགས་དང་། ཡང་འ་ཞའི་སྐྱེས་བུ་གསང་བ་མདོ་སྡུད་གཙོས་བོན་ལུགས་མཁས་གྲུབ་མང་པོ་བྱོན་ཚུལ་དང་། བོད་དང་འ་ཞ་འབྲེལ་གཏུག་བྱུང་ཚུལ་དང་འ་ཞའི་ཡུལ་དུ་བོན་དར་བའི་སྐོར་སོགས་སྐབས་སྐབས་སུ་བཀོད་པ་མང་པོ་མཐོང་རྒྱུ་ཡོད་ཚད་འདིར་ལུང་འདྲེན་ལོང་མེད་ལ། ཞིབ་པར་དེ་རིགས་དང་ཁྱད་པར་ཉེ་སྔོན་འབུམ་རམས་མཁས་གཞོན་ཤ་བོ་ཀླུ་རྒྱལ་གྱིས་སྤེལ་བའི་འ་ཞའི་སྐོར་གྱི་དཔྱད་རྩོམ་①སོགས་ལ་གཟིགས་པར་འཚལ།  
            ཡང་རྒྱའི་ཡིག་ཐོག་ཏུ་བྲིས་པའི་ཐུའུ་ཡུས་ཧུན་(吐谷浑)གྱི་ལོ་རྒྱུས་ལྟར་ན། ཞན་པེའམ་ཐུའུ་ཡུས་ཧུན་ནི་ཀྲུང་གོའི་རྒྱལ་ཁབ་ཀྱི་གནའ་བོའི་བྱང་ཤར་ཕྱོགས་ཀྱི་མི་རིགས་ཤིག་ཡིན་ལ། སྤྱི་ལོ་དུས་རབས་བཞི་པའི་དུས་མགོར་ཐུའུ་ཡུས་ཧུན་ཚོ་པ་དེ་ལིའོ་ཏུང་ས་ཆའི་ཞན་པེ་མུའུ་རུང་ཚོ་ཁག་ནས་དུད་ཁྱིམ་ཆིག་སྟོང་བདུན་བརྒྱ་ཙམ་ཁ་གྱེས་ཏེ་ནུབ་ཏུ་བསྐྱོད་ནས་དེང་སང་གི་ནང་སོག་ས་ཆའི་ཡན་ཧྲན་རི་བོའི་རྒྱུད་དུ་སྤོས། དེ་ནས་སྤྱི་ལོ་313ཡས་མས་ལ་ཡང་བསྐྱར་ལྷོར་ཕྱོགས་ཏེ་ལུང་ཧྲན་རི་བོ་བརྒྱུད་དེ་དེང་སང་གི་ཀན་སུའུ་ཞིང་ཆེན་གྱི་ཀ་ཆུའི་ནུབ་བྱང་ཐད་ཀྱི་ཧྥུའུ་ཧན་(袍罕)ཟེར་སར་གཞིས་ཆགས། དེ་ནས་ཡུན་རིང་མ་སོང་བར་ཡང་བསྐྱར་ལྷོ་ནུབ་ཕྱོགས་སུ་ཡུལ་རྒྱ་བསྐྱེད་ནས་མདོ་སྨད་ལྷོ་རྒྱུད་དེང་སང་གི་ཀན་ལྷོ་ཁུལ་དང་རྔ་པ་ཁུལ། མཚོ་སྔོན་ས་ཆའི་གཏན་སྡོད་ཡུལ་མི་ཏི་པ་དང་ཆཱང་པའི་རིགས་རྣམས་ལ་དབང་བསྒྱུར། དེ་ནས་ཚོ་དཔོན་ཐུའུ་ཡུས་ཧུན་གྱི་ཚ་བུ་མིང་ལ་ཡེ་ཡན་(སྤྱི་ལོ་329-351བར་)ཟེར་བའི་སྐབས་སུ་གཟོད་ཐུའུ་ཡུས་ཧུན་གྱི་སྲིད་དབང་འཛུགས་མགོ་བརྩམས་ཏེ། ཡབ་མེས་ཀྱི་མིང་ཐུའུ་ཡུས་ཧུན་ཟེར་བ་རང་ཉིད་ཀྱི་རུས་སུ་བཟུང་ནས་རང་གི་ཚོ་པ་དང་རྒྱལ་ཁབ་གྱི་མིང་དུ་བྱས་ཟེར། ཐུའུ་ཡུས་ཧུན་གྱི་སྲིད་དབང་དར་བའི་རྩེར་སོན་སྐབས་མངའ་ཁོངས་ནི་ཤར་དེང་སང་གི་ཀན་སུའུ་ལྷོ་རྒྱུད་དང་སི་ཁྲོན་གྱི་ནུབ་བྱང་དང་། ལྷོ་མཚོ་སྔོན་པོའི་ལྷོ་རྒྱུད་ལ་ཐུག་པ་དང་། ནུབ་ཞིན་ཅང་གི་ནོབ་ཆེ་ཆུང་(若羌)དང་ཁྱའེ་མད་(且末)བར་དང་། བྱང་མདོ་ལ་རིང་མོ་དང་ཀན་ལིང་ཤིས་གསུམ་བར་ཡིན་ཟེར་ལ། དུས་ཕྱིས་ཀྱི་ཆབ་སྲིད་ལྟེ་གནས་ནི་མཚོ་སྔོན་པོའི་ནུབ་ཕྱོགས་ལེ་དབར་བཅོ་ལྔ་ཙམ་ན་རྒྱ་སྐད་དུ་ཧྥུ་ཆི་ཁྲིན་(伏俟城)ཟེར་བ་བོད་པས་འ་ཞའི་རྒྱལ་མཁར་རམ་ཐེབ་རྒྱའི་རྒྱལ་མཁར་འབོད་པ་དེ་ཡིན་འདུག་ཟེར། ཡེ་ཡན་གྱིས་དུས་རབས་བཞི་པའི་ནང་ཐུའུ་ཡུས་ཧུན་གྱི་སྲིད་དབང་བཙུགས་པ་ནས་སྤྱི་ལོ་663པར་ཐུའུ་ཡུས་ཧུན་བོད་བཙན་པོས་ཆབ་འོག་ཏུ་བཅུག་པའི་བར་དུ་སྔ་ཕྱིར་ལོ་ངོ་སུམ་བརྒྱ་ལྷག་ལ་ཐུའུ་ཡུས་ཧུན་རྒྱལ་ཁབ་གནས་པར་བཤད། དེའི་རྗེས་སུ་ཐུའུ་ཡུས་ཧུན་གྱི་རིགས་རྣམས་དེང་སང་གི་མཚོ་སྔོན་དང་ཀན་སུའུ་ནུབ་ཕྱོགས་དང་། ཞིན་ཅང་གི་ནུབ་བྱང་དང་ཧྲའན་ཞིའི་ནུབ་བྱང་དང་ཧྲན་ཞི་དང་ཧོ་པེ་བྱང་ཕྱོགས་བཅས་སུ་ཐོར་ནས་བསྡད་པར་བཤད་ལ། རྒྱའི་སུང་བྱང་མའི་དུས་ནས་བཟུང་རྒྱའི་ཡིག་ཚང་ནང་ཐུའུ་ཡུས་ཧུན་གྱི་ལོ་རྒྱུས་མཐོང་རྒྱུ་མེད་ཟེར། དེར་མཚོ་སྔོན་དང་ཀན་སུའུ་ཕྱོགས་སུ་ལུས་ཏེ་སྡོད་པའི་ཐུའུ་ཡུས་ཧུན་གྱི་རིགས་དེ་རིམ་གྱིས་བོད་དང་སོག་རིགས་ཀྱི་ཁྲོད་དུ་འདྲེས་སོང་བའི་ལྷག་མ་རྣམས་ཕྱིས་རང་རྒྱལ་གྱི་མི་རིགས་གྲངས་ཉུང་ཁྲོད་དུ་དེང་སང་ཧོར་རིགས་སུ་འབོད་པ་འདི་བྱུང་བ་རེད་①ཅེས་བཤད་ལ། རྒྱའི་ལོ་རྒྱུས་སྨྲ་བ་རྣམས་ཀྱང་ལུགས་འདི་ལྟར་འདོད་པ་ཤུགས་ཆེ་མོད། འོན་ཀྱང་ཡ་མཚན་ཞིག་ནི་གོང་ཏུ་རྒྱ་ཡིག་ནང་བཀོད་པའི་ཐུའུ་ཡུས་ཧུན་རྒྱལ་ཁབ་ཟེར་བ་རྣམས་བོད་པས་དུས་སྔ་མོ་ནས་འདི་ལ་འ་ཞ་དང་འ་ཞ་རྒྱལ་ཕྲན་ཞེས་འབོད་པ་ལས་རྒྱའི་ཡིག་ཚང་ནང་གི་ཐུའུ་ཡུས་ཧུན་ལ་ཐུ་ལུ་ཧུན་ཞེས་བཀོད་པས། བོད་རང་གི་སྔོན་བྱོན་མཁས་པ་དང་རང་གི་ཡིག་ཚང་རྣམས་སུའང་འ་ཞ་དང་ཐུ་ལུ་ཧུན་གཉིས་རྩ་བ་ནས་རིགས་གཅིག་ཏུ་མི་འདོད་དེ། དཔེར་ན་བོད་བཙན་པོའི་སྐབས་ཀྱི་ཏུན་ཧོང་གི་ཡིག་རྙིང་དུ་འ་ཞ་རྒྱལ་ཁབ་ཟེར་བ་ལས་ཐུ་ལུ་ཧུན་ཟེར་བའི་མིང་ཙམ་ཡང་མེད། བོད་རང་གིས་འ་ཞ་རྒྱལ་ཁབ་དེ་མི་རིགས་གཞན་ཞིག་ཏུ་གོ་མེད་པར་མ་ཟད་རང་ཉིད་དང་རིགས་རུས་གཅིག་པའི་རྒྱལ་ཕྲན་ཞིག་ཡིན་པར་འདོད་དེ། དཔེར་ན་བོད་ཡིག་ལོ་རྒྱུས་ནང་ཞང་ཞུང་དང་འ་ཞ་དང་མཆིམས་བཅས་རྒྱལ་ཕྲན་གྱི་གྲས་སུ་འགོད་སྐབས་སུམ་པ་དང་མི་ཉག་གི་གོང་དུ་བཀོད་ཡོད་པ་ལྟ་བུ་དང་། དེ་ལྟར་ཐུའུ་ཡུས་ཧུན་ཀྱི་རིགས་དེ་ལ་རང་རེའི་སྔོན་བྱོན་མཁས་པ་ཚལ་པ་ཀུན་རྡོར་པས་ཐུ་ལུ་ཧུན་དང་། བྲག་དགོན་པས་གྲུ་གུ་ཞེས་བཀོད་ཅིང་། དགེ་ཆོས་ཀྱིས་ཀྱང་དེ་ལ་དཔྱད་དེ་རང་ལུགས་བཀོད་ཡོད་པ་དེ་ཡིན་ལ། ཡང་རྒྱའི་ཡིག་རྙིང་དུ་ཐུའུ་ཡུས་ཧུན་ལ་བྱང་ཕྱོགས་པའི་རིགས་རྒྱུད་ཚོས་འ་ཞ་སྟེ་གདངས་འ་ཁྲའེ་(阿豺、 阿柴)ལྟ་བུ་ཞིག་འབོད་ཅེས་བཀོད་པ་ལས་ཀྱང་འ་ཞ་རྒྱ་ལ་ཁབ་ཀྱི་རིགས་རྒྱུད་གཙོ་བོ་ནི་སྒ་འ་ཞ་ཡིན་པ་གསལ་སེམས།
            སྤྱིར་གནའ་བོའི་ཐུ་ལུ་ཧུན་ཞེས་པའི་རྒྱལ་ཁབ་འདིའི་མིང་དགེ་རྒན་དོན་ གྲུབ་རྒྱལ་དང་སྐུ་ཞབས་ཁྲིན་ཆིན་དབྱིན་ལགས་གཉིས་ཀྱིས་《ཐང་ཡིག་》གསར་རྙིང་བསྒྱུར་སྐབས་རྒྱ་ཡིག་གི་ཐུའུ་ཡུས་ཧུན་(吐谷浑)ཞེས་པ་ཚུར་བོད་ཡིག་ཏུ་འ་ཞ་ཞེས་བསྒྱུར་བ་དང་། ཡང་ཏུན་ཧོང་ཡིག་རྙིང་ནང་གི་འ་ཞའི་རྒྱལ་ཁབ་ཅེས་པའི་མིང་དེ་རྒན་དབང་རྒྱལ་ལགས་ཀྱིས་ཕར་ཐུའུ་ཡུས་ཧུན་(吐谷浑)ཞེས་བསྒྱུར་འདུག་པས། དེང་སང་འ་ཞ་དང་ཐུའུ་ཡུས་ཧུན་གཉིས་གདགས་གཞི་གཅིག་གི་མིང་ཡིན་པ་འཁྲུལ་མེད་རྩོད་མེད་ལྟ་བུར་སོང་ཡོད་ནའང་། དོན་དུ་འ་ཞ་དང་ཐུ་ལུ་ཧུན་གཉིས་རིགས་རྒྱུད་གཅིག་ཡིན་མིན་ལ་རྙོག་དྲ་ཅུང་ཙམ་ཡོད་ལ། ཐུ་ལུ་ཧུན་གྱིས་བོད་ཀྱི་རུས་ཚན་སྒའམ་སེ་ལས་ཆད་པའི་འ་ཞའི་ཡུལ་ཁམས་དབང་འོག་ཏུ་བསྡུས་རྗེས། རྒྱལ་ཁབ་དེར་རང་རེས་འ་ཞ་ཞེས་སྔར་གྱི་རང་གི་མིང་ལྟར་འབོད་སྲོལ་ཡོད་པས་དེ་ལྟར་བསྒྱུར་ཀྱང་མི་རུང་བ་མེད་མོད། འོན་ཏེ་རྒྱལ་ཁབ་དེའི་དབང་སྒྱུར་བ་ཞན་པེ་རིགས་ཡིན་ནའང་མངའ་འབངས་མང་ཤོས་སྒ་འ་ཞས་གཙོས་པའི་བོད་མདོ་སྨད་ཁམས་ཀྱི་གཉུག་མའི་མི་རིགས་ཡིན་པས་གོང་དུ་སོང་བ་ལྟར་བོད་ཀྱི་སྔོན་བྱོན་མཁས་པ་ཚོས་ཐུ་ལུ་ཧུན་དང་གྲུ་གུ་ཞེས་བཀོད་པ་མ་གཏོགས་འ་ཞར་མི་འདོད་པ་ཤིན་ཏུ་གསལ་ལོ། །  
            ཡང་ཁོང་རྣམས་ཀྱིས་སྒྲ་བསྒྱུར་གྱིས་ཐུ་ལུ་ཧུན་དང་ཡང་ན་གྲུ་གུ་ཞེས་བཀོད་པའི་རྒྱུ་མཚན་ནི་ཁོ་བོས་བསམས་ན། རྒྱའི་ཡིག་ཚང་ནང་གི་ཐུའུ་ཡུས་ཧུན་གྱི་མེས་པོ་ཐོག་མར་བྱང་ཁ་ནས་འཁྱམས་འོངས་པའི་དམག་མི་ལ་འབངས་མང་པོ་མེད་པར་དུད་ཁྱིམ་ཆིག་སྟོང་བདུན་བརྒྱའམ་སྐྱ་དམག་སུམ་སྟོང་ཙམ་འོངས་པ་དེ་ལ་གོ་བ་ཡིན་པས། ཕྱིས་སུ་རྒྱལ་ཁབ་འཛུགས་ཐུབ་པའི་འབངས་མི་གཙོ་བོ་ནི་རང་རེའི་ཡུལ་མི་བོད་པའི་རུས་རྒྱུད་སྒ་འ་ཞའི་རིགས་ལ་བརྟེན་པ་བསྙོན་མེད་ཡིན་ཏེ། རྒྱའི་《ཐང་ཡིག་རྙིང་མའི་》ནང་དུའང་། ཐང་གོང་མས་བོད་ཀྱི་ཕོ་ཉ་བར་དྲིས་པའི་གཏམ་དུ། “འོན་འ་ཞ་དང་སྙོད་གཉིས་མ་གཞིར་གཉེན་ཚན་དུ་གཏོགས་པ་ལ། སུའུ་ཧི་ཀེ་རང་གི་མི་བདག་ལ་ངོ་ལོག་སྟེ་བྲོས་པ་བྷོད་ཀྱིས་ཁོ་ངོ་ཅན་བྱས་ནས་གོ་གནས་སྤྲད། འ་ཞའི་ས་ཆ་ཡང་ཕྲོགས་”①ཞེས་བརྗོད་པ་ལས་ཀྱང་སྐབས་དེར་ཐང་གིས་ཀྱང་བོད་དང་འ་ཞ་གཉིས་གཉེན་ཉེ་ཡིན་པ་ཁས་ལེན་གྱིན་ཡོད་པ་ཤེས་ཐུབ་པ་འདི་ཡིན་ལ། མ་ཟད་གོང་དུ་བཀོད་པ་《རྒྱ་བོད་ཡིག་ཚང་ཆེན་མོ་》ལས་ཀྱང་བོད་མ་གསུམ་བུ་དྲུག་ས་བགོས་བྱས། །གདུང་རྒྱུད་སྒ་ཚ་དམུ་ཡི་རིགས། །ལྒ་ཡིས་ལྒར་མ་མེ་པོ་ཐོབ། །ཅེས་སོགས་འབྱུང་བ་ལྟར་དང་། ཡང་བོད་ཀྱི་ཡིག་རྙིང་《དབུ་ནག་མིའུ་འདྲ་ཆགས་》ཞེས་པར། “ནང་ཁམས་བོད་བུ་སྤུན་བདུན་ནི། དབྲ་འགྲུ་ལྡོང་གསུམ་སྒ་དང་བཞི། ནུ་བོ་དབའ་ལྡ་གཉིས་དང་མི་ཚོ་དྲུག །ཞང་པོ་སྒོ་ལྷ་སྟེ་ལྡེ་དཀར་པོ་དང་བདུན།.....སྒ་མི་མཚོ་དམར་མོ་སྨད་ན་འཁྱིལ། དངུལ་གཞོང་མར་ཁུས་བལྟམས་པ་འདྲ།”② ཞེས་སོགས་བོད་ཀྱི་རིགས་རུས་ཆེན་པོ་རྣམས་ཀྱི་བྱུང་ཁུངས་དང་སྡོད་གནས་ཆེ་བ་བཅས་བརྗོད་པའི་ཡིག་ཚང་གལ་ཆེན་དེའི་ནང་ཡང་རིགས་རུས་སྐོར་ཞིབ་འཇུག་བྱ་རྒྱུ་ཤིན་ཏུ་མང་ལ། དེ་བཞིན་སྒའི་རིགས་ཀྱི་བཤད་པ་མང་བས་ཤེས་དགོས་ལ། ཡང་《མགོ་ལོག་རུས་མཛོད་》ལས་ཀྱང་“ཁམས་ཀྱི་ཙོང་ཀ་ནས་ཅོ་རོ་འབྲིང་འཚམས་སུ་ཆད།.....སྒ་འ་ཤིང་གི་གདུང་རིགས་ཀྱང་མདོ་སྨད་ཙོང་ཁ་ལ་གྱི་ཐང་ཕྱོགས་ན་ཡོད། ཡང་སྒ་ཨ་ཁྲོམ་གྱི་གདུང་རིགས་ནི་ཨ་ཁྲོམ་དང་། ཁྲོམ་ཚང་དང་། ཁྲོམ་ཐོག་ཡིན་ལ། མཛོད་དགེ་སྨད་ཀྱི་ས་ཆར་ཁྲོམ་ཚང་གི་གདུང་རིགས་སུ།”①ཅེས་སོགས་བཀོད་པ་མང་ལ། ཡང་བོད་ཀྱི་རུས་སྒ་ནི་དུས་ཕྱིས་བར་དུ་མདོ་སྨད་དུ་ཡོད་པའི་གནས་ཚུལ་བསྟན་པ་ཕྱི་དར་སྐབས་ཀྱི་ལོ་ཙཱ་བ་ཆེན་པོ་རྔོག་བློ་ལྡན་ཤེས་རབ་ཀྱི་སྤྲིངས་ཡིག་ཏུའང་《རྒ་སྟོན་ཤེས་རབ་གྲགས་ལ་སོགས་པ་ཙོང་ཁ་རུ་གསུམ་གྱི་དགེ་འདུན་པར་སྤྲིངས་པའི་ཡི་གེ་བདུད་རྩི་ཐིག་ལེ་》ཞེས་བྱ་བར་རྒའམ་སྒ་སྟོན་དང་ཙོང་ཁའི་རུ་གསུམ་ཟེར་བའི་ཡུལ་རྒྱ་ཆེན་པོ་ཡོད་ཚུལ་བཀོད་འདུག་པ་འདི་དག་མང་པོ་ཡོད་དོ། །  
            སྤྱིར་འ་ཞའི་རྒྱལ་ཁབ་ཀྱི་འབངས་མི་གཙོ་བོ་ནི་བོད་པའི་གདུང་རྒྱུད་སྒ་འ་ཞའི་རིགས་ཡིན་པ་མངོན་གསལ་ཡིན་པ་ལས། བྱང་ཕྱོགས་ནས་མཆེད་པའི་ཐུའུ་ཡུས་ཧུན་གྱི་རིགས་རྒྱུད་ཐོག་མའི་དབང་སྒྱུར་པར་གྱུར་པ་ཙམ་ལས་འབངས་གཙོ་བོ་མིན་པ་ཤེས་ཐུབ་སྙམ། ཚུལ་འདི་བོད་རིག་པའི་གཟུར་གནས་མཁས་དབང་བློ་མཐུན་འགའ་རེའི་དཔྱད་རྩོམ་དང་ཁྱད་པར་དུ་གོང་ནས་བཤད་པའི་ཤ་བོ་ཀླུ་རྒྱལ་གྱི་དཔྱད་རྩོམ་སོགས་ལ་གཟིགས་དང་གོ་བ་གསལ་འདུག་སྙམ། གཞན་ཡང་ས་སྐྱ་གྲགས་པ་རྒྱལ་མཚན་གྱི་བོད་ཀྱི་རྒྱལ་རབས་ཞེས་པར་གུང་སྲོང་གུང་བཙན་གྱི་ལོ་རྒྱུས་བརྗོད་སྐབས་དེས་ཝ་ཞ་བཟའ་མང་མོ་རྗེ་བཞེས་པའི་སྲས་མང་སྲོང་མང་བཙན་ཞེས་འ་ཞ་ལ་ཝ་ཞ་ཞེས་བྲིས་ཡོད་པ་ནི་ཁ་སྐད་དུ་འ་ཞ་དང་ཝ་གཉིས་གདངས་ཉེ་བས་ཡིན་པ་སོགས་ཞར་ལ་ཤེས་དགོས་སོ། །  
            གཉིས་པ། འ་ཞ་བོད་བཙན་པོའི་དབང་འོག་ཏུ་བཅུག་ཚུལ་སྐོར་བཤད་པ། 
            དེ་ཡང་བོད་ཀྱི་ལོ་རྒྱུས་རྙིང་གྲས་《དབའ་བཞེད་》ཅེས་པ་ལས། “དབོན་འ་ཞའི་རྒྱལ་པོས་ལྷ་སྙིང་རྗེ་མེད་པའི་སྲིབ་དྲི་དཀར་པོ་ནི་གསོལ། དབོན་འ་ཞ་རྗེ་ཉིད་ཀྱི་ལུགས་སུ་བོན་ཤིད་ནག་པོ་བཏབ་པས་འ་ཞའི་རྒྱལ་སྲིད་བརླག་སྟེ་སྤུ་རྒྱལ་གྱི་མངའ་རིས་སུ་འདུས་པ་ལགས་སོ། །”① ཞེས་འ་ཞ་བོད་འོག་ཏུ་བཅུག་པ་ཡུལ་ལྷ་བསྟེན་ཉེས་ཀྱི་འབྲས་བུ་ལྟ་བུར་བཤད་འདུག་པ་དང་། ཡང་《ལྡེའུ་ཆོས་འབྱུང་རྒྱས་པ་》ལས་བཙན་པོ་འབྲོ་སྙན་ལྡེ་རུའི་ལོ་རྒྱུས་བརྗོད་སྐབས། “དེའི་ཤུལ་དུ་སྲས་དམུས་ལོང་དེ་འ་ཞའི་སྨན་པས་ཕྱིང་བ་སྟག་རྩེར་མིག་ཕྱེ་བས། དོན་མཁར་གྱི་རྩེ་ལ་གཉན་འགྲོ་བ་མཐོང་བས་སྟག་གུ་གཉན་གཟིགས་སུ་བཏགས་སོ། །དེའི་སྐུ་དྲིན་ལ་འ་ཞ་རྗེ་དང་ཟིངས་པོ་རྗེ་ལ་སོགས་པ་རྒྱལ་པོའི་མངའ་འོག་ཏུ་མ་འདུས་པ་རྣམས་བཏུལ།”② ཅེས་བོད་དང་འ་ཞའི་བར་འབྲེལ་གཏུག་བྱུང་ཚུལ་སྐོར་ཅུང་ཙམ་བཀོད་འདུག་པ་དང་། ཡང་ཚལ་པའི་《དེབ་དམར་》དུ་རྒྱའི་ལོ་རྒྱུས་དྲངས་པ་ལས། “ཤིང་ཕོ་རྟའི་ལོ་ལ་བོད་ཀྱི་རྒྱལ་པོ་དང་སྐྱེས་བསྐུར་རེས་བྱས་ནས་གྲོགས་པོ་བྱས། ཐང་གི་སྲིང་མོ་སློང་བ་ལ། ཧོར་དང་ཐུ་ལུ་ཧུན་གྱི་མི་བྱུང་བ་ལ། རྒྱལ་རིགས་གྱི་བུ་མོ་རེ་བྱིན་ནས་ལོག །བོད་ཀྱིས་རྒྱལ་པོས་ཀྱང་འདོད་དུ་བྱུང་བ་ལ་མ་   བྱིན་པས་ཁྲོས་ནས། བོད་ཀྱི་རྒྱལ་པོས་དམག་འབུམ་ཕྲག་གཉིས་ཁྲིད་ནས་ཐུ་ལུ་ཧུན་བཅོམ་ནས་ཟུང་ཅེའུར་སླེབ།”① ཅེས་བཀོད་འདུག་པ་འདིས་སྤྱི་ལོ་634པར་འ་ཞའམ་ཐུ་ལུ་ཧུན་བཅོམ་པར་བཤད་པ་ཕལ་ཆེར་དོན་ལ་གནས་སེམས་ཏེ། རྒྱའི་ཡིག་ཚང་《ཐང་ཡིག་རྙིང་མ་》ལས། “ཐེ་ཙུང་ཀྲིན་ཀོན་གྱི་ཁྲི་ལོ་བརྒྱད་པར། ཕོ་ཉ་བ་མངགས་ཏེ་སྐྱེས་འབུལ་དུ་སླེབས་པ་གོང་མས་བློན་པོ་ཧྥུན་ཏེ་ཞ་ལ་སྣེ་ལེན་བྱ་དགོས་པའི་བཀའ་ལུང་གནང་། སྲོང་བཙན་གྱིས་གྲུ་གུ་དང་འ་ཞ་ལ་ཀོང་ཇོ་རེ་ཐོབ་པའི་གཏམ་གསན་ཏེ། ཕོ་ཉ་མངགས་ནས་གཉེན་སློང་བ་གོང་མས་མ་གནང་། ཕོ་ཉ་བ་ཁབ་ཏུ་ཕྱིར་ལོག་སྟེ་ཁ་ཕོ་ལབ་ནས་གོང་མས་བདག་ཅག་ལ་ངོ་སོ་ཆེ་བར་འཛིན། ཀོང་ཇོ་ཞིག་གནང་རྒྱུ་ཡིན་མོད། འ་ཞའི་རྒྱལ་པོ་དེར་ལྷགས་པས་མ་ཐོབ། དེས་ཕྲ་མ་འདྲ་བཅུག་པ་མིན་ནམ་ཟེར་བར། སྲོང་བཙན་ཁྲོས་ཏེ་ཞང་ཞུང་གི་དཔུང་དང་བཅས་ཏེ་འ་ཞར་དམག་དྲངས། འ་ཞས་མ་ཚུགས་པར་མཚོ་སྔོན་ཕྱོགས་སུ་བྲོས། རྒྱུ་ནོར་ཐམས་ཅད་རྙོད་ལ་ཤོར། ཏང་ཞང་དང་པེ་ལན་འཇང་ཡང་ཕམ། དེ་ནས་དམག་ཁྲི་ཉི་ཤུ་དྲངས་ཏེ་སུང་ཀྲུའུ་བཅོམ།”② ཞེས་བཀོད་པའི་ཀྲིན་ཀོན་གྱི་ཁྲི་ལོ་བརྒྱད་པ་ཞེས་པ་ནི་སྤྱི་ལོ་634ལ་ཏག་ཏག་ཁེལ་ཡོད་པས་ལོ་ཚིགས་རྣམས་ཕལ་ཆེར་མཐུན་པ་འདི་ཡིན། ཡང་སྐབས་དེའི་འཐབ་འཁྲུག་ནི་གཙོ་བོ་འ་ཞའི་ཡུལ་སྔར་ཐང་གི་མངའ་འོག་ཏུ་ལྷུང་ཡོད་པ་ལ་སྐབས་འདིར་བོད་བཙན་པོའི་སྟོབས་ཤུགས་ཤར་དུ་བསྐྱེད་པས་དམག་བསྐུལ་ནས་རང་འོག་ཏུ་ཚུར་ལེན་པའི་དོན་དུ་ཡིན་པ་ལོ་རྒྱུས་རྣམས་སུ་གསལ་བ་ལྟར་ཡིན་ནོ། །     
            འདིའི་ཐད་ཀྱི་གོང་འོག་གི་ལོ་རྒྱུས་རྣམས་ཏུན་ཧོང་གི་ཡིག་རྙིང་དང་རྒྱའི་ཡིག་ཚང་གཉིས་བསྡུར་ཏེ་བཀོད་ན་ལོ་རྒྱུས་ཞིབ་པ་མང་སྟེ་དཔེར་ན། ཏུན་ཧོང་གི་ཡིག་རྙིང་དུ་“སྤྲེའུ་ལོ་ལ། བཙན་པོ་:མལ་ཏྲོ་སྐེ་བྱེ་ན་བཞུགས། ཤྀང་བློན་ཆེ་སྟོང་རྩན་འ་ཞ་ཡུལ་ན་མཆོས་ཕར་ལོ་གཆིག”① ཅེས་བཀོད་པ་འདི་ལ་རྒྱའི་《ཐང་ཡིག་གསར་མའི་》ནང་སྲོང་བཙན་སྒམ་པོའི་ཐད་དུ། “ཡུན་ཧོས་ཀྱི་དུས་མགོར། བཙན་པོ་གྲོངས། གོང་མས་འདས་མཆོད་དུ་ཕོ་ཉ་བ་མངགས། དེར་སྲས་མེད་ནས་ཚ་བོ་ལ་གཏད་ཀྱང་། ན་སོ་ཕྲ་བས་མགར་སྟོང་བཙན་གྱིས་སྲིད་བསྐྱངས། ཞན་ཆིན་གྱི་ཁྲི་ལོ་གསུམ་པར། གསེར་ཕོར་དང་གསར་ཆས་སོགས་ཕུལ་ནས་སླར་ཡང་གཉེན་ཞུས། རིང་མིན་འ་ཞ་འབངས་སུ་མངའ་བ་ལས་ལོག་པས། མགར་ཁྲོས་ཏེ་ཧྲག་དམག་དྲངས་ནས་གཡུལ་བརྡབས། འ་ཞའི་བློན་ཆེན་སུ་ཧོ་ཀོས་བྱ་བ་ལྷོད་དུ་བྲོས་ཏེ་ནང་གཏམ་སྦྲན་པས་ལྷོད་ཀྱིས་འ་ཞ་འདུལ་ཐུབ་པ་བྱུང་། མོ་རུང་ནོ་ཧི་པོ་དང་ཧུང་ཧྭ་ཀོང་ཇོ་གཉིས་ཀྱིས་གཉེན་ལྷག་མ་རྣམས་ཁྲིད་དེ་ལེང་ཀྲིག་ཏུ་བྲོས།”② ཞེས་བཀོད་པའི་ལོ་རྒྱུས་འདི་ཡིན་པར་འདུག་ལ། དེའི་རྗེས་སུ་ཏུན་ཧོང་གི་ཡིག་ཆར་བཙན་པོ་མང་སྲོང་མང་བཙན་གྱི་ལོ་རྒྱུས་བརྗོད་སྐབས། “ལུགྀ་ལོ་ལའ་བབ་སྟེ། བཙན་ཕོ:སྤྲགས་གྱྀ་ཤ་ར་ན:བཞུགས་ཤྀང། བློན་ཆེ་སྟོང་རྩན་འ་ཞ་ན་མཆྀསྟེ:ད་རྒྱལ:མང་པོ་རྗེས། མཚོ་ནག:སྟོང་རུར། རྒྱ་སེའུ:དེན་པང་དང། ནོལ:ཐབས:བགྱྀསྟེ། ད་རྒྱལ་གྱང་གུམ་ཞིང:བརྒྱད་ཁྲྀ་སྟོང་ལ:རྡུགས་ཕར:ལོ་གཅིག”① ཅེས་བཀོད་པའི་དོན་ཆེན་འདི་ནི། རྒྱའི་《ཐང་ཡིག་གསར་མ་》ལས། “ཞན་ཆིང་ཁྲི་ལོ་གསུམ་པར་བོད་ཀྱིས་གསེར་གྱི་ཁོག་མ་དང་གསེར་གྱི་ཆང་ཕོར་སོགས་ཕུལ་ཏེ་ཡང་བསྐྱར་གཉེན་བསྡེབ་རྒྱུའི་རེ་བ་ཞུས། རིང་པོ་མ་ཕྱིན་པར་ཐུ་ལུ་ཧུན་ཐང་ལ་མགོ་བཏགས་གཤིས། མགར་སྟོང་བཙན་ཞེ་འཁོན་ལངས་ཤིང་ཁྲོས་ཏེ་ཧྲག་དམག་ཁྲིད་ནས་ཐུ་ལུ་ཧུན་དང་འཐབ། ཐུ་ལུ་ཧུན་གྱི་བློན་ཆེན་སུའུ་ཧོ་ཀུའེ་བོད་དུ་བྲོས་ནས་ཐུ་ལུ་ཧུན་གྱི་གནས་ཚུལ་བོད་ལ་བཤད་པས། བོད་ཀྱིས་རྒྱལ་ཁབ་དེ་འདུལ་ཐུབ་པ་བྱུང་བ་རེད།”② ཅེས་སོགས་བཀོད་འདུག་པ་འདི་ནི་སྤྱི་ལོ་659པར་བློན་ཆེན་མགར་སྟོང་བཙན་གཙོས་བོད་དམག་ཆིག་འབུམ་ཉེ་བ་རྣམས་སྐབས་དེའི་འ་ཞའི་ཡུལ་ཏེ་དེང་སང་གི་མཚོ་སྔོན་ཞིང་ཆེན་གྱི་རྡོ་སྦིས་ས་ཆའི་མཚོ་ནག་སྟོང་རུའི་ཕྱོགས་དེར་ཕེབས་ཏེ། བོད་དམག་དང་ཐང་དམག་ལག་ནོལ་ནས་འཐབ་འཛིང་བྱས་ཏེ་བོད་དམག་མང་པོ་བརླགས་པར་མ་ཟད། དམག་དཔོན་ཆེན་པོ་ད་རྒྱལ་མང་པོ་རྗེ་དམག་ཐོག་ཏུ་གྲོངས་ནས་བོད་དམག་བརྒྱད་ཁྲི་ལྷག་ཡོད་པ་སྟོང་ཙམ་ལས་མ་ལྷག་པའི་གནས་ཚུལ་བྱུང་བ་སྙིང་བསྡུས་ཀྱིས་གསལ་པོར་བཀོད་ཡོད་པ་དེ་ཡིན་ལ། ཚུལ་དེ་སོགས་རྒྱའི་《ཐང་ཡིག་》གསར་རྙིང་གཉིས་སུ་བྱུང་བ་བཀོད་པ་ཧ་ལམ་ཁ་མཚུངས་ཀྱང་《ཐང་ཡིག་》གཉིས་སུ་སྔ་མའི་ལོ་རྒྱུས་དེ་འདྲ་ཞིབ་མོ་མེད་ལ། ཡང་ཏུན་ཧོང་གི་ཡིག་ཆར་“བློན་ཆེ་ཁྲི་འབྲིང་འ་ཞ་ཡུལ་དུ་མཅྀས་ཤིང། སྟག་ལ:རྒྱ་དུར་དུ་རྒྱའྀ་དམག་པོན་འྭང་ཞང་ཤོ་དང་གཡུལ་སྤྲདེ་རྒྱ་མང་པོ་བཀུཾམ་བར་ལོ་ཆིག”① ཅེས་བཀོད་པའི་ལོ་རྒྱུས་འདི་ནི་《ཐང་ཡིག་གསར་མའི་》ནང་། “གོང་མས་ཝང་ཞའོ་ཅེ་བྱ་བ་སུའུ་པཱེན་ཏའོ་ཡི་སྤྱི་ཁྱབ་དམག་དཔོན་དུ་མངགས་པ་དང་། སྤྱི་ཁྱབ་དམག་དཔོན་གཞོན་པ་ལིག་ཧྲི་ཏེ་བྱ་བ་དང་བསྡོངས་ནས་རི་བོ་སུའུ་ལོ་ཧན་(སྟག་ལ་)དུ་བྷོད་ཀྱི་དམག་དཔོན་བློན་ཁྲི་འབྲིང་དང་བཙན་བྲོད་ལ་འཐབ་སྟེ་རྒྱ་དམག་ཕམ། ཝང་ཞའོ་ཅེ་ཡི་གོ་གནས་ཀྱང་ཕབ།”② ཅེས་བཀོད་པ་འདི་ཡིན་ལ། ཡང་ཏུན་ཧོང་གི་ཡིག་ཆར་“སྦྲུལ:གྱྀ་ལོ་ལ།་་་་་་འ་ཞ་མང་པོ:པྱག་འཙལཏེ:གཏེའུབསྡུས་པར་ལོ་ཆྀག”③ཅེས་པའི་དོན་དག་དེ་《ཐང་ཡིག་》ཏུ། “གོང་མས་ཡུག་ཝེ་ཝེ་དམག་དཔོན་ཆེན་མོ་ཞོས་རིན་ཀོས་བྱ་བ་ལྷ་ས་ཏའོ་ཡི་གཡུལ་འདེགས་སྤྱི་ཁྱབ་དམག་དཔོན་ཆེན་མོར་བསྐོས་པ་དང་། ཙོ་ཝེ་ཡོན་ཝེ་དམག་དཔོན་ཆེན་མོ་ཨ་ཧྲི་ན་ཏོ་ཀྲིན་བྱ་བ་དང་། ཡུག་ཝེ་དམག་དཔོན་ཀོ་ཏེ་ཧྥིན་བྱ་བ་གཉིས་དམག་དཔོན་གཞོན་པར་བཀའ་བསྩལ་ཏེ། དམག་ཁྲི་ཚོ་བཅུ་ལྷག་དང་བཅས་ཏེ་ལྷོད་དམག་ལ་འཐབ་ཏུ་བཏང་། དམག་དཔུང་ཏ་ཧྥེ་ཁྲོན་བྱ་བར་སླེབས་པ་ན། སྙོད་ཀྱི་དམག་དཔོན་བློན་ཁྲི་འབྲིང་གིས་ཕམ་པར་བྱས། གོང་མས་ཞོས་རིན་ཀོས་སོགས་ཀྱི་འགན་ཕབ། དེ་ནས་འ་ཞའི་ས་ཆ་སྙོད་ཀྱིས་བཟུང་།”④ཞེས་བཀོད་པ་དེ་ཡིན་འདུག་པ་དང་།  དེ་ལས་ཏུན་ཧོང་ཡིག་ཆར་“གླང་གྱྀ་ལོ་ལ་བབ་སྟེ།.....བཙན་མོ:ཁྲྀ་བངས། འ་ཞ་རྗེ་ལ:བག་མར:གཤེགས།”① ཞེས་དང་། ཡང་“སྤྲེའུ་ལོ་ལ།‘.....བློན་ཅེ་ཁྲྀ་འབྲོང་གྱིས། འ་ཞ་ཡུལ་གྱྀ་སིལ་གུ་ཙོན:གྱི་འོ་ཀོལ་དུ:འ་ཞའྀ་མཁོས:བགྱྀས།”②ཞེས་སོགས་མང་དུ་འབྱུང་ལ། དེ་ནས་ལོ་བསྟུད་མར་བློན་ཆེན་མགར་སྟོང་བཙན་ཁོང་མ་གྲོངས་བར་ལོ་ངོ་དྲུག་ཙམ་རིང་ལ་འ་ཞའི་ཡུལ་དུ་ཕེབས་ཡོད་པ་དང་། དེ་ནས་བློན་ཆེ་ཁྲི་འབྲིང་གཅེན་གཅུང་ཡང་ལོ་དུ་མར་འ་ཞའི་ཡུལ་དུ་ཕེབས་ཚུལ་དང་དེའི་སྐོར་མང་པོ་ཏུན་ཧོང་ཡིག་ཆར་བཀོད་པའི་ལོ་རྒྱུས་འདི་དག་ལ་གཞིགས་ན་སྐབས་དེར་ཐང་བོད་དམག་འཁྲུག་མང་བའི་རྐྱེན་གྱིས་ཡིན་པ་བཤད་མ་དགོས།  
            དེ་མིན་སྤྱིར་འ་ཞའི་སྐོར་ཏུན་ཧོང་ཡིག་ཆར་མང་པོ་བཀོད་ཡོད་པ་འདི་ལྟ་སྟེ། “སྟགྀ་ལོ་ལ:བབ་སྟེ།....འབོན་ད་རྒྱལ:དང:ཞང:བཙན་ཏོ་རེ:ལྷས་བྱྀན་གྱིས། སྀལ་གུ་ཅིན་གྱི:འོ་ཁོལ:དུ:འ་ཞའྀ་མཁོས:བགྱོས།”ཞེས་དང་། ཡང་“ཡོས་བུའྀ་ལོ་ལ། བཙན་པོ:དབྱར་ཆབ་སྲྀད་ལ:འ་ཞ་ཡུལ་དུ་གཤེག་སྟེ།་་་་་་་་འབོན་འ་ཞ་རྗེ་དང་། ཞང་དབོན:གདན་ཚོམ། དབའས:སྟག་སྒྲ:ཁོང་ལོད:བློན་ཆེན་པོར:བཀའསྩལད།འ་ཞ:ཕལ་ཕོ་ཆེ:བྱ་སྒ:སྩལད།”ཅེས་དང་། ཡང་“ཁྱྀའྀ་ལོ་ལ།་་་་་་འ་ཞའྀ་ཕ་ལོས:བགྱྀས་ཞེས་དང་། ཡང་“ཕགྀ་ལོ་ལ།.....འོ་ཡུག་དུ་:ཆྀབས:སྡེ་བཞྀ:བཙན་པོ་སྤྱན་སྔ་བྲྀམསྟེ།.....བློན་ཆེན་པོ་ཅུང་བཟང:འ་ཞ་ཡུལ་དུ་མཆྀས་པར་ལོ་གཅྀག་ཅེས་དང་། ཡང་“རྟའོ་ལོ་ལ།...ཁུ་ཉེ་མོན་གངསུ་བློན་མང་པོ་རྗེས་འ་ཞའྀ་མཁོས:བགྱྀས།”ཞེས་དང་།ཡང་‘བྱ་གགི་ལོ་ལ་བབསྟེ།.....དབོན་འ་ཞ་རྗེ་དང་བློན་མང་ཕོ་རྗེ་གཉིས་གྱིས:མཁར:ཇིད་པར་ལ་བརྒལདེ།” ཞེས་དང་།ཡང་‘བློན་ཁྲི་བཟང་དང་ཞང་སྟོང་རྩན་གཉིས་འ་ཞ་ཡུལ་དུ་མཆིས།”① ཞེས་སོགས་《དོན་ཆེན་གནད་བསྡུས་》སུ་བཀོད་འདུག་པ་འདི་དག་ཡང་རྒྱའི་《ཐང་ཡིག་》གསར་རྙིང་གཉིས་སུའང་མཚོན་ཙམ་རེ་འབྱུང་སྲིད་ཀྱང་ཞིབ་པར་མི་ངེས་སོ། །  
            གང་ལྟར་བོད་ཀྱི་བཙན་པོ་མང་སྲོང་སྐབས་ནས་བཟུང་འ་ཞ་རྒྱལ་ཁབ་ནི་བོད་ཀྱི་རྒྱལ་ཕྲན་ཞིག་ཏུ་གྱུར་པར་མ་ཟད་བོད་བཙན་པོས་འ་ཞ་རྗེ་ལ་བཙན་པོའི་དབོན་གྱི་ཐབས་བསྩལ་འདུག་པ་སོགས་བོད་ཡིག་ལོ་རྒྱུས་རྣམས་སུ་གསལ་ལ། དེ་མིན་ཏུན་ཧོང་ཡིག་ཆའི་ཁྲོད་ཀྱི་《འ་ཞའི་ལོ་རབས་ཡི་གེ་》②བྱ་བར་འ་ཞའི་རྒྱལ་པོས་བོད་ཀྱི་བཙུན་མོ་ཁབ་ཏུ་བསུས་ནས་སྲས་བྱོན་ནས་དབོན་དུ་གྱུར་ཚུལ་སོགས་ཀྱི་ལོ་རྒྱུས་སྐོར་ཕྱི་རྒྱལ་དང་རྒྱལ་ནང་གི་བོད་རིག་པ་ཞིབ་འཇུག་གནང་མཁན་རྣམ་པས་འགྲེལ་བཤད་གསལ་པོ་གནང་ཡོད་པ་ལྟར་ཡིན་པ་དང་། ཚུལ་དེ་ཕྱིས་ཀྱི་བཙན་པོ་ཁྲི་སྲོང་ལྡེ་བཙན་སྐབས་སུ་རྒྱལ་བློན་རྣམས་དམ་པའི་ཆོས་འཛིན་པར་བྲོ་སྩལ་སྐབས་སུའང་འ་ཞ་རྗེའི་མཚན་དང་པོར་བཀོད་འདུག་སྟེ། དཔེར་ན《ཆོས་འབྱུང་མཁས་པའི་དགལསྟོན་》དུ། “བྲོ་སྩལད་པ་ལ། དབོན་འ་ཞ་རྗེ་”ཞེས་དང་། ཡང་“རྒྱལ་ཕྲན་བྲོ་བསྩལད་པ། དབོན་འ་ཞ་རྗེ་དུད་ཀྱི་བུལ་ཞི་ཁུད་མོར་མ་ག་ཐོ་གན་ཁ་གན།”ཞེས་པ་ལྟ་བུ་དང་། ཡང་“ཆོས་འདི་བཏང་ངམ་མཛད་དམ་ཅི་རིགས་ཞེས། འབངས་སུ་མངའ་བ་རྒྱལ་ཕྲན་འ་ཞ་རྗེ་ལ་སོགས་པ་དང་། ཕྱི་ནང་གི་བློན་པོ་རྣམས་ལ་བཀའ་རྨས། བཀའ་གྲིམས་སུ་མཛད་ནས།”①ཞེས་བཀོད་པ་སོགས་མང་དུ་འབྱུང་ལ། ཡང་དུས་ཕྱིས་བསྟན་པ་ཕྱི་དར་སྐབས་སུའང་འ་ཞའི་རིགས་རྒྱུད་བོད་ཀྱི་མཁས་པའི་གྲས་སུ་ཡོད་པ་གསལ་ཏེ། 《ཆོས་འབྱུང་མཁས་པའི་དགའ་སྟོན་》དུ། “དབུས་གཙང་གི་མི་བཅུ་ལ་མི་ཐེ་བ་ལའབྲེའི་སྡེ་གཉིས་བྱུང་སྟེ་འ་ཞ་མགོ་བོ་ཆེའི་བུ་འ་ཡེ་ཤེས་གཡུང་དྲུང་གིས་ཁམས་སུ་སྡོམ་པ་ལེན་དུ་འགྲོ་བའི་ལམ་ལྷ་སར་ཕྱིན་པས།་.....འ་ཚོ་མཐུ་ཆེ་བ་རྒྱུ་མཚན་ཡང་དེ་ཡིན། འ་ཞ་དེས་སྣ་ནམ་འདྲེ་བརྔས་དང་འུ་ཡུག་མདའི་གནས་གཞི་བཟུང་།”② ཞེས་སོགས་བསྟན་པ་ཕྱི་དར་སྐབས་འ་ཞ་ཡེ་ཤེས་གཡུང་དྲུང་དང་འ་ཞ་བྱང་ཆུབ་གཞོན་ནུ་དང་འ་ཞ་རྒྱ་གར་བརྩེགས་ཟེར་བ་བཅས་ཁམས་སུ་ཕྱིན་ཚུལ་དང་དེ་ལས་སྡོམ་པ་འཕེལ་ཚུལ་སོགས་འ་ཞའི་མི་རྒྱུད་ཀྱི་ལོ་རྒྱུས་ནི་བོད་ཀྱི་ཆོས་འབྱུང་རྣམས་སུ་བཀོད་ཡོད་པ་མཐོང་ལ་གསལ་བ་བཞིན་ནོ། །
            གསུམ་པ། མཐོང་ཁྱབ་སྲིད་སྡེ་དགུ་དང་འ་ཞ་སྡེ་དྲུག་གི་སྐོར་བཤད་པ།  
            སྤྱིར་འ་ཞའི་ཡུལ་དང་འ་ཞ་སྡེ་དྲུག་ཟེར་བ་དང་ཡང་ན་མཐོང་ཁྱབ་སྲིད་སྡེ་དགུའམ་བདེ་བློན་གྱི་ཁམས་ཆེན་པོ་ཟེར་བ་སོགས་ནི་བོད་བཙན་པོའི་དུས་སྐབས་སུ། མདོ་སྨད་ཀྱི་མི་སྡེ་དང་ཡང་ན་མདོ་སྨད་གཙོས་པའི་བོད་བྱང་ཤར་གྱི་མཐའི་སྲིད་འཛིན་སྡེ་ཁག་གམ་དམག་སྲིད་གཅིག་ལྕོགས་ཀྱི་ལས་ཁུངས་དང་སྲིད་དབང་གི་མིང་ཡིན་ལ། ཡང་རྒྱ་ཡིག་ནང་དེའི་སྐོར་ལོ་རྒྱུས་ཞིབ་པར་བཀོད་ཡོད་དེ་དཔེར་ན་མཐོང་ཁྱབ་སྲིད་སྡེ་དགུའམ་ཁྲི་སྡེ་ལྔ་ལ་བདེ་བློན་གྱི་ཁམས་ཆེན་པོའམ་ཁྲོམ་ཆེན་པོ་ལྔ་ཟེར་བ་ཡོད་པ་ནི། ཙོང་ཀའི་བདེ་ཁམས་སམ་ཁྲོམ་ཆེན་པོ་(青海节度使)དང་། གཡར་མོ་ཐང་བདེ་ཁམས་སམ་ཁྲོམ་ཆེན་པོ། (鄯州节度使)མཁར་བཙན་བདེ་ཁམས་སམ་ཁྲོམ་ཆེན་པོ།(凉州节度使)ཀ་ཆུ་བདེ་ཁམས་སམ་ཁྲོམ་ཆེན་པོ་(河州节度使)དང་ཀྭ་ཇུའམ་ཤ་ཅུ་བདེ་ཁམས་ཁྲོམ་ཆེན་པོ་(瓜州节度使)བཅས་ཡིན་པར་བཤད་ལ། ཡང་མཐོང་ཁྱབ་ཟེར་བ་ནི་བོད་ཡིག་གི་ངོ་གདོང་ལྟར་འགྲེལ་ན་བོད་ཀྱི་དམག་རུའི་སོ་བའམ་མཐའ་སྲུང་གི་དམག་སྡེ་ལྟ་བུར་གོ་ན་འགྲིག་པས་དེ་ལྟར་འགྲེལ་མཁན་ཡང་ཡོད་མོད། སྐབས་འདིར་གཙོ་བོ་ཡུལ་མིང་ངམ་མངའ་སྡེ་ལྟ་བུའི་དོན་ཡིན་ན་འགྲིག་སྟེ། གོང་དུ་དྲངས་པ་《མཁས་པའི་དགའ་སྟོན་》ལས་སྨད་ཀྱི་དཔའ་སྡེ་ནི་རྨའི་སྤོམ་རས་མར་བཅད། བཀའ་ཐང་ཀླུ་རྩེས་ཡར་བཅད། ལོམ་ཤི་རྒྱ་མཁར་ལ་སོ་མཚམས་གཏད་པའི་ཡུལ་དེ་ན་གནས་པའི་མཐོང་ཁྱབ་སྲིད་སྡེ་དགུའི་སྟེང་དུ་བཞི་ཞ་སྡེ་དྲུག་བསྣན་པ་ལ་ཞེས་བཀོད་པ་ལྟར་། མཐོང་ཁྱབ་ཟེར་བའི་མིང་དེ་ཐོག་མར་སོ་སྲུང་ལྟ་བུར་གོ་ཡང་ཕྱིས་སུ་དམག་སྲིད་ལས་ཁུངས་ཀྱི་མིང་དུ་ཆགས་ནས་མདོ་སྨད་དང་རྒྱའི་ཡུལ་ལོམ་ཤི་རྒྱ་མཁར་ནས་ལི་ཡུལ་དུ་ཁྱོན་སྲིད་སྡེ་དགུ་བགོས་ནས་དབང་བསྒྱུར་བྱས་པ་ཡིན་ལ། དེ་ལྟར་མཐོང་ཁྱབ་སྲིད་སྡེ་དགུ་ཟེར་བའི་དམག་སྲིད་ལས་ཁུངས་ཚུགས་པ་ནས་བཟུང་མཐོང་ཁྱབ་བྱ་བའི་མིང་དེ་རྒྱུན་འབྱམས་སུ་བོས་པར་སེམས། གང་ཟེར་ན་མཐོང་ཁྱབ་ཟེར་བའི་མིང་མང་དུ་འཐོན་རྒྱུ་ཡོད་པ་དང་དེ་དག་ཡུལ་གང་དུ་ཡོད་མེད་གཞི་གཅིག་ཏུ་ངོས་འཛིན་ས་མི་འགྲོ་བ་ལྟ་བུར་གྱུར་འདུག་པ་འདི་ཡིན། དེ་ལྟར་རྒྱ་ཡིག་ནང་དུའང་གོ་རྒྱུ་མེད་པས་མིང་དེ་བོད་སྐད་སྒྲ་བསྒྱུར་གྱིས་“通颊”ཞེས་བཀོད་ཡོད། ཏུན་ཧོང་ཡི་གེར་“ཆབ་སྲྀད་ཆེ་སྟེ་ལུང་ཤན་ལ་རྒྱུད་ཡན་ཆད། པྱག་ཏུ་བཞེས་ནས། མཐོང་ཁྱབ་ཁྲྀ་སྡེ་ལྔ་བཙུགས། བདེ་བློན་ཁམས་ཆེད་པོ་གཆིག་གསར་དུ་བསྐྱེད་དོ། །”① ཞེས་བཀོད་པ་ལྟར་མཐོང་ཁྱབ་གྱི་ཡུལ་རྣམས་བོད་ཀྱི་ཁོས་ཀ་ཆེན་པོ་ལྔའི་གྲས་སུ་བཞག་ནས་ཐད་ཀར་དབང་བསྒྱུར་བྱས་པ་ཡིན། ཚུལ་དེ་《ཆོས་འབྱུང་མཁས་པའི་དགའ་སྟོན་》དུ་“བོད་ཀྱི་ཁོས་དཔོན་མཁར་སྟོང་བཙན་ཡུལ་བཟུང་།.....མཐོང་ཁྱབ་ཀྱི་ཁོས་དཔོན་ཅོ་རོ་རྒྱལ་མཚན་གཡང་གོང་རྣམས་བསྐོས། སྐྱི་ཤོད་ཤོ་མ་ར།....རི་བོ་གཡའ་དམར་རྣམས་སུ་བཅད་སྐད།”② ཅེས་གསལ་པོར་བཀོད་པ་ལྟར་དང་། ཡུལ་རི་བོ་གཡའ་དམར་བྱ་བར་མཐོང་ཁྱབ་ཀྱི་ཁོས་དཔོན་བསྐོས་པར་བཤད་པ་འདི་ཡིན་ལ། ཡང་ཏུན་ཧོང་གི་ཡིག་ཆ་ལས་《གྲལ་ཐབས་ཀྱི་དཀར་ཆག་འོག་དཔེ་མ་》བྱ་བར་“བོད་སུམ་གྱྀ་སྟོང་པོན་གྱྀ་འོག་དུ་མཐོང་ཀྱབ་དང་འ་ཞའྀ་སྟོང་པོན། དེའི་འོག་དུ་རྩེ་རྗེ་ཟངས་(ཡིག)། དེའི་འོག་ཏུ་བོད་སུམ་གྱྀ་སྟོང་ཅུང་དང་མཐོང་ཀྱབ་དང་འ་ཞའྀ་སྟོང་ཅུང་།”③ ཞེས་བཀོད་པ་ལས་ཀྱང་མཐོང་ཁྱབ་དང་འ་ཞའི་ཡུལ་རྣམས་སོ་སོར་སྟོང་དཔོན་བསྐོས་ཡོད་པ་ཤེས་ཐུབ་པ་འདི་ཡིན་ནོ། །  
            དེ་བཞིན་ཞིན་ཅང་མྱི་རིང་(米兰)ནས་ཐོན་པའི་བོད་ཡིག་གི་ཁྲམ་ཤིང་ཡི་གེའི་ནང་དུ་མཐོང་ཁྱབ་ཅེས་པའི་མིང་མང་དུ་འབྱུང་སྟེ། དཔེར་ན་ཁྲམ་ཤིང་ལས། “ཚལ་བྱི་ཅར་ཆེན་ན། མཐོང་ཁྱབ་བྱང་སྲུངས་པ་ཉུང་ཤས་ཤིག་མཆིས་   པ། བཀའ་ལུང་རྙིང་པ་དང་། ཁྲི་སྡེ་གསར་བཙུགས་ཀྱི་བཀའ་ལུང་དང་སྦྱར་ན་རྩེ་རྒོད་ལྟ་བུར་མྱིང་གིས་ཁ་མྱི་བསྟན་ཞིང་གཏོང་བར་འབྱུང་ལས། མངའ་རིས་སུ་འཁྲུག་པ་བྱུང་ནས། ཚལ་བྱི་ཁམས་སྲུང་ཡང་འབྲོ་ཅོག་ལསྩོགས་སྟེ། གློ་བ་རིངས་པས། མ་ལེགས་དགུ་ཞིག་བགྱིས།” ཞེས་དང་། ཡང་“བློན་བན་མི་གཉིས་ཀྱིས་ནོད་པ། ཞིང་ལག་དོར་གཅིག །མཐོང་ཁྱབ་ཀྱི་ཞིང་གཅིག་རབ། གཡས་རུ་རུ་དཔོན་གྱི་ཞིང་དོར་གཅིག མཐོང་ཁྱབ་གླིངས་ནས་དོར་གཉིས།”① ཞེས་སོགས་ཡུལ་མིང་གསལ་པོར་བཀོད་ཡོད་པ་དེ་དེང་སང་བར་ལུས་འདུག་པ་ང་ཚོས་མཐོང་ཐུབ་པ་འདི་ཡིན། ཡང་བོད་ཀྱི་ལོ་རྒྱུས་རྣམས་སུ་འདིའི་ཐད་ལ་མཁས་པ་ཚོ་བཞེད་ཚུལ་དང་གོ་བ་ལེན་ཚུལ་མི་མཐུན་པ་ཡོད་དེ། དཔེར་ན་མཁས་དབང་དུང་དཀར་རིན་པོ་ཆེ་བློ་བཟང་འཕྲིན་ལས་མཆོག་གིས་ཁོང་གི་《དུང་དཀར་ཚིག་མཛོད་ཆེན་མོར་》འ་ཞའི་ཡུལ་གྱི་འགྲེལ་བཤད་ཐད་དུ། “འདི་ལ་《དེབ་ཐེར་དཀར་པོ་》ལས། འ་ཞ་དེ་སོག་རིགས་དེང་སང་ཨུ་རུ་སུའི་ཁོངས་སུ་ཡོད་ཅེས་གསལ། དེང་སྐབས་རྒྱལ་ནང་གི་ལོ་རྒྱུས་མཁས་ཅན་འགའ་ཞིག་གིས་གསུང་དོན་དུ། བཙན་པོའི་དུས་སྐབས་སུ་བོད་ཀྱི་རྒྱལ་ཕྲན་ཁོངས་སུ་གཏོགས་པའི་འ་ཞ་ནི་ཀན་སུའུ་དང་མཚོ་སྔོན་གྱི་ཕྱོགས་སུ་གནས་པའི་ཐུ་ལུ་ཧུན་ཟེར་བ་དེ་མ་ཡིན་ཏེ། དེ་ནི་མཚོ་སྔོན་དང་ཀན་སུའུ་ཡི་ས་མཚམས་ནས་ལྷོ་སྦད་ལན་ལ་ཐུག་གི་བར་དུ་བོད་ཀྱི་ཤར་མཐར་གཞུ་དབྱིབས་ལྟར་བསྐོར་ནས་ཡོད་པ་དང་། དེའི་རྒྱ་ཁྱོན་ལ་ལེ་དབར་སྟོང་ཕྲག་ཙམ་ཡོད་པས་དེ་དང་ཉེ་བའི་བོད་ཀྱི་ཁྱབ་ཁོངས་སུ་གནས་པའི་རྒྱལ་ཕྲན་ལ་བོད་རྣམས་ཀྱིས་འ་ཞ་ཞེས་འབོད་པ་དེ་འདྲ་ཞིག་ཡིན་གསུངས།”① ཞེས་དེང་རབས་མཁས་པའི་གསུང་སྟངས་ལ་ཐུགས་བཞེད་ཡོད་ཚུལ་གྱིས་གསུངས་འདུག་ཅིང་། དོན་དུ་ཁོང་གིས་གསུངས་པའི་《དེབ་དཀར་》མཁན་པོའི་ལུགས་དེ་ནི་དྲུ་གུའི་སྐོར་ཡིན་པ་ལས་འ་ཞའི་ལོ་རྒྱུས་ལ་གོ་མི་ཉན་པ་གོང་དུ་ཞུས་ཡོད་པ་ལྟར་ཡིན་ལ། བོད་ཡིག་ཏུ་གྲུ་གུ་དང་འ་ཞ་གཉིས་སྐབས་འགར་དོན་གཅིག་ཏུ་གོ་མཁན་ཡོད་པས་དེ་ལྟར་གསུངས་པ་ལགས།  
            དེས་ན་བོད་བཙན་པོའི་སྐབས་ཀྱི་འ་ཞའི་ཡུལ་ཟེར་བ་དེ་དོན་དམ་གང་དུ་ཡོད་འདོད་ན། བོན་གྱི་ལོ་རྒྱུས་ 《བསྒྲགས་པ་གླིང་གྲགས་》སུ་“འ་ཞ་དང་བོད་ཀྱི་བར་ནི། བྱེ་མ་སྤྱང་འདུར་རོང་གིས་བཅད།”② ཅེས་དང་། གཞན་ཡང་བོན་གྱི་ཡིག་རྙིང་《སྲིད་པ་རྒྱུད་ཀྱི་ཁ་བྱང་ཆེན་མོ་》ཞེས་པ་སོགས་གོང་དུ་དྲངས་པའི་ཡིག་ཚང་དེ་དག་ལས་ཀྱང་བཀོད་འདུག་ལ། ཡང་གོང་དུ་སོང་བ་《རྦ་བཞེད་》དུ་མཐའ་འདུལ་ཡང་འདུལ་གྱི་གཙུག་ལག་ཁང་བཞེངས་པའི་གྲས་སུའང་མདོ་ཁམས་སུ་གློང་ཐང་སྒྲོན་མ། འ་ཞར་ཀེའུ་གཟི་མདངས། ལི་ཡུལ་དུ་ཤན་ཨིནྟྲ་ཞེས་བཀོད་པ་སོགས་ལས་ཀྱང་འ་ཞའི་ཡུལ་མདོ་སྨད་དུ་ངོས་འཛིན་པ་གསལ། ཡང་《ཆོས་འབྱུང་མཁས་པའི་དགའ་སྟོན་》དུ་བཙན་པོ་ཁྲི་སྲོང་ལྡེ་བཙན་རིང་བཀའ་མཆིད་ཀྱི་ཡི་གེ་བཅུ་གསུམ་ཕྱག་རྒྱས་བཏབ་སྟེ་འཆང་དུ་སྩལ་བའི་གྲས་སུའང་། “བཅུ་ནི་མཐར་ཕྱག་རྒྱས་བཏབ་སྟེ། ར་སའི་འཕྲུལ་སྣང་གཙུག་ལག་ཁང་དང་།…བྲུ་ཤ་ཡུལ་དང་། ཞང་ཞུང་ཡུལ་དང་། མདོ་སྨད་དང་། སྡེ་བློན་རིས་དང་།”①ཞེས་བཀོད་པའི་སྡེ་བློན་རིས་བྱ་བ་ནི་བདེ་བློན་གྱི་ཁམས་ཟེར་བ་དང་དོན་གཅིག་སྟེ་འ་ཞ་དང་མཐོང་ཁྱབ་ཡུལ་ལ་གོ་བ་འདི་ཡིན། དེ་ལྟར་《ལྡེའུ་ཆོས་འབྱུང་རྒྱས་པ་》ཞེས་པར་བོད་ཡུལ་གྱི་ཁམས་གསུམ་བརྗོད་སྐབས་སུའང་། “ཁམས་གསུམ་ནི། སྟོད་ཁམས་གསུམ་། སྨད་ཁམས་གསུམ། དབུས་ཁམས་གསུམ་མོ། །ཡང་ན་མདོ་ཁམས། བདེ་ཁམས། ཙོང་ཁམས་སོ། །”② ཞེས་བཀོད་པ་ལས་ཀྱང་བདེ་ཁམས་ཞེས་འབྱུང་བ་འདི་འ་ཞའི་ཡུལ་ཡིན་ལ། དེ་ཡང་ 《དབའ་བཞེད་》དུ་“ཕྱིས་གཙང་ནས་འབྲེ་སྟོན་གཞོན་ནུ་ཚུལ་ཁྲིམས་དང་། འ་ཞ་བྱང་ཆུབ་གཞོན་ནུ་གཉིས་ཀྱིས་ཁམས་སུ་ཕྱིན་པ་ན།”ཞེས་བཀོད་པ་དང་མཐུན་ལ། “ཡང་ཁ་ཅིག་ནས་འབྲེ་སྟོན་གཞོན་ནུ་ཚུལ་ཁྲིམས་དང་འ་ཞ་བྱང་ཆུབ་གཞོན་ནུ་ལས་འཕེལ་བ་ནི་འབྲེས་རྟ་ནག་བྱ་ཚང་བཟུང་བ་ལས་ཤངས་ཀྱི་བྱེ་ཕུག་འཕེལ་ཞིང་།.....ལབཙུན་གྱིས་སྣ་ནམ་་་་”ཞེས་དང་། ཡང་བོད་ཀྱི་ཚོང་ལྔའི་གྲས་སུའང་རྒྱ་བྱེཚོང་། འ་ཞ་གྲི་ཚོང་③ཞེས་པ་སོགས་བཀོད་པ་མང་ངོ་། ། 
            དེ་ལ་《བཀའ་ཐང་སྡེ་ལྔ་》ལས། “བྱང་ཕྱོགས་གེ་སར་གྲུ་གུ་བཞུགས་པ་ཡང་། །བར་དུ་བཀའ་འཁོན་བྱུང་ནས་བདོ་བ་ལ། །སྲིན་པོ་གདོང་དམར་བོད་ཀྱི་དམག་གཡོས་ནས། །གྲུ་གུ་ཡུལ་གྱི་ཨོང་དུ་མན་ཆོད་དུ། །བོད་ཀྱི་དམག་དཔུང་སྦྲ་ནག་ཕབ་ནས་ནི། །ཡུལ་བརླག་མི་རྣམས་མོན་གྱི་ཡུལ་དུ་བསྐྱལ། །  ……བོད་   ཀྱི་དམག་དཔུང་ལི་ཡི་ཡུལ་དུ་ཕབ། །ལི་ཡུལ་ལྕང་ར་སྨུག་པོ་བྲན་དུ་སྤྱད། །”①ཅེས་བཀོད་པའི་གྲུ་གུ་དེ་ནི་དེང་སང་གི་ཞིན་ཅང་ཕྱོགས་ཀྱི་སྔར་རྒྱ་སྐད་དུ་“突厥”ཟེར་བ་དེ་ཡིན་ལ། འདིའི་གྲུ་གུ་དང་《མདོ་སྨད་ཆོས་འབྱུང་》ནང་གི་གྲུ་གུ་གཉིས་མི་རིགས་དང་ཡུལ་གྲུ་བཅས་སོ་སོར་ཡོད་པ་ཤེས་དགོས་ལ། གྲུ་གུ་འདིའི་མིང་ལ་བོད་ཀྱི་ཡིག་རྙིང་དང་ཏུན་ཧོང་གི་ཡིག་ཆ་བཅས་སུ་དྲུ་གུ་དང་དྲུ་གུའི་ཡུལ་ཞེས་བཀོད་ཡོད་པ་དེ་ཡང་དག་པར་སེམས་ཏེ།སྤྱིར་མི་རིགས་འདིའི་མིང་ཁོང་ཚོའི་སྐད་དུ་ཕལ་ཆེར་དུ་རུ་གུ་ལྟ་བུའི་སྒྲ་ཐོན་པས་ན་ད་དྲུའི་སྒྲ་འདི་ཅུང་ཟད་མིང་ངོ་མའི་སྒྲ་དང་ཉེ་བར་འདུག་སྙམ། ཡང་བོད་ཀྱི་ལོ་རྒྱུས་ལ་ལར་རྒྱའི་ཞན་ཞུགས་མང་བས་སམ་ཡང་ན་རྒྱ་དང་དྲུ་གྲུ་ཞེས་པའི་བསྡུས་མིང་ལ་རྒྱ་དྲུག་ཅེས་ཀྱང་བཀོད་པ་མཐོང་རྒྱུ་ཡོད་དོ །  །
            དེ་ལྟར་《ལི་ཡུལ་ལུང་བསྟན་》དུ་“གང་གི་ཚེ་སུམ་པ་དང་། འ་ཞ་དག་དེར་དོང་བ་དང་། གང་གི་ཚེ་ཡུལ་དེར་འ་ཞ་དང་སུམ་པ་འོང་བ་དེའི་ཚེ་བདག་འཆི་བའི་དུས་སུ།.....གང་གི་ཚེ་ལི་ཡུལ་དུ་ཐོག་མར་སུམ་པ་འོངས་པ་དེའི་ཚེ་ལྷ་མོ་འདི་ལྷ་མོའི་ནང་ནས་ཤི་འཕོས་ནས་སྐར་རྡོའི་རྒྱལ་པོའི་བུ་མོར་འགྱུར་རོ།། གང་གི་ཚེ་འ་ཞ་དང་སུམ་པ་འོང་བའི་དུས་ལ་བབ་པ་དེའི་ཚེ་་་་་་་་་② ཞེས་སོགས་དང་། ཡང་《ལྷ་མོ་དྲི་མ་མེད་པའི་འོད་ཀྱིས་ཞུས་པའི་མདོ་》ལས། “དེ་ཡུལ་ཚེ་ན་དྲི་མེད་འོད། །   ལྷ་མོས་སྨོན་ལམ་འདི་སྐད་བཏབ། །  གང་ཚེ་ཡུལ་གྱི་དང་པོ་འདིར། །སུམ་པ་མང་པོ་འོང་བ་དང་། །གང་ཚེ་ཡུལ་འདིར་རྒྱ་དང་ནི། །འ་ཞ་དང་ནི་སུམ་པ་རྣམས། །འཕགས་སྐྱེས་པོ་ཡི་དམག་བཞིན་དུ། །ཡུལ་དེར་འོང་བར་གྱུར་པ་ན། །   དེ་ཚེ་ཡུལ་འདིར་སྐྱེ་བོའི་ཕྱིར། །བདག་གིས་སྐྱེས་པ་བླང་བར་བགྱི། །བདག་གིས་སྐྱེ་བ་དེར་བླངས་པས། །སུམ་པ་ལ་སོགས་ལྡོག་གྱུར་ཅིག །”① ཅེས་བཀོད་འདུག་པ་སོགས་ལས་ཀྱང་སྐབས་དེར་སུམ་པ་དང་འ་ཞའི་དམག་ལི་ཡུལ་དུ་དྲངས་ཡོད་པ་ཕལ་ཆེར་ཤེས་པས། སྔོན་ཆད་ཞུས་པ་བཞིན་མདོ་ལུང་འདི་དག་གི་ནང་དོན་རྣམས་ནི་ལུང་བསྟན་མ་ཡིན་པར་སྐབས་དེའི་ལོ་རྒྱུས་ཀྱི་གནས་ཚུལ་ངོ་མའི་དངོས་བསྟན་ཡིན་པ་གསལ་ལོ། །  
            དེ་ལྟར་བོད་ཀྱི་བསྟན་འགྱུར་ཁྲོད་དུ་བཞུགས་པའི་《ལི་ཡུལ་ལུང་བསྟན་》དང་། 《གླང་རུ་ལུང་བསྟན།》 《ལྷ་མོ་དྲི་མ་མེད་པས་ཞུས་པའི་མདོ་》བཅས་སུ་བོད་གདོང་དམར་ཅན་དང་འ་ཞ་དང་སུམ་པའི་དམག་ལི་ཡུལ་དུ་འོང་ཚུལ་སྐོར་ལུང་བསྟན་གྱི་ཚུལ་དུ་གསུངས་པ་མདོ་དེ་དག་ཏུ་མང་པོར་བཀོད་འདུག་པ་དང་། ཚུལ་དེ་དྲན་དབང་དགེ་འདུན་ཆོས་འཕེལ་གྱིས་ཀྱང་ལི་ཡུལ་ནི། “བོད་དང་སུམ་པ་རྣམས་ཀྱིས་ཡུལ་དེ་འཛིན་པར་ལུང་བསྟན་པ་ཡང་། སྲོང་བཙན་གྱི་རྗེས་ཙམ་ནས་ལི་དེ་བོད་ཀྱི་ཆབ་འོག་ཏུ་ཆུག་སྟེ་མཐོང་ཁྱབ་ཁྲི་སྡེ་ལྔ་བྱ་བ་བཙུགས་ཤིང་། ད་ལྟའི་བར་བོད་ཀྱི་དམག་མཁར་ཞིག་རོ་མང་དུ་ལུས་པ་དག་ལས། རྒྱ་བོད་ཀྱི་གླེགས་བམ་ཕོན་ཆེན་པོ་དང་། སྐུ་བཪྙན་རྣམས་ད་དུང་ཡང་བྱེ་མ་ནས་རྙེད་ཟེར་ཞིང་། རྒྱ་གར་རྒྱལ་སར་སླེབས་པ་དག་ཁོ་བོས་ཀྱང་མཐོང་།”② ཞེས་གསུངས་པ་བཞིན་ཏུན་ཧོང་གི་ཡིག་ཆ་དང་ལི་ཡུལ་གྱི་ཁྲམ་ཤིང་མ་ཟད། རྒྱའི་ཡིག་ཚང་ནང་དུའང་དེ་ལས་རྒྱས་པ་ཡོད་པ་མཁས་པ་ཚང་མར་ཆ་རྒྱུས་ཡོད་པ་ལྟར་ཡིན་ལ། ནང་སྒོས་སུ་   བོད་བཙན་པོའི་དམག་དཔུང་ལི་ཡུལ་དུ་དྲངས་ནས་ལི་ཡུལ་དང་ཉེ་འཁོར་ཡུལ་ཁམས་མང་པོ་བདག་ཏུ་བཟུང་ནས་བདེ་བློན་གྱི་ཁམས་ཆེན་པོ་དང་། དམག་སྲིད་ལས་ཁུངས་མཐོང་ཁྱབ་ཁྲི་སྡེ་དགུ་སོགས་བཙུགས་ནས། སྔ་ཕྱིར་ལོ་ངོ་བདུན་ཅུ་ལྷག་ལ་དབང་བསྒྱུར་བའི་ལོ་རྒྱུས་རྣམས་རྒྱལ་ནང་གི་མཁས་པ་རྣམས་དང་ཐ་ན་འཇར་པན་གྱི་མཁས་པ་རྣམ་པས་དེ་བས་ཀྱང་ཞིབ་འཇུག་ནན་མོ་གནང་ཡོད་པས་ཁོ་བོས་འདིར་བསྐྱར་ཟློས་ཀྱི་ངལ་བ་བགྱི་མི་དགོས་ལ། ཤེས་དགོས་པ་ཞིག་ནི་སྐབས་དེར་ལི་ཡུལ་དུ་འོངས་པའི་བོད་བཙན་པོའི་དམག་དཔུང་གཙོ་བོ་ནི་སུམ་པ་དང་འ་ཞའི་དམག་ཡིན་པས་གོང་གི་ལུང་བསྟན་ནམ་དངོས་བསྟན་ལོ་རྒྱུས་དེ་དག་བྱུང་བ་ཡིན་ལ། ཡང་མཁས་པ་ལ་ལས་ལི་ཡུལ་དུ་སུམ་པ་དང་འ་ཞའི་མིང་མང་པོ་འབྱུང་བ་མཐོང་སྟེ། ཡུལ་དེ་གཉིས་ལི་ཡུལ་དུ་ཡོད་པར་འདོད་པ་ནི་ཐུགས་མཉམ་མ་བཞག་པའི་གསུང་དུ་ངེས་ལ། ཁོ་བོས་སྔོན་ཆད་ལི་ཡུལ་དང་སུམ་པའི་སྐོར་ཆེད་དུ་དཔྱད་རྩོམ་སྤེལ་ནས་ངོ་སྤྲོད་བྱས་ཡོད་པས་ཤེས་འདོད་དག་གིས་དེ་རིགས་ལ་གཟིགས་པར་ཞུའོ། །  
            གཞན་ཡང་དེང་སང་གི་རྒྱ་རིགས་མཁས་པ་ཚོས་ཧོར་རིགས་ནི་ཐུ་ལུ་ཧུན་གྱི་མི་རྒྱུད་ཡིན་ཚུལ་བརྗོད་ཀྱང་མདོ་སྨད་དགོན་ལུང་དང་མཁར་ལུང་ཕྱོགས་ཀྱི་ཧོར་རིགས་ནི་ཐུའུ་བཀྭན་བློ་བཟང་ཆོས་ཀྱི་ཉི་མས་ཀྱང་“སྔོན་ཀྱི་དུས་སུ་སའི་ཚངས་པ་ཇིང་གིར་ཧན་གྱི་བློན་པོ་ཀེ་རེལ་ཐུ་ཟེར་བའི་ཚོ་པ་ཞིག་འབངས་དང་བཅས་པ་འདིར་འོངས་པས་ད་ལྟའི་ཧོར་འདི་རྣམས་ཕལ་ཆེར་ཀྱང་དེའི་རྒྱུད་པ་ཡིན་ལ།”①ཞེས་ཧོར་རིགས་ཡིན་པར་གསུངས་པས་མཚོན་སྔོན་བྱོན་མཁས་པ་རྣམས་ཀྱིས་ཀྱང་ཧོར་རིགས་འདི་ཐུ་ལུ་ཧུན་གྱི་མི་རྒྱུད་ཡིན་པར་མི་བཞེད་པ་འདི་ཡིན། །   
            བཞི་པ། འ་ཞའི་ཡུལ་གྱི་ལྟེ་བ་དང་མི་སྡེ་ལྷག་མ་ངོ་སྤྲོད།    
            (གཅིག) མདོ་སྨད་མཚོ་སྔོན་གྱི་འ་ཞའི་མཁར་ཤུལ་དང་མི་རྒྱུད།  
            མཚོ་སྔོན་གྱི་འ་ཞ་རྒྱལ་མཁར་རམ་ཐེབ་རྒྱའི་མཁར་ནི་མཚོ་སྔོན་པོའི་ནུབ་ཕྱོགས་ནས་སྤྱི་ལེ་བཅོ་ལྔ་ཙམ་གྱི་སར་ཡོད་ལ་རྒྱ་སྐད་དུ་ཧྥུ་ཆི་ཁྲིན་(伏埃城)ཟེར། དེའི་གོང་དུ་ད་དུང་འ་ཞའི་མཁར་རྙིང་གཞན་ཞིག་ཀྱང་ཡོད་འདུག །ཡུལ་དེ་《མཚོ་ལྷོ་ཁུལ་ས་མིང་རིག་གནས་བརྡ་འགྲེལ་》ཞེས་པར། “ཐེབ་རྒྱ་ཚོ་སྡེ་འདི་ནི་སྤྲེའུ་ནག་ཡུལ་ཚོ་སྲིད་གཞུང་གི་ནུབ་བྱང་ཕྱོགས་སུ་ཧ་ལམ་སྤྱི་ལེ་ཉེར་དྲུག་གི་མཚམས་ན་ཡོད། སྤྱི་ཉིན་ལུང་ཚོ་སྡེ་ཉེར་གསུམ་གྱི་ནང་ཚན་ཡང་ཡིན། ངག་རྒྱུན་ལྟར་ན། ཐེབ་རྒྱ་ཞེས་པའི་ཚོ་སྡེ་འདི་ནི། མངའ་བདག་ཁྲི་རལ་པ་ཅན་གྱི་སྐུ་དུས་སུ་བྱུང་བའི་བོད་ཀྱི་དམག་དཔོན་ཆེན་པོ་གཅེན་དར་བ་གཡག་ཁུར་ཞེས་པ་དེའི་དམག་རྒྱུད་ལས་མཆེད་པའི་ལྡོང་རིགས་ཐེ་བོ་པའི་རུས་རྒྱུད་གྲུབ་པ་ཞིག་ཡིན་པར་བཤད་དེ། ལྡོང་རིགས་ཐེ་བོ་པའི་རུས་རྒྱུད་དེ་ལ་ཕྱིས་སུ་ཐེ་བོ་དང་། མཐེབ་ཙི། མཐེབ་ཀྱུ། ཐེབ་ཀྱ་ལ་སོགས་པའི་འབོད་ཚུལ་མང་དུ་བྱུང་བ་དེ་དག་རིམ་གྱིས་འགྱུར་ནས། ད་ལྟ་ཐེབ་རྒྱ་ཞེས་འབོད་པའི་གཅིག་མཐུན་གྱི་ཚོ་མིང་འདི་ཐོགས་པ་ཡིན་ནོ་ཞེས་གྲགས་སོ། །”① ཞེས་དང་། ཡང་ཐེབ་རྒྱའི་ཚོ་པ་ཐོག་མར་གཅིག་ཏུ་ཡོད་པ་ཕྱིས་སུ་འཕེལ་ནས་རྨ་ཕར་ཚུར་དང་མཚོ་སྔོན་པོའི་གཡས་གཡོན་གྱི་ཡུལ་མི་དང་ཉེ་འབྲེལ་བྱས་ནས་ཐོག་མའི་ཐེབ་རྒྱ་སོ་རྙིང་བུ་དགུ་གསུམ་ཟེར་བ་ནས་   རིམ་གྱིས་འཕེལ་ནས་ཐེབ་རྒྱ་བུ་མང་ཚང་དང་། ཐེབ་རྒྱ་ཨ་སངས་ཚང་། ཐེབ་རྒྱ་སྨར་ཁམས་ཚང་། ཐེབ་རྒྱ་སོག་རྩ་ཚང་། ཐེབ་རྒྱ་དགུ་རོང་ཚང་། ཐེབ་རྒྱ་བོང་ཉལ་ཚང་། ཐེབ་རྒྱ་སྒར་སྐོར་ཚང་། ཐེབ་རྒྱ་ཁྲབ་རྒྱན་ཚང་སོགས་ནང་གསེས་སུ་ཕ་འོག་བུ་སྐོར་མང་དུ་གྱེས་པར་འདུག་ལ། དེང་སང་སྔར་གྱི་ས་མིང་དང་ཚོ་མིང་རྙིང་པ་རྣམས་ཉམས་པས་བེད་སྤྱོད་མི་བྱེད་པར་བཤད་དོ། །①  
            ཡང་ཁོ་བོ་དེ་ཕྱོགས་སུ་སོང་སྐབས་ཡུལ་མི་ཚོས་ཐེབ་རྒྱ་ལ་ཐོག་མར་ཐེབ་རྒྱ་དུད་ཁ་ལྔ་བརྒྱ་ཟེར་བའི་ཚོ་པ་ཡོད་རབས་འདུག་ཅེས་བཤད་པ་ཐོས་མྱོང་ཟེར་བ་སོགས་ཏེ་སྔོན་གྱི་ལོ་རྒྱུས་སྐོར་བཤད་རྒྱུན་མང་པོ་ཡོད་ཚོད་རེད། དེ་ལ་འདིར་ཁོ་བོས་བསམས་ན་དེང་སང་མིང་ཐེབ་རྒྱ་ཞེས་བྲིས་འདུག་མོད། དོན་དུ་ཐེ་བརྒྱ་ཡིན་ཤོས་ཆེ་སྟེ་གང་ཟེར་ན་སྒ་འ་ཞའི་རིགས་རྒྱུད་ཐོག་མར་མདོ་སྨད་ཅོ་ནེ་དང་ཐེ་བོའི་ཡུལ་དུ་ཡོད་པ་ཕྱིས་སུ་མཚོ་སྔོན་ཕྱོགས་སུ་མཆེད་ཚུལ་ལ། སུམ་པ་མཁན་པོས་བར་དེར་ཅོ་ནེའི་མི་རྒྱུད་སླེབས་ནས་ཞེས་གསུངས་པ་བཞིན་ཅོ་ནེ་ཐེ་བོའི་མིང་གོང་གི་ཐེ་བོ་ལྔ་བརྒྱའི་སྡོད་གནས་ལ་ཐེ་བརྒྱ་ཞེས་འབོད་པ་ཕྱིས་སུ་རིམ་གྱིས་བརྒྱའི་སྔོན་འཇུག་བ་ཡར་དྲངས་ནས་ཐེབ་རྒྱར་ཆགས་སོང་བ་ཡིན་ཀྱང་སྲིད་ལ། ཡང་འདིའི་སྔོན་མའི་སྒ་འ་ཞའི་མི་རྒྱུད་དེང་སང་འདི་ཡིན་ཞེས་ངོས་འཛིན་རྒྱུ་མེད་པར་ས་མིང་ཡུལ་མིང་ཙམ་ལྷག་པ་མ་གཏོགས་མཚོ་སྔོན་པོའི་ཉེ་སྐོར་ཐམས་ཅད་བོད་པ་རུས་མང་འདུས་པའི་འབྲོག་པ་རྐྱང་རྐྱང་འཚོ་བཞིན་ཡོད། རྒྱའི་མཁས་པ་ལ་ལའི་བཤད་སྲོལ་ལྟར་ན་ཐུའུ་ཡུས་ཧུན་གྱི་མི་རྒྱུད་ཕྱིས་སུ་རྒྱ་བོད་གཉིས་ཀྱི་ཁྲོད་དུ་འདྲེས་སོང་བའི་ལྷག་མ་ནི་དེང་སང་གི་ཧོར་རིགས་འདི་ཡིན་ཚུལ་སྨྲ་ཡང་། ཧོར་རིགས་ཁོང་ཚོས་དེ་ལྟར་མི་འདོད་པར་ཁོང་ཚོ་ཧོར་ཏེ་སོག་པོའི་རྒྱུད་པ་ཡིན་པར་འདོད་ཟེར། ཚུལ་དེ་ཐུའུ་བཀྭན་གྱི་གསུང་དང་བོད་ཡིག་གི་《གཉན་ཐོག་ལོ་རྒྱུས་》ཞེས་པ་སོགས་སུའང་ཧོར་རིགས་ནི་ཧོར་རྒྱལ་བློན་གྱི་མི་རྒྱུད་ཡིན་ཚུལ་བཀོད་འདུག་པས་ཀྱང་ཤེས་སྙམ་མོ། །  
            སྤྱིར་མཚོ་སྔོན་དང་སྒོས་སུ་མཚོ་སྔོན་པོའི་ཉེ་འཁོར་ཡུལ་གྲུ་རྣམས་ནི་སུམ་པ་མཁན་པོས་《མཚོ་སྔོན་ལོ་རྒྱུས་》ཞེས་པར་“ཁྲི་བཤོས་རྒྱལ་མོ་ཞེས་པ་མཚོ་སྔོན་འདི་ཡིན་ལ།་་་་་་་གནའ་སྔོན་གང་སུས་ཡུལ་དེ་བདག་བྱས་པའི་ཡི་གེ་བདག་གིས་མ་མཐོང་ལ། འོན་ཀྱང་སྔ་དུས་སུ་ས་སྟོང་ལྟ་བུ་ལ་སུ་འདུག་གི་ངེས་པ་མེད་དམ་སྙམ། བར་སྐབས་ནས་བོད་དཔའ་རིས་ཀྱིས་བདག་བྱས་ཚེ་ཕུར་ཚ་སྒོམ་པ་ཆོས་རྡོ་རྗེ་ཞེས་པའང་བྱུང་ནས་མཚོ་སྙིང་རི་སོགས་ལ་བསྡད། དཔའ་རིས་ཀྱི་རྗེས་སུ་བོད་ཨ་ཆིའི་དཔོན་རྟ་མང་པོ་ཡོད་པ་ལ་ཁྲི་དམར་ཅན་དུ་གྲགས་པ་འབངས་བཅས་ཀྱིས་ལྗོངས་དེ་ལ་དབང་བསྒྱུར་དུས་སུ་གླང་དཀར་པོ་ཞོན་ནས་འགྲོ་བའི་བླ་མ་གླང་དཀར་ཅན་ཞེས་པ་གྲུབ་ཐོབ་པ་ལྟ་བུ་ཞིག་མཚོ་སྙིང་དང་ནུབ་འགྲམ་གྱི་མགོན་པོ་གདོང་དང་བྲག་ཁུང་དང་། ཁྲོ་བོ་ལྟ་བུ་དང་བསྐང་རྫས་འདྲ་བ་རང་བྱུང་དུ་མ་ཡོད་པའི་བྲག་བར་སོགས་སུ་སྡོད་པའང་བྱུང་། ཡང་བར་དེར་བོད་ཅོ་ནེའི་མི་སྡེ་ཞིག་དང་།་་་་་་་་་དེ་ལྟར་ན་སྔར་རྒྱལ་དཔོན་ཆེན་པོ་ཁོ་ནས་བདག་བྱས་པའི་ངེས་པ་མེད་པ་འདྲ།”① ཞེས་བརྟག་པའི་གནས་སུ་བཀོད་འདུག་པར་དཔྱད་རྒྱུ་ཡོད་པས་ཕྱིས་སུ་མུ་མཐུད་དུ་ཞིབ་འཇུག་བྱ་འོས་སོ ། །   
            (གཉིས།) མདོ་སྨད་ལྷོ་རྒྱུད་ཀྱི་འ་ཞའི་ཡུལ་དང་མི་རྒྱུད།  
            མདོ་སྨད་ལྷོ་རྒྱུད་ཀྱི་དེང་སང་ཀན་སུའུ་ཞིང་ཆེན་གྱི་ཀན་ལྷོའི་ཐེ་བོ་རྫོང་ན་   འ་ཞ་ཁོག་ཟེར་བའི་ལུང་པའི་ནང་ན་འ་ཞ་ཞང་ཟེར་བའི་ཡུལ་ཚོ་དང་འ་ཞ་ནགས་གོང་དགོན་ཟེར་བའི་བོན་དགོན་རྙིང་གྲས་བཅས་ཡོད་ལ། ཐེ་བོའི་འ་ཞ་ནི་འབྲུག་ཆུའི་ལྷོ་རྒྱུད་ཀྱི་ལུང་པའི་ནང་དུ་ཡོད་ལ། དེའི་ལྷོ་ཕྱོགས་རྡོ་ར་ཞང་དང་། ལྷོ་ནུབ་སི་ཁྲོན་ཞིང་ཆེན་གྱི་གཟི་རྩ་སྡེ་དགུ་དང་མཛོད་དགེ་རྫོང་དང་འདྲེས། བྱང་ཐེ་བོ་རྟ་ར་ཞང་དང་དབང་ཚང་ཞང་ལ་འདབས་འབྲེལ་ཡོད། ཞང་སྲིད་གཞུང་གནས་ཡུལ་ལ་རྣོ་བཞུ་གུ་ཟེར། ཐེ་བོ་རྫོང་ཐོག་ནས་སྤྱི་ལེ་བརྒྱད་ཅུ་ཙམ་གྱི་སར་ཡོད། དེ་དང་མི་རིང་བར་རྟ་ར་ཁོག་ནས་ལུང་པའི་སྟོད་དུ་ཕྱིན་པ་ན་སི་ཁྲོན་ཞིང་ཆེན་གྱི་མཛོད་དགེ་རྫོང་གི་ཆོས་རྗེ་ཞང་ལ་སླེབས་ཤིང་། དེར་འཕན་ཆུའི་རྒྱུད་དུ་ད་དུང་འ་ཞ་རྒྱལ་མཁར་གྱི་ཤུལ་ཡིན་ཟེར་བ་མཁར་གྲུ་བཞི་མ་རྒྱ་མི་ཆུང་བ་ཞིག་དེང་སང་བར་ལུས་ཡོད། དེ་སྔོན་ཆད་ཀྱི་འཕན་ཆུ་མཁར་ཡོད་ས་ཡང་དེ་ཡིན་འདུག་པ་དང་། ཆོས་རྗེ་ཞང་ན་ས་སྐྱ་བའི་རིང་ལུགས་འཛིན་པ་ཆོས་རྗེ་དགོན་པ་ཡོད་ལ་དེང་སང་སླར་གསོ་ཡག་པོ་གནང་འདུག །དེ་རྣམས་ནི་ཐོག་མའི་སྒ་འ་ཞའི་མི་རྒྱུད་དང་སྒ་འ་ཞའི་ཡུལ་གྱི་དངོས་གཞི་དངོས་ཡིན་སྙམ། གང་ཞེ་ན་གོང་དུ་སོང་བའི་མཚོ་སྔོན་འ་ཞ་ཡང་ཕྱོགས་འདི་ནས་ཡར་མཆེད་པའི་གནས་ཚུལ་གྱི་གཏམ་རྒྱུད་མང་པོ་ཡོད་པ་ལྟ་བུ་དང་། ཡང་ཕྱོགས་འདི་ན་འ་ཞ་མིན་པའི་ད་དུང་རྒྱལ་རྗེ་དང་ཆོས་རྗེ་ཟེར་བའི་ས་མིང་རྙིང་པ་མ་ཉམས་པར་ཡོད་པས། མཚོ་སྔོན་གྱི་འ་ཞ་ཐེ་བོ་ནས་ཐོན་པས་ཐེ་བརྒྱ་དང་། འ་ཞ་ཡོད་སར་ཆོས་རྗེ་ཐང་ཟེར་བ་ལ་བརྟགས་ན་ས་མིང་དེ་ཡང་ཆོས་རྗེ་འདི་ནས་ཐོན་པས་མིང་དེ་ལྟར་ཐོགས་པ་ཡིན་ནའང་མི་འགྲིག་རྒྱུ་མེད་སྙམ། དེ་མིན་བཤད་ཚུལ་འདི་ཡང་རྒྱའི་ཡིག་ཚང་དུ་བཀོད་པའི་ཐུའུ་ཡུས་ཧུན་གྱི་ཤོར་མ་རྣམས་བྱང་ནས་སླེབས་ཏེ་ཀན་སུའུ་ལྷོ་རྒྱུད་དང་དེ་ནས་མཚོ་སྔོན་ཕྱོགས་སུ་མཆེད་པར་བཤད་པ་དང་ཡང་མ་བསྒྲིགས་རང་འགྲིག་ཏུ་སོང་ཡོད་པ་འདི་དག་ནི་ལོ་རྒྱུས་ཀྱི་རང་མདངས་མ་ཉམས་པའི་རྟགས་མཚན་གལ་ཆེན་ཡིན་ཆེ་ལ། དེར་མ་ཟད་འ་ཞ་ཞེས་པའི་མིང་ཐོགས་ཚུལ་ཡང་ཐེ་བོའི་ཡུལ་ནས་བྱུང་ཚུལ་དེ་གའི་ས་ཆའི་ལོ་རྒྱུས་རྣམས་སུ་མིང་བྱུང་ཚུལ་གྱི་གཏམ་རྒྱུད་ཀྱང་བཀོད་པ་མཐོང་རྒྱུ་ཡོད།   དེ་མིན་ཅོ་ནེ་རྫོང་གི་ཁང་ཐོག་ཞང་གི་ཤོ་པའི་ཡུལ་དུ་འ་ཞའམ་གྲུ་གུའི་རིགས་རྒྱུད་ལུས་པ་ལ་བརྟེན་ནས་ཉེ་སྔོན་ཧོར་རིགས་སུ་བཀར་ནས་ཞང་ཞིག་ཀྱང་བཙུགས་ཡོད་པ་སོགས་འདས་པའི་ལོ་རྒྱུས་ཀྱི་ཤུལ་རྟགས་མང་ཙམ་འདུག་ལ། ཚུལ་དེ་《མདོ་སྨད་ཆོས་འབྱུང་》དུ་ཤོ་པ་རྟ་མགྲིན་རང་བྱོན་བཞུགས་པའི་དགོན་ཤོ་པ་མཁས་གྲུབ་གླིང་གི་བྱུང་བ་བརྗོད་རྗེས། “གོང་སྨྲས་ཤོ་པའི་དགོན་པའི་བྱང་ཤར་ངོས་སུ་ཤོ་ཨ་མ་འབྲུག་མཚོར་གྲགས་པའི་མཚོ་གཉན། འདི་ལ་སྔ་མོ་མཚོ་མཇལ་གྱི་མཐོང་སྣང་མང་ཞིང་། སྟོང་འཁོར་ཡོན་ཏན་རྒྱ་མཚོས་དམག་ཟོར་མའི་བླ་མཚོར་ངོས་བཟུང་། དེའི་འགྲམ་ཐོན་ན་སྔོན་ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་གྱིས་གྲུ་གུའི་ཡུལ་དུ་དམག་དྲངས་པར་བཤད་པའི་བྱང་གྲུ་གུའི་རྒྱལ་ཁབ། དེར་སེ་རའི་ཐོབ་ཁུངས་སུ་གཏོགས་པའི་དགོན་དགུ་དང་། འབྲས་སྤུངས་ཐོབ་ཁུངས་སུ་གཏོགས་པའི་དགོན་བཅོ་བརྒྱད་དུ་གྲགས་པ་ཡོད་”①ཅེས་གསུངས་ཤིང་། ཤོ་པའི་མི་རྣམས་ནི་དེང་སང་བོད་ཁྲོད་དུ་འདྲེས་ནས་སྐད་དང་གོམས་སྲོལ་ཆོས་ལུགས་དང་བཅས་པ་མདོ་སྨད་བོད་མི་དང་གཉིས་སུ་ཆེར་མི་འདུག་མོད། ཡང་ཁོ་ཚོ་རང་གི་ཡུལ་སྐད་ཉུང་ཙམ་ལུས་པའི་ནང་རྒྱ་སྐད་དང་བོད་སྐད་འདྲེས་མ་ལྟ་བུར་ཡོད་ལ། ས་ཆ་དེ་གའི་མིས་ལབ་ན་ཧོར་སྐད་གཙང་མ་ཐབ་ཚང་གི་མིང་མ་གཏོགས་ཕལ་ཆེར་ལུས་མེད་པའི་ཚོད་དུ་སླེབས་ཞེས་གླེང་ཡང་། བོད་རང་གིས་ཁོང་ཚོར་འ་ཞ་མི་ཟེར་བར་གྲུ་གུའི་རིགས་རྒྱུད་དུ་ངོས་འཛིན་པ་དང་ཡུལ་མིང་ལའང་གྲུ་གུ་གོར་ཐང་ཞེས་འབོད་པ་སོགས་ཞིབ་ཏུ་དཔྱད་རྒྱུ་ཡོད་ལ། རྒྱའི་ཡིག་ཚང་ནང་བཀོད་པའི་ཐུའུ་ཡུས་ཧུན་གྱི་མི་རྒྱུད་ཕྱོགས་འདིར་མཆེད་ཚུལ་བཤད་པ་དང་འགྲིག་པས་ཡུལ་མིང་ཡང་ཤོ་པ་ཟེར་བ་རྟ་འགྲུལ་གྱི་དོན་ཡིན་པས་དེ་ཚོ་ནི་ཕལ་ཆེར་ཐུ་ལུ་ཧུན་ངོ་མའི་རྒྱུད་པ་ཡིན་ཤས་ཆེ་བས་བོད་པས་ཀྱང་མིང་སོ་སོར་འབོད་པ་དེའོ །  
            ལྔ་པ། བོད་བཙན་པོའི་དུས་ཀྱི་བང་སོའི་རྩོད་རྙོག་སྐོར་བཤད་པ།  
            དེ་སྔོན་སྤྱི་ལོ་1996ཡས་མས་ལ་མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གྱི་ཏུའུ་ལན་རྫོང་གི་ཆུ་ཁོག་ཟེར་བའི་ས་ཆ་ནས་བོད་བཙན་པོའི་སྐབས་ཀྱི་བང་སོའི་ཚོགས་ཆེན་པོ་ཞིག་རྙེད་དེ་སྔོག་འདོན་བྱས་པ་བརྒྱུད། བང་སོ་ནས་བོད་བཙན་པོའི་དུས་ཀྱི་རིག་གནས་ཤུལ་བཞག་མང་པོའི་རིག་དངོས་དང་ཞིབ་འཇུག་གི་རིན་ཐང་ཤིན་ཏུ་ཆེ་བའི་གནའ་བོའི་དུར་རྫས་དང་གསེར་དངུལ་གྱི་ཡོ་བྱད། གནའ་བོའི་དར་ཟབ། ཐ་ན་ཨ་རབ་རྒྱལ་ཁབ་ཀྱི་དངུལ་སྒོར་དང་དུར་རྡོའི་ཡི་གེ་བོད་ཡིག་ཅན་དག་ཅིང་གསལ་བ་“བློན་ཤེའུ་ཁྲི་ཀ་”ཞེས་པ་དང་། གཞན་ཁྲམ་ཤིང་ངོས་སུ་བོད་ཡིག་“རྨ་གུར་པོ་ཆེའི་གོས་བུ་ཤིང་འོག དར་ལྗང་ཀུ་དང་སྦྱར་མ།”① ཞེས་པ་ལ་སོགས་པའི་ཁྲམ་ཡིག་བྱུང་བ་མཁས་པ་རྣམས་ཀྱིས་དཔྱད་བརྗོད་མང་པོ་གནང་འདུག་པ་ལྟར་དང་། བོད་བཙན་པོའི་དུས་ཀྱི་བང་སོ་དེ་བྱུང་བའི་གནས་ཚུལ་འཛམ་གླིང་ཡོངས་ལ་གྲགས་པ་ཁྱབ་ཅིང་། རང་རྒྱལ་གྱི་གནའ་ཤུལ་རིག་པའི་མཁས་དབང་མང་པོ་འདུས་ནས་ལོ་ངོ་དུ་མའི་རིང་ཞིབ་འཇུག་བྱས་འབྲས་ཀྱི་ཆེད་རྩོམ་དང་དཔེ་དེབ་སྔ་ཕྱིར་མང་པོ་བཏོན་པར་མ་ཟད། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་མིང་དང་ངོ་བོ་བཅས་གཏན་འབེབས་ཀྱིས་རྒྱལ་ཁབ་རིག་དངོས་ཅུས་ཀྱིས་སྤྱི་ལོ་2005ལ་བོད་བཙན་པོའི་དུས་ཀྱི་བང་སོའི་ཚོགས་དེ་རྒྱལ་ཁབ་རིག་དངོས་སྲུང་སྐྱོབ་སྡེ་ཁག་གི་གྲས་སུ་བཀོད་ནས་གཏན་འབེབས་ལེགས་པར་གནང་ཡོད་མོད། འོན་ཀྱང་ལོ་ངོ་ཁ་ཤས་ཀྱི་སྔོན་ལ་ས་གནས་ཀྱི་མགོ་ཁྲིད་འགའ་རེས་འབད་དགོས་རྒྱུ་ཇག་རྐུན་མང་པོས་སྔ་ཕྱིར་ཐེངས་མང་པོར་རིག་དངོས་རྐུ་སྔོག་བྱས་ནས་རིག་དངོས་མང་པོ་གཏོར་བརླགས་སོང་བ་རྩད་གཅོད་དང་སྲུང་སྐྱོབ་བྱེད་རྒྱུ་ཕར་བཞག་ནས། མི་ལས་དགུ་ལས་ཞིང་ཆེན་དུ་སྲིད་ཀྱི་གོ་གནས་མཐོ་སར་བསྙེགས་ཟིན་པའི་མགོ་ཁྲིད་ཁ་ཤས་ཀྱི་དམིགས་ཡུལ་ངན་པ་གཞན་ལ་བཤད་མི་རུང་བའི་རྗེས་སུ་འབྲངས་ནས། བང་སོའི་བདག་པོ་སུ་ཡིན་གྱི་ཐད་ལ་དགོས་མེད་ཀྱི་རྩོད་རྙོག་ཆེན་པོ་ཞིག་གི་ཁ་ཕྱེས། དེའི་སྐོར་ཞིབ་ཏུ་《མཚོ་སྔོན་བོད་རིགས་》ཞེས་པའི་དུས་དེབ་ཏུ་རྩོད་ཡིག་དང་རྒྱལ་ཁབ་ཀྱི་བཀའ་བབས་ཡིག་ཆ་ཚང་མ་བཀོད་འདུག་པས། ཁོ་བོས་འདིར་བསྐྱར་ལབ་བྱ་མི་དགོས་ལ་ཡང་དོན་རྐྱེན་དེ་ལས་རང་གི་བློ་ངོར་ཤེས་དགོས་རྒྱུ་དོན་ཚན་འགའ་བབས་པར་འདུག་སྟེ། གཅིག་ན་ཁོ་ཚོའི་འདོད་པ་དེ་ཁྲིམས་ལུགས་ཀྱི་རྨང་གཞི་མེད་པས་ཁྲིམས་འགལ་གྱི་བྱ་སྤྱོད་དུ་འགྱུར་ཉེན་ཡོད་པ་སྟེ། གང་ཟེར་ན་རྒྱལ་ཁབ་ཀྱི་རིག་དངོས་བཅའ་ཁྲིམས་ལྟར་མཁས་པ་མང་པོས་ལོ་ངོ་མང་པོར་དཀའ་ལས་བརྒྱབ་ནས་ཚན་རིག་གི་སྒོ་ནས་དེ་བོད་བཙན་པོའི་དུས་ཀྱི་བང་སོ་ཡིན་པར་ཐག་བཅད་ཟིན་པར་མ་ཟད། རྒྱལ་ཁབ་ཕྱི་ནང་ལ་ཁྱབ་བསྒྲགས་བྱས་ཡོད་པས་དེ་ཁྲིམས་མཐུན་ཡིན་པ་དང་། གལ་ཏེ་དེ་ལ་ཚན་རིག་གི་གཞི་ཅི་ཡང་མེད་པར་རང་སྣང་གང་ཤར་གྱིས་དེར་དོགས་གནས་བཟུང་ནས་གང་བྱུང་མང་བྱུང་བཤད་པ་ནི་ཁྲིམས་ལུགས་ཀྱི་ཤེས་བྱ་དབེན་པའི་ལས་ཀ་ཡིན་པ་ཤེས་དགོས་པ་དང་། གཉིས་ན་ཁོ་ཚོའི་འདོད་པ་དེ་ཚན་རིག་གི་སྒྲུབ་བྱེད་མེད་པས་ཧམ་བཤད་ཧོང་བཤད་ཁོ་ན་ཡིན་པ་སྟེ་ལུང་དང་རིགས་པའི་སྒྲུབ་བྱེད་གང་ཡང་མེད་པར་ཁུངས་ལུང་མེད་པའི་འུར་བཤད་ཙམ་གྱིས་ཚན་རིག་གི་གོ་མི་ཆོད་ལ་ཆོད་ཀྱང་མི་སྲིད་པ་ནི་ཆོས་ཉིད་ཡིན་པ་དང་། གསུམ་ན་ཁོ་ཚོའི་འདོད་པ་དེ་ལོ་རྒྱུས་ཀྱི་ཁུངས་ལུང་མེད་པས་བྲག་ཆའི་སྟོང་གཏམ་འབའ་ཞིག་ཡིན་པ་སྟེ་ཁོ་བོས་བལྟས་ན་བང་སོའི་སྡོམ་ཚིག་ལ་དོགས་པ་ཟ་མཁན་གྱི་རྩོམ་ཡིག་འབྲི་མཁན་དང་བཤད་མཁན་ཚོས་བོད་ཡིག་ཕར་ཟད། བོད་སྐད་ཀྱང་མི་ཤེས་མཁན་དང་ཐ་ན་བང་སོ་ནས་རྙེད་པའི་བོད་ཡིག་ཀྱང་རིག་ན་མ་མཐོང་བ་བྱས་ནས་འུར་གཏམ་སྟོང་གཏམ་ཁོ་ནར་བལྟས་ན་གཟའ་བརྒྱབ་པ་མིན་ནམ་སྙམ་མོ། །   
            དེ་ལྟར་བང་སོ་འདིའི་སྐོར་ལ་ཉེ་སྔོན་མཚོ་སྔོན་ཕྱོགས་ནས་བཤད་ཚུལ་མི་མཐུན་པ་ཐོན་པ་དེས། དེ་ལ་ཡང་བསྐྱར་ཞིབ་འཇུག་བྱེད་མི་ཇེ་མང་དུ་སོང་དང་འགྲོ་བཞིན་ཡོད་དེ། ཡང་རང་ལ་མཚོན་ན་དེ་ཕྱོགས་ལ་ཆ་རྒྱུས་མེད་པས་མང་དུ་བརྗོད་དཀའ་མོད། འོན་ཀྱང་ཁོ་བོས་《མཚོ་སྔོན་བོད་རིགས་》ཞེས་པའི་དུས་དེབ་ཏུ་དགག་ལན་བཀོད་པའི་རྩོམ་ཡིག་ཁ་ཚང་བཀླགས་ཟིན་ལ། ཡང་ཆེད་དུ་ཡུལ་དེར་བསྐྱོད་དེ་མཐོང་ཐོས་ལ་བརྟེན་ནས་ས་མིང་ཡུལ་མིང་ལ་བརྟག་དཔྱད་བགྱིས་འབྲས་སུ་རང་ལ་བསམ་ཚུལ་འགའ་བྱུང་བ་ནི། གཅིག་ན་གནས་ཚུལ་དེ་གླེང་མཁན་གྱིས་རྒྱལ་ཁབ་ཀྱི་ཁྲིམས་ལུགས་སྣང་མེད་དུ་བཟོས་ནས་རང་སྣང་གང་ཤར་གྱིས་བསྒྲགས་པ་ནི་ཐུགས་གཟབ་མེད་པའི་ལས་ཀ་ཞིག་རེད་བསམས། གཉིས་ན་ཁོ་པ་ཚོའི་བརྗོད་གཞི་ལོ་རྒྱུས་དང་ཚན་རིག་གི་དྲི་མ་བག་ཙམ་ཡང་མི་བྲོ་བར་བོད་ཀྱི་གཏམ་དཔེ་ལ་མཁས་པ་བརྒྱས་བླུན་པོ་གཅིག་མི་ཐུབ་ཟེར་བའི་དཔེར་སོང་ཡོད་ནའང། དེ་ལུགས་བཤད་མཁན་ཚོ་ནི་བླུན་པོ་གང་ནས་ཡིན་སྲིད་དེ་ཁོ་ཚོ་ནི་ཆབ་སྲིད་བེད་སྤྱོད་གཏོང་མཁན་གྱི་མཁས་པ་ཤ་སྟག་ཡིན་པས། དམིགས་ཡུལ་དང་ལག་ཐབས་ཀྱང་གསལ་པོར་ཡོད་པ་སྨོས་མ་དགོས་ལ། གསུམ་ན་བཙན་པོའི་དུས་ཀྱི་བང་སོ་ལས་བྱུང་བའི་ཡི་གེ་དང་ནང་དོན་ལ་སོགས་ལ་ཞིབ་ཏུ་བརྟགས་ན་མ་འོངས་པར་ལོ་རྒྱུས་ངོ་མ་དང་སྡོམ་ཚིག་སྔར་ལས་ཀྱང་ཚན་རིག་དང་མཐུན་པའི་འབྲས་བུ་གང་མང་མང་འབྱུང་བའི་ཡིད་ཆེས་བརྟན་པོ་ཡོད་པ་བཅས་ནི་ཞར་བྱུང་ཙམ་ཐལ་བ་ལགས་སོ།། །།

            རྩོམ་ཡིག་འདི་2012ལོར་པེ་ཅིན་རྒྱལ་སྤྱིའི་བོད་རིག་པའི་དཔྱད་གླེང་གྲོས་ཚོགས་སྐབས་ལྔ་པའི་ཐོག་སྒྲོག་སྦྱང་ཞུས་པ་དང་། ཕྱིས་སུ་ལོ་ངོ་གཉིས་རིང་བཟོ་བཅོས་ཁ་སྣོན་བགྱིས་ནས2014ལོར 《མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོའི་རིག་གཞུང་དུས་དེབ་》ཅེས་པའི་དེབ་ཨང་གཉིས་པའི་ཐོག་བཀོད་ཡོད།
① བོད་ཡིག་དཔེ་རྙིང་འཇར་པན་མི་རིགས་བཤམས་སྟོན་ཁང་གིས་དཔེ་ཚོགས་ཀྱི་ཚུལ་དུ་པར་བཏབ་པའི་དེབ་གྲངས་ཨང་32པའི་ཤོག་ངོས་དང་པོར་གསལ།   
②③ གྱི་ལུང་བཀྲ་ཤིས་རྒྱ་མཚོ་དང་ཐུགས་མཆོག་རྡོ་རྗེ་གཉིས་ཀྱིས་བརྩམས་པའི་《མགོ་ལོག་རུས་མཛོད་》ཅེས་པ་1992ལོར་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པའི་ཤོག་ངོས་8པ་དང་112པར་གསལ།
①②③ གྱི་ལུང་བཀྲ་ཤིས་རྒྱ་མཚོ་དང་ཐུགས་མཆོག་རྡོ་རྗེ་གཉིས་ཀྱིས་བརྩམས་པའི་《མགོ་ལོག་རུས་མཛོད་》ཅེས་པ་1992ལོར་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པའི་ཤོག་ངོས་7པ་དང་l12དང་l13བཅས་སུ་གསལ།
① ཇོ་བོ་ཨ་ཏི་ཤས་གཏེར་ནས་བཏོན་པར་གྲགས་པའི་《བཀའ་ཆེམས་ཀ་ཁོལ་མ་》ཞེས་པ་1989ལོར་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པའི་ཤོག་ངོས་56པར་གསལ།   
②③ དྲན་པ་ནམ་མཁའ་སོགས་ཀྱིས་མཛད་པའི་《བོན་གྱི་ལོ་རྒྱུས་ཡིག་ཆ་ཕྱོགས་སྒྲིག་》ཅེས་པ་2010ལོར་བོད་ལྗོངས་དཔེ་རྙིང་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པའི་ཤོག་ངོས་207ནས་208བར་དང་213པར་གསལ།
①③ དྲན་པ་ནམ་མཁའ་སོགས་ཀྱིས་མཛད་པའི་《བོན་གྱི་ལོ་རྒྱུས་ཡིག་ཆ་ཕྱོགས་སྒྲིག་》ཅེས་པ་2010ལོར་བོད་ལྗོངས་དཔེ་རྙིང་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པའི་ཤོག་ངོས་201དང་140པར་གསལ།   
② བོད་ཀྱི་ཡིག་རྙིང་《བཤད་མཛོད་ཡིད་བཞིན་ནོར་བུ་》ཞེས་པ་བྲིས་མ་བརྙན་པར་མའི་ཤོག་ངོས་97པར་གསལ་ཞིང་། འདིའི་ཇུ་ལེའམ་བྱུ་ལེ་དང་བྱུང་ལེགས་ཞེས་བཀོད་པར་གོ་དོན་ངེས་ཅན་ཞིག་ཡོད་སྲིད་ཀྱང་། ཁ་སྐད་ལྟར་བྲིས་པས་གང་ཡིན་གདེང་ཚོད་མེད་པར་གྱུར་འདུག།   
④ ཨུ་རྒྱན་གླིང་པས་གཏེར་ནས་བཏོན་པར་གྲགས་པའི་《བཀའ་ཐང་སྡེ་ལྔ་》ཞེས་པ་1986ལོར་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པའི་ཤོག་ངོས་115པར་གསལ།
① སྟག་ཚང་དཔལ་འབྱོར་བཟང་པོས་བརྩམས་པའི་《རྒྱ་བོད་ཡིག་ཚང་ཆེན་མོ་》ཞེས་པ་1985ལོར་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པའི་ཤོག་ངོས་13པར་གསལ།   
② འདིར་བཞི་ཞ་ཞེས་པ་དང་གོང་གི་ཨ་ཤིང་དང་གཤམ་གྱི་འ་ཤིང་དང་ཝ་ཞ་ཞེས་པ་སོགས་འ་ཞའི་མིང་གི་རྣམ་གྲངས་འབྲི་ཚུལ་གཞན་ཡིན་ནམ་སྙམ།   
③ མཁས་པ་ལྡེའུས་མཛད་པའི་《རྒྱ་བོད་ཀྱི་ཆོས་འབྱུང་རྒྱས་པ་》ཞེས་པ་2010ལོར་བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པའི་ཤོག་ངོས་260ནས་261བར་གསལ།
① དཔའ་བོ་གཙུག་ལག་ཕྲེང་བས་བརྩམས་པའི་《ཆོས་འབྱུང་མཁས་པའི་དགའ་སྟོན་》ཞེས་པ་1986ལོར་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པའི་ཤོག་ངོས་170པར་གསལ།
① དཔའ་བོ་གཙུག་ལག་ཕྲེང་བས་བརྩམས་པའི་《ཆོས་འབྱུང་མཁས་པའི་དགའ་སྟོན་》ཞེས་པ་1986ལོར་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པའི་ཤོག་ངོས་245པར་གསལ།   
② མཁས་པ་ལྡེའུས་མཛད་པའི་《རྒྱ་བོད་ཀྱི་ཆོས་འབྱུང་རྒྱས་པ་》ཞེས་པ་2010ལོར་བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པའི་ཤོག་ངོས་270པར་གསལ།   
③ སྦའམ་དབའ་གསལ་སྣང་གིས་མཛད་པའི་《དབའ་བཞེད་》ཅེས་པ་བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་གིས་2010ལོར་པར་དུ་བསྐྲུན་པའི་ཤོག་ངོས་282པར་གསལ།
① 《འ་ཞའི་རིགས་རྒྱུད་ལ་དཔྱད་པ་》ཞེས་པ་《ཀྲུང་གོའི་བོད་རིག་པ་》ཞེས་པའི་དུས་དེབ་2010ལོའི་བོད་ཡིག་དེབ་གསུམ་པའི་ཤོག་ངོས་70ནས་102པའི་བར་དཔྱད་རྩོམ་ཕུལ་དུ་བྱུང་བ་ཞིག་བཀོད་འདུག་ཀྱང་། འདི་དང་འདི་ལྟ་བུ་ལ་དེང་སང་མཁས་རློམ་དབང་ཅན་འགལརེས་རང་གིས་རང་ལ་བྱ་དགའ་འདེམ་ཐུབ་ཐབས་ཀྱི་ལས་ཁོ་ན་བགྱི་བ་མ་གཏོགས། གཞན་འདི་འདྲ་བའི་གསར་གཏོད་རང་བཞིན་ཅན་གྱི་ཆེད་རྩོམ་ལ་བཟང་བསྟོད་ཀྱི་ཚིག་ཙམ་ཡང་བཤད་པ་མ་ཐོས་པ་ནི། འདེམ་མཁན་རྣམས་ཀྱིས་ཀྱང་དེ་ལ་དེང་སང་མི་ཚོས་རྩོམ་ལ་མི་བལྟ་མི་ལ་ལྟ་ཟེར་བའི་གནས་ཚུལ་གླེང་བ་དེ་དྲན་ཚེ་ཡི་མུག་ཅིང་སྐྱུགས་ལོག་པའི་གནས་མ་ཡིན་ནམ།
① རྒྱ་ཡིག་གི་《ཐུའུ་ཡུས་ཧུན་གྱི་ལོ་རྒྱུས་》(吐谷浑史)ཞེས་པ་ཀྲོའུ་ཝེ་ཀྲོའུ་ཡིས་བརྩམས་པ་ཉིང་ཞ་མི་དམངས་དཔེ་སྐྲུན་ཁང་གིས་1985ལོར་པར་དུ་བསྐྲུན་པའི་མགོ་བརྗོད་དུ་གསལ།
① དཔལ་དོན་གྲུབ་རྒྱལ་དང་ཁྲིན་ཆིན་དབྱིན་གཉིས་ཀྱིས་བསྒྱུར་བའི་《ཐང་ཡིག་གསར་རྙིང་ལས་བྱུང་བའི་བོད་ཆེན་པོའི་སྲིད་ལུགས་》ཞེས་པ་1983ལོར་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་བསྐྲུན་པའི་ཤོག་ངོས་18པར་གསལ།   
② བོད་ཡིག་དཔེ་རྙིང་འཇར་པན་མི་རིགས་བཤམས་སྟོན་ཁང་གིས་དཔེ་ཚོགས་ཀྱི་ཚུལ་དུ་པར་བཏབ་པའི་དེབ་གྲངས་ཨང་32པའི་ཤོག་ངོས་དང་པོ་དང་106པར་གསལ།
① གྱི་ལུང་བཀྲ་ཤིས་རྒྱ་མཚོ་དང་ཐུགས་མཆོག་རྡོ་རྗེ་གཉིས་ཀྱིས་བརྩམས་པའི་《མགོ་ལོག་རུས་མཛོད་》ཅེས་པ་1992ལོར་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པའི་ཤོག་ངོས་114པར་གསལ།
① སྦ་གསལ་སྣང་ངམ་དབའ་གསལ་སྣང་གིས་མཛད་པའི་《དབའ་བཞེད་》ཅེས་པ་བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་གིས་2010ལོར་པར་དུ་བསྐྲུན་པའི་ཤོག་ངོས་282པར་གསལ།   
② མཁས་པ་ལྡེའུས་མཛད་པའི་《རྒྱ་བོད་ཀྱི་ཆོས་འབྱུང་རྒྱས་པ་》ཞེས་པ་2010ལོར་བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པའི་ཤོག་ངོས་238པར་གསལ།
① ཚལ་པ་ཀུན་དགའ་རྡོ་རྗེས་མཛད་པའི་《དེབ་ཐེར་དམར་པོ་》ཞེས་པ་1981ལོར་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པའི་ཤོག་ངོས་17པར་གསལ།   
② དཔལ་དོན་གྲུབ་རྒྱལ་དང་ཁྲིན་ཆིན་དབྱིན་གཉིས་ཀྱིས་བསྒྱུར་བའི་《ཐང་ཡིག་གསར་རྙིང་ལས་བྱུང་བའི་བོད་ཆེན་པོའི་སྲིད་ལུགས་》ཞེས་པ་1983ལོར་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་བསྐྲུན་པའི་ཤོག་ངོས་139ནས་140བར་གསལ།
① དབང་རྒྱལ་དང་བསོད་ནམས་སྐྱིད་གཉིས་ཀྱིས་བསྒྲིགས་པའི་《ཏུན་ཧོང་ནས་ཐོན་པའི་བོད་ཀྱི་ལོ་རྒྱུས་ཡིག་ཆ་》ཞེས་པ་1980ལོར་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པའི་ཤོག་ངོས་16པར་གསལ།  
 ② དཔལ་དོན་གྲུབ་རྒྱལ་དང་ཁྲིན་ཆིན་དབྱིན་གཉིས་ཀྱིས་བསྒྱུར་བའི་《ཐང་ཡིག་གསར་རྙིང་ལས་བྱུང་བའི་བོད་ཆེན་པོའི་སྲིད་ལུགས་》ཞེས་པ་1983ལོར་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་བསྐྲུན་པའི་ཤོག་ངོས་139ནས་140བར་གསལ།
① དབང་རྒྱལ་དང་བསོད་ནམས་སྐྱིད་གཉིས་ཀྱིས་བསྒྲིགས་པའི་《ཏུན་ཧོང་ནས་ཐོན་པའི་བོད་ཀྱི་ལོ་རྒྱུས་ཡིག་ཆ་》ཞེས་པ་1980ལོར་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པའི་ཤོག་ངོས་16པར་གསལ།   
② འབལ་འཇམ་དབྱངས་དར་རྒྱས་ཀྱིས་བསྒྱུར་ཅིང་མཆན་བཏབ་པ་《རྒྱའི་ཡིག་ཚང་དུ་འཁོད་པའི་བོད་དང་འབྲེལ་བའི་ལོ་རྒྱུས་》ཞེས་པ་2013ལོར་ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གིས་བསྐྲུན་པའི་དེབ་བཞི་པའི་ཤོག་ངོས་149པར་གསལ།
①③དབང་རྒྱལ་དང་བསོད་ནམས་སྐྱིད་གཉིས་ཀྱིས་བསྒྲིགས་པའི་《ཏུན་ཧོང་ནས་ཐོན་པའི་བོད་ཀྱི་ལོ་རྒྱུས་ཡིག་ཆ་》ཞེས་པ་1980ལོར་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པལིཤོག་ངོས་17པ་དང་14པར་གསལ།   
②④ དཔལ་དོན་གྲུབ་རྒྱལ་དང་ཁྲིན་ཆིན་དབྱིན་གཉིས་ཀྱིས་བསྒྱུར་བའི་《 ཐང་ཡིག་གསར་རྙིང་ལས་བྱུང་བའི་བོད་ཆེན་པོའི་སྲིད་ལུགས་》ཞེས་པ་1983ལོར་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་བསྐྲུན་པའི་ཤོག་ངོས་146དང་140པར་གསལ།
①② དབང་རྒྱལ་དང་བསོད་ནམས་སྐྱིད་གཉིས་ཀྱིས་བསྒྲིགས་པའི་《ཏུན་ཧོང་ནས་ཐོན་པའི་བོད་ཀྱི་ལོ་རྒྱུས་ཡིག་ཆ་》ཞེས་པ་1980ལོར་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པའི་ཤོག་ངོས་21པ་དང་23པར་གསལ།
① དབང་རྒྱལ་དང་བསོད་ནམས་སྐྱིད་གཉིས་ཀྱིས་བསྒྲིགས་པའི་《ཏུན་ཧོང་ནས་ཐོན་པའི་བོད་ཀྱི་ལོ་རྒྱུས་ཡིག་ཆ་》ཞེས་པ་1980ལོར་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པ་ལས་དོན་ཆེན་གནད་བསྡུས་བྱ་བར་གསལ།  
② ཏུན་ཧོང་ཡི་གེ་ཨང་V01‘69,དང་Fo184འདི་གཉིས་ནང་གསལ་ཞིང་དེའི་སྐོར་ཞིབ་འཇུག་བྱས་པའི་རྩོམ་ཡིག་དང་བསྒྱུར་ཡིག་མང་པོ་མཐོང་རྒྱུ་ཡོད་ཀྱང་། ལ་ལ་ཚིག་དོན་གྱི་དཀའ་འགྲེལ་དང་བསྒྱུར་ཡིག་འགའ་རེ་ཐད་ད་དུང་མུ་མཐུད་ཞིབ་འཇུག་བྱ་རྒྱུ་ཡོད་སྙམ་མོ། །
①② དཔའ་བོ་གཙུག་ལག་ཕྲེང་བས་བརྩམས་པའི་《ཆོས་འབྱུང་མཁས་པའི་དགའ་སྟོན་》ཞེས་པ་1986ལོར་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པའི་ཤོག་ངོས་372དང་480པར་གསལ།
① དབང་རྒྱལ་དང་བསོད་ནམས་སྐྱིད་གཉིས་ཀྱིས་བསྒྲིགས་པའི་《ཏུན་ཧོང་ནས་ཐོན་པའི་བོད་ཀྱི་ལོ་རྒྱུས་ཡིག་ཆ་》ཞེས་པ་1980ལོར་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པའི་ཤོག་ངོས་73པར་གསལ།  
② དཔའ་བོ་གཙུག་ལག་ཕྲེང་བས་བརྩམས་པའི་《ཆོས་འབྱུང་མཁས་པའི་དགའ་སྟོན་》ཞེས་པ་1986ལོར་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པའི་ཤོག་ངོས་185པར་གསལ།   
③ ཏུན་ཧོང་ཡི་གེ་སྐད་གྲགས་ཡོད་པ་ཨང་PT1089ཅན་《གྲལ་ཐབས་ཀྱི་དཀར་ཆག་འོག་དཔེ་བྲིས་པ་》ཞེས་པར་གསལ་ལ། འདིའི་བོད་ཡིག་གི་གོ་དོན་ཐད་ཕྱིས་སུ་ཞིབ་འཇུག་གཏིང་ཟབ་མོ་བྱ་རྒྱུ་ཡོད་པས་རང་རིགས་བློ་གསལ་དག་གིས་ཐུགས་མཉམ་འཇོག་འོས་པར་སེམས་སོ། །
① དབང་རྒྱལ་གྱིས་བརྩམས་པའི་《ཝང་ཡོའི་བོད་རིག་པའི་གསུང་རྩོམ་ཕྱོགས་བསྒྲིགས་》ཞེས་པ་རྒྱ་ཡིག་མ་2012ལོར་ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པ་དེབ་གསུམ་པའི་ཤོག་ངོས་69པར་གསལ།
① དུང་དཀར་བློ་བཟང་འཕྲིན་ལས་ཀྱིས་བསྒྲིགས་པའི་《དུང་དཀར་ཚིག་མཛོད་ཆེན་མོ་》ཞེས་པ་2004ལོར་ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པའི་ཤོག་ངོས་1834པར་གསལ།   
② དྲན་པ་ནམ་མཁའ་སོགས་ཀྱིས་མཛད་པའི་《བོན་གྱི་ལོ་རྒྱུས་ཡིག་ཆ་ཕྱོགས་སྒྲིག་》ཅེས་པ་2010ལོར་བོད་ལྗོངས་དཔེ་རྙིང་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པའི་ཤོག་ངོས་127པར་གསལ།
① དཔའ་བོ་གཙུག་ལག་ཕྲེང་བས་བརྩམས་པའི་《ཆོས་འབྱུང་མཁས་པའི་དགའ་སྟོན་》ཞེས་པ་1986ལོར་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པའི་ཤོག་ངོས་372པར་གསལ།  
② མཁས་པ་ལྡེའུས་མཛད་པའི་《རྒྱ་བོད་ཀྱི་ཆོས་འབྱུང་རྒྱས་པ་》ཞེས་པ་2010ལོར་བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པའི་ཤོག་ངོས་255པར་གསལ།  
③ སྦའམ་དབའ་གསལ་སྣང་གིས་མཛད་པའི་《དབའ་བཞེད་》ཅེས་པ་བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་གིས་2010ལོར་པར་དུ་བསྐྲུན་པའི་ཤོག་ངོས་282དང་55པ་དང་307བཅས་པར་གསལ།
① ཨུ་རྒྱན་གླིང་པས་གཏེར་ནས་བཏོན་པར་གྲགས་པའི་ 《བཀའ་ཐང་སྡེ་ལྔ་》ཞེས་པ་1986ལོར་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པའི་ཤོག་ངོས་l15པར་གསལ།   
②《ལི་ཡུལ་ལུང་བསྟན་》ནམ་《ལྷ་མོ་དྲི་མ་མེད་པའི་འོད་ཀྱིས་ཞུས་པའི་མདོ་》ཞེས་པ་2008ལོར་ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པའི་《བཀའ་འགྱུར་》དཔེ་བསྡུར་མ་ཞེས་པའི་དཔེ་ཚོགས་ཀྱི་དེབ་ང་དགུ་པའི་ཤོག་ངོས་576པར་གསལ།
①  《ལི་ཡུལ་ལུང་བསྟན་》ནམ་《ལྷ་མོ་དྲི་མ་མེད་པའི་འོད་ཀྱིས་ཞུས་པའི་མདོ་》ཞེས་པ་2008ལོར་ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པའི་《བཀའ་འགྱུར་》དཔེ་བསྡུར་མ་ཞེས་པའི་དཔེ་ཚོགས་ཀྱི་དེབ་ང་དགུ་པའི་ཤོག་ངོས་576པར་གསལ།   
②《དགེ་འདུན་ཆོས་འཕེལ་གྱི་གསུང་རྩོམ་》ཞེས་པ་1990ལོར་བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པའི་དེབ་དང་པོའི་ཤོག་ངོས་39པར་གསལ།
①《ཐུའུ་བཀྭན་བློ་བཟང་ཆོས་ཀྱི་ཉི་མའི་རྣམ་ཐར་》ཞེས་པ་1987ལོར་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པའི་ཤོག་ངོས་14པར་གསལ།
①《མཚོ་ལྷོ་ཁུལ་ས་མིང་རིག་གནས་བརྡ་འགྲེལ་》ཞེས་པ་2010ལོར་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པའི་ཤོག་ངོས་16པར་གསལ།
①《མཚོ་ལྷོ་ཁུལ་ས་མིང་རིག་གནས་བརྡ་འགྲེལ་》ཞེས་པ་2010ལོར་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པའི་ཤོག་ངོས་130པར་གསལ།
① སུམ་པ་ཡེ་ཤེས་དཔལ་འབྱོར་གྱིས་བརྩམས་པའི་《མཚོ་སྔོན་ལོ་རྒྱུས་》ཞེས་པ་1982ལོར་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པའི་ཤོག་ངོས་5པར་གསལ།
① བྲག་དགོན་པ་དཀོན་མཆོག་བསྟན་པ་རབ་རྒྱས་ཀྱིས་མཛད་པའི་《མདོ་སྨད་ཆོས་འབྱུང་》ཞེས་པ་1983ལོར་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པའི་ཤོག་ངོས་707པར་གསལ།
①མདོ་སྨད་ཚྭ་འདམ་གཞུང་ཤེའུ་ལུང་པའི་ནང་ནས་ཐོན་པའི་བོད་བཙན་པོའི་དུས་སྐབས་ཀྱི་བང་སོའི་ཡི་གེ་འདིའི་སྐོར་ལ་ཆབ་འགག་རྟ་མགྲིན་ལགས་དང་དབང་རྒྱལ་ལམ་རྒན་ཝང་ཡའོ་སོགས་ཀྱིས་ཞིབ་འཇུག་བྱས་པའི་ཆེད་རྩོམ་མཇལ་རྒྱུ་མང་པོ་ཡོད་པས་ཞིབ་མོ་རྣམ་འཐག་གནང་འདོད་ན་དེ་དག་ལ་གཟིགས་པར་འཚལ་ལགས།

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1