གཙོ་ངོས།>> སྐྱེ་ཁམས།>>ཤེས་བྱ།

ཨ་སྐྱབས་རྒྱལ་སྲས། རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། ༢༠༡༨ལོའི་ཟླ་བ་༠༣ཚེས་༢༦ཉིན།

༄༅།། སྐྱེ་ཁམས་མ་ལག་གི་ཞིབ་འཇུག་གླེང་བ།

ཨ་སྐྱབས་རྒྱལ་སྲས།
      
          1 སྐྱེ་ཁམས་རིག་པ་སྲུང་སྐྱོབ་ཀྱི་ལྟ་བ་ནི་རིག་གནས་དང་རང་བྱུང་ཁམས་གཉིས་ཕན་ཚུན་མཐུན་སྦྱོར་བྱེད་ནུས་འདོན་པ་ལ་ཟེར། རིག་གནས་གང་ཞིག་ཡིན་རུང་རང་བྱུང་དང་མཐུན་པ་ཡིན་ན་འཕེལ་རྒྱས་སུ་འགྲོ་ཐུབ་པ་དང་། རིག་གནས་གང་ཞིག་ཡིན་རུང་རང་བྱུང་ཁམས་ཀྱི་འཕེལ་རྒྱས་དང་མ་མཐུན་ན་རང་ཤུགས་ཀྱིས་ཉམས་རྒུད་དུ་འགྲོ་བ་དང་མེད་པར་ཆགས་འགྲོ། རིག་གནས་དང་དཔལ་འབྱོར་གཉིས་དོ་མཉམ་བྱུང་ན་ནུས་པ་གལ་ཆེན་འདོན་ཐུབ་པ་རེད། རིག་གནས་ཟེར་བ་ནི་མི་རིགས་ཤིག་གིས་རང་གི་མཐའ་སྐོར་གྱི་རང་བྱུང་དང་སྤྱི་ཚོགས་ཀྱི་ཁོར་ཡུག་ལ་མཐུན་གནས་བྱེད་པའི་རིགས་ལམ་གཏན་ཆགས་ཅན་ཞིག་རེད། རིག་གནས་ཀྱི་ནང་དུ་ཤེས་པ་སྣ་ཚོགས་ཤིག་ཡོད་པ་རེད། དེ་ཞིབ་ཏུ་བཤད་ན། མི་རིགས་དེའི་འཇིག་རྟེན་ལྟ་ཚུལ་དང་། ཐོན་སྐྱེད་འཚོ་བའི་བྱེད་སྟངས། སྤྱི་ཚོགས་རྩ་འཛུགས། ཆོས་ལུགས་དད་མོས། ཡུལ་སྲོལ་གོམས་འདྲིས་སོགས་འདུས་ཡོད།
        2 སྐྱེ་ཁམས་རིག་པ་ཟེར་བ་ནི་རྒྱ་སྐད་ཀྱི་生态学ཟེར་བ་དང་生ཟེར་བ་ནི་སྐྱེ་དངོས་ཡར་ལ་སྐྱེས་པར་གོ་བ་དང་། 态ཟེར་བ་ནི་རྣམ་པ་དང་། 学ཟེར་བ་ནི་དེང་སང་གི་རིག་པ་ལ་གོ་བ་དང་། བཟོ་རིག་པ་དང་གསོ་བ་རིག་པ་ཟེར་བ་ལྟ་བུ། རིག་གནས་ཆེ་བ་ལྔ་དང་ཆུང་བ་ལྔ་ལྟ་བུ་རིག་པ་ཞིག་ལ་གོ་བར་འདུག སྐྱེ་ཁམས་རིག་པ་ནི་སྐྱེ་དངོས་རིག་པ་ཕྱོགས་ཡོངས་ནས་འཕེལ་རྒྱས་སུ་འགྲོ་བྱེད་ཀྱི་འཛམ་གླིང་གི་གལ་ཆེའི་རིག་གཞུང་ཁག་ཅིག་ཡིན་ཟེར་བཞིན་འདུག དེ་བཞིན་སྤྱི་ཚོགས་དང་ཁོར་ཡུག མི་དང་རང་བྱུང་ཁམས་མཐུན་སྦྱོར་བྱེད་པ། མི་དང་སྐྱེ་དངོས་རྩི་ཤིང་མཐུན་སྦྱོར་བྱེད་པ། མི་དང་རི་དྭགས་སྲོག་ཆགས་མཐུན་སྦྱོར་མཉམ་གནས་དོ་མཉམ་ཞིག་ཡིན་པས་རིག་གཞུང་གལ་ཆེན་ཞིག་ཡིན་དགོས། གལ་ཏེ་དོ་མ་མཉམ་ན་འཛམ་བུ་གླིང་ལ་ས་འགུལ་ཐེབས་པ་དང་། ཆུ་ལོག་རྒྱུག་པ་སོགས་ནི་ས་གཞི་མ་མ་འདི་ཡིས་མ་ཐེག་པར་འོ་དོད་འབོད་པ་དང་མཚུངས། ནང་སྒོས་སུ་ཁོང་གི་ནང་སྙིང་རིན་པོ་ཆེ་དོན་ལྔ་སྣོད་དྲུག་ཡོད་ཚད་བྲུས་ཏེ་བཏོན་ན་སྐྱ་ཆད་སྔོ་རྡུག་ཏུ་གྱུར་ནས་སྐྱི་མོ་སྐམ་པོ་རུ་གྱུར་ཏེ་འཁུན་སྒྲ་འབྱིན་བཞིན་པ་དེ་ནི་མིའི་རིགས་ལ་ངོ་རྒོལ་ངུ་འབོད་བྱེད་པའི་སྣང་ཚུལ་ཞིག་རེད།
        3 ད་ལྟ་འཛམ་གླིང་ལ་ཐེབས་པའི་སྤྱི་ཚོགས་ཀྱི་གནད་དོན་ཆེན་པོ་ལྔ་ལ་ཕྲད་པ་སྟེ། དང་པོ་འབྲུ་རིགས་ཀྱི་གནད་དོན། འབྲུ་རིགས་ཀྱིས་འདང་བཞིན་མེད་པ། དཔེར་ན་ཧྥེ་གླིང་ན་མི་ནག་ལ་ཟས་བཅུད་ཀྱིས་འདང་བཞིན་མེད་པར་ལུས་སྟེང་དུ་ཤ་ཐོགས་མེད་པར་རུས་པའི་སྟེངདུ་སྐྱི་མོས་གཡོགས་ཡོད། གཉིས་པ་ཐོན་ཁུངས་ཀྱི་གནད་དོན། དེང་སང་ཐོན་ཁུངས་ཡོངས་རྫོགས་འཛད་སྤྱོད་བྱས་ནས་ཚར་བཞིན་པའི་གནད་དོན་དང་། ནང་སྒོས་སུ་མི་རྣམས་ཀྱིས་རང་གི་འདོད་པའི་ཁ་མ་བཀང་བར་འདོད་རྔམ་གྱིས་སྒོ་ནས་འཛད་སྤྱོད་བྱེད་བཞིན་པ་དང་། གྲོན་ཆུང་མི་བྱེད་པའི་འཛད་སྤྱོད་དེ་བོད་ཀྱི་རིག་གནས་ནང་ནས་འདོད་ཆུང་ཆོག་ཤེས་ཟེར་བ་དེ་གལ་ཆེ་བ་རེད་བསམ། སྔོན་ཆད་བོད་ཀྱི་ན་གཞོན་ཚང་མས་བོད་ཀྱི་འདོད་ཆུང་ཆོག་ཤེས་བྱས་ནས་མ་འགྲིག་ཟིག་ཟེར། དེ་དུས་ང་ཚོའི་ཡོང་འབབ་དཔལ་འབྱོར་སོགས་ཀྱི་སྟེང་ནས་ད་རུང་བརྒྱགས་མེད་པས་རེད། དེང་སང་དཔལ་འབྱོར་གྱི་སྟེང་ནས་བརྒྱགས་སོང་བས་འཕྲོ་བརླགས་ཏུ་གཏོང་བཞིན་ཡོད་པས། འདོད་ཆུང་ཆོག་ཤེས་བསྟེན་རྒྱུ་དེ་བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་ཀྱི་སྟེང་དུ་ཧ་ཅང་བཀོལ་ན་འཚམ་པའི་ལྟ་བ་ཞིག་རེད། གསུམ་པ་ནུས་ཤུགས་ཐོན་ཁུངས་ཀྱི་གནད་དོན། རྡོ་སྣུམ་ལ་སོགས་པའི་ནུས་ཤུགས་ཀྱི་ཐོན་ཁུངས་དེ་ས་འོག་ནས་བཏོན་ཏེ་ཟད་བཞིན་པ་དང་། ང་ཚོ་བོད་ལ་མཚོན་ན་མཐོ་སྒང་གི་དུས་ཚིགས་བཞི་པོར་ཉི་འོད་ཀྱིས་དྲོ་བས་ཉི་མའི་ནུས་ཤུགས་ལ་བརྟེན་ནས་གློག་ཤུགས་འདོན་སྤྲོད་བྱེད་པ་དང་། ཉི་མའི་ནུས་ཤུགས་སྔོག་འདོན་ལ་བརྟེན་ནས་རླངས་འཁོར་དང་འཕྲུལ་རྟ་སོགས་ལ་ཉི་མའི་གློག་ཤུགས་བཀོལ་ནས་རྡོ་སྣུམ་ལྡུག་མི་དགོས་པར་ཉི་མའི་ནུས་ཤུགས་ལ་བརྟེན་པར་བྱེད་རྒྱུ་ན་བཟང་སྟེ། སྔོན་ཆད་ཁམས་ཀྱི་ཚོང་པ་ཞིག་གིས་ཉི་མའི་ནུས་ཤུགས་ལ་བརྟེན་པའི་རྐང་འཁོར་ཞིག་བཟོས་མྱོང་། བཞི་པ་ཁོར་ཡུག་ལ་ཐད་ཀར་འབྲེལ་བ་ཡོད་པ་ཐམས་ཅད་ནི་སྐྱེ་ཁམས་རིགས་པས་སེལ་དགོས་པ་དང་སྐྱེ་ཁམས་རིག་པས་དག་སེལ་བྱ་དགོས་པར་གསུངས་འདུག
        4 འོ་ན་དེ་སྐྱེ་ཁམས་རིག་པ་མ་བྱུང་བའི་ཡར་སྔོན་དུ་སྐྱེ་ཁམས་མ་ལག་ཟེར་བའི་ཐ་སྙད་འདི་དབྱིན་ཇིའི་སྐྱེ་ཁམས་རིག་པ་བ་ཐན་སི་ལས་ནས་1935ལོར་ཐེངས་དང་པོར་བཏོན། གོང་ན་དགེ་བཤེས་རྒན་མིག་སྨན་ཐུར་མ་ལགས་ཀྱིས་མདོ་དབུས་མཐོ་སྒང་གི་ཁོར་ཡུག་སྲུང་སྐྱོབ་གལ་ཆེ་ཚུལ་དང་སྐྱེ་ཁམས་རིག་པའི་ནང་དུ་མང་པོ་འདུས་པ་གསུངས་ཐལ། ངས་འདི་ནས་ཅུང་ཟད་ཞིག་ཞུ་རྒྱུ་ཡིན། རྒྱལ་སྤྱིའི་སྟེང་དུ་སྐྱེ་ཁམས་མ་ལག་གི་མཚན་ཉིད་ཁ་གསལ་ཞིག་སྤྱི་འགྲོས་ཀྱི་ཚུལ་དུ་བཤད་ཡོད་དེ། སྐྱེ་ཁམས་མ་ལག=སྐྱེ་དངོས་སྐོར་ཁག+ཁོར་ཡུག་ཆ་རྐྱེན་གཉིས་བསྣན་པ་ལས་གྲུབ། སྐྱེ་དངོས་སྐོར་ཁག་དེའི་འཚོ་གནས་ཁོར་ཡུག་ཏུ་གྱུར་པའི་བར་གསེང་གི་རང་བྱུང་དངོས་གཟུགས་ལ་སྐྱེ་ཁམས་མ་ལག་ཟེར། དཔེར་བཞག་ན། རང་བྱུང་ཁམས་ཀྱི་སྐྱེ་ཁམས་མ་ལག་ནི་རིགས་མང་དཔེ་མང་ཅན་ཞིག་ཡིན་ཏེ། ཆུ་ཐིགས་པ་གཅིག མཚེའུ་ཞིག ནགས་ཚལ་གྱི་ཀློང་། ཡངས་པའི་རྩྭ་ཐང་། ཆུ་མཛོད། གྲོང་ཁྱེར་བཅས་ནི་སྐྱེ་ཁམས་མ་ལག་གཅིག་ཏུ་གྱུར་ཡོད། ད་གོང་ནས་རྒྱལ་སྤྱིའི་སྟེང་ནས་བཤད་ཚུལ་དེ་འདྲ་ཞིག་རེད། འོན་ཀྱང་བོད་རང་གི་སྐྱེ་ཁམས་མ་ལག་ཏུ་སྐྱེ་དངོས་དང་ཁོར་ཡུག་གི་ཆ་རྐྱེན་ལོས་ཡིན་ཏེ། ཡིན་ཡང་དངོས་པོའི་དཔལ་ཡོན་དང་བསམ་པའི་དཔལ་ཡོན་ཞིག་ཀྱང་དགོས་པར་བསམ། བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་དེར་ཕྱིའི་སྣོད་ཀྱི་འཇིག་རྟེན་ཁོར་ཡུག་སྲུང་སྐྱོབ་དང་ནང་བཅུད་ཀྱི་སེམས་ཅན་ཁོར་ཡུག་སྲུང་སྐྱོབ་གཉིས་དགོས་པར་བསམས། ། 

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1