གཙོ་ངོས།>> རྩོམ་རིག>>སྙན་རྩོམ།

ལྡོང་སྨིན་དྲུག རྩོམ་སྒྲིག་པ།ཡོང་ཁུངས།བོད་ཀྱི་རྩོམ་རིག་སྒྱུ་རྩལ། སྤེལ་དུས། ༢༠༡༨ལོའི་ཟླ་བ་༠༣ཚེས་༢༦ཉིན།

༄༅།། འཁོར་བ་གྲོང་གི་གླུ།

 ལྡོང་སྨིན་དྲུག
མི་ཚེ་ཕྲེང་ཐག་རིང་མོ། །
སྐད་ཅིག་ཉིད་ལ་ཤོར་སོང་། །
འཁོར་བ་རྒྱ་མཚོ་ཆེ་མོ།  །
ཨ་ཐང་ཀློང་ནས་ཟད་སོང་།  །

ལོ་ནས་ཟླ་བ་བརྩིས་ཐལ།  །  
ཟླ་ནས་ཉིན་ཞག་བགྲངས་ཏེ།  །
མི་ཚེ་སྟོང་བསམ་རིང་མོ།  །   
སེ་གོལ་བར་ནས་ཡལ་ཐལ།  །  


ཤར་གྱི་དཀར་གསལ་ཟླ་བ།  །
འཛུམ་གྱིན་ནུབ་ལ་བཞུད་སོང་།  །   
སྐར་ཚོགས་ཁྲི་མ་འབུམ་གྱིས།  །  
ནམ་འོང་རེ་ཞིང་སྒུག་འདུག  ། 

སྙིང་གི་མེ་ལོང་ངོས་སུ།  །   
བྱམས་པའི་རི་མོ་ཕབ་ཀྱང་།  །   
མ་རུང་སྐྱ་ཀ་ཁྲ་མོས།  །   
རི་མོ་གཞུང་ལ་བཏབ་སོང་།  ། 


འདུས་མཐར་འབྲལ་བའི་ཆོས་ཉིད།  །
སུས་ཀྱང་བཟློག་རྒྱུ་མི་འདུག ། 
ད་ནངས་འཛུམ་གྱི་ཞལ་རས།  །  
ཕྱི་དྲོ་འཇའ་བཞིན་ཡལ་སོང་།  །  

འགྲན་རྩོད་རླུང་ནག་འཚུབ་མས།  །  
སྲིད་པའི་གོ་ལ་གཏོར་བྱུང་། །   
དབུ་མའི་ལམ་ཞིག་མེད་ན།  །   
ལུས་འདིས་ཐེག་པར་དཀའ་འོ།   །   

མགོ་སྐོར་བསླུ་བྲིད་ལྕགས་ཀྱུ།  །
སྲིད་པའི་མཐའ་བཞིར་ཁེབས་འདུག  ། 
རྣམ་པོ་གྲིམ་པོ་བྱས་ཀྱང་།  །   
མིག་ལྡེབས་བར་ནས་གཙེས་བྱུང་།  །  


ཕར་ལ་བྱམས་པ་བྱས་པས།  །
ཚུར་ལ་དགྲ་བཞིན་རྒོལ་བྱུང་།  །   
འཁོར་བའི་འཐབ་ར་འདི་ན།  །   
སེམས་པ་ཧམ་པས་བཟུང་འདུག  །  


རང་གི་ལས་དང་བསྟུན་ན།  །  
ཕ་མའི་ཐུགས་དང་འགལ་འགྲོ།  །   
ཕ་མའི་ཐུགས་དང་བསྟུན་ན།  །  
རང་གི་ལས་སྐལ་ཆད་འགྲོ།  །  

ཆུང་འདྲིས་བྱམས་པའི་ཚིག་གསུམ།  །  
རྣ་བའི་བདུད་རྩི་གྱུར་རུང་།  །  
ཕར་འཁོར་ཚུར་འཁོར་བར་ནས།  །  
སྙན་མོ་བྲག་ཆར་གྱུར་འདུག  །  


སྲབ་ཅིང་འཇམ་པའི་མཆུ་སྒྲོས།  །
ཞིམ་པའི་ཀུ་ཤུ་དམར་པོ།  །  
ཀུ་ཤུའི་རང་མདངས་ཉམས་ན།  །   
བྱམས་པའི་སེམས་པ་སྐྱོ་འགྲོ།  །  


ཕར་ཁའི་ལོ་མའི་རྩེ་ནས།  ། 
འཇོལ་མོས་སྐད་སྙན་སྒྲོག་བྱུང་།  །  
མ་མཇལ་ལོ་མང་བྱམས་པ།  །   
དྲན་འཛིན་མེ་ལོང་ཤར་བྱུང་།  །  

ཁྱོད་ནི་ཉི་ཟླའི་ཕ་རོལ།  །   
ང་ནི་གངས་རིའི་འདབས་རོལ།  །   
ཞལ་མཇལ་བསྐལ་བ་ཡག་པོ།  །  
རྨི་ལམ་ལས་ཀྱང་རིང་ངོ་།  །   


ལམ་དེ་ལས་ལ་བཅོལ་ནས།  །  
ལས་དེ་དབང་གིས་འཁྱེར་སོང་།  །  
ལྷད་མེད་ལས་ཀྱི་བསྐལ་བ།  །  
ལོ་ཟླའི་ཆུ་མོས་འཁུར་སོང་།  ། 


མི་ཚེ་ཨ་སྔོན་དབྱིངས་ན།  །
ཁ་ལས་དགུང་གི་སྤྲིན་ཕུང་།  ། 
མི་ཁའི་རླུང་བུ་གཅིག་གིས།  །    
ངེས་མེད་གང་སར་སྤུར་འགྲོ།  །   

འཁོར་བ་མྱ་ངམ་ཐང་ན།  །  
རྒྱུ་ནོར་ལ་ཁའི་ཉི་མ།  །  
མི་རྟག་རྒད་པོར་འཕྲད་ཚེ།  །   
ཕོངས་པའི་དབུལ་པོ་གྱུར་སོང་།  །   

མཛེས་པའི་མེ་ཏོག་ལང་ཚོ།  །
ལ་ཁའི་ན་བུན་དོ་ཟླ།  །  
བསིལ་རླུང་འཁོར་ཐེངས་ཤིག་གིས།  །   
སྤྲིན་པ་ངེས་མེད་འཐོར་འགྲོ།  །   

དངན་པའི་ཤུགས་གླུ་རིང་མོ།  །  
ངག་ནས་རྫོགས་རྒྱུ་མི་འདུག །   
མི་ཚེ་ཕྲེང་གོག་བར་ནས།  །   
སེམས་པ་སྐྱོ་བས་བཟི་སོང་།  ། 

 

ལྷན་འཛོམས་དགོད་སྒྲ་ལྷང་ལྷང་།  །  
གྱེས་ཁར་མིག་ཆུ་ཤམ་ཤམ།  །  
ངུ་མ་དགོད་ཀྱི་འཇིག་རྟེན།  ། 
ཇི་འདྲའི་རྩེད་མཚར་ཆེ་ཨང་།  །   

 

རིན་ཆེན་དབྱར་རྩྭའི་དྲིན་གྱིས།  །
ད་ལོའི་ལོ་གསར་ཚེས་བྱུང་།  །   
དབྱར་རྩྭ་ཁ་དྲོ་དྲིན་ལ།  །   
ཡུལ་སྲོལ་གོམས་གཤིས་འགྱུར་ཐལ།  ། 

 

ད་ནངས་བཞག་པའི་དམ་བཅའ།  །  
གཡོ་སྒྱུའི་ཆུ་ཡིས་འཇིག་སོང་།  །   
ཆུ་ལ་འདང་ཞིག་མེད་ན།  །   
སེམས་པ་ནག་པོས་ཟིན་འགྲོ།  །   



ཁ་ནས་ཁ་འཇམ་ཚིག་གསུམ།  །  
ལྐོག་ནས་དབྱེན་དཀྲུགས་ཚེར་མ།  །   
སེམས་ན་དུངས་པ་མེད་ན།  །    
ང་རང་མགྱོགས་པོར་ལོག་ཆོག  །  

  དབང་དང་གོ་ས་ལྡན་ན།  ། 
མཐའ་བཞི་འཁོར་གྱིས་བསྐོར་ཡོད།  །   
གློ་བུར་དབང་ཐང་ཉམས་ཚེ།  །    
ཐག་རིང་རྒྱང་ནས་ལྟ་འདུག  །  
 

སྡུག་བསྔལ་ཆང་ལ་བཅོལ་བ།  །
སྐྱོ་སྣང་ཐ་མག་འཁེན་ནས།  །   
ཚེ་གཅིག་གཏན་གྱི་འདུན་མ།  །   
སྟོང་ལབ་ཁྲོད་ནས་ཟད་ཐལ།  །  

ཤོག་དཀར་ཐང་ཆེན་ངོས་ལ།  །  
ཡིག་ཆུང་ནག་པོ་བྲིས་ཡོད།  ། 
མི་ཚེ་གཅིག་གི་གཏམ་རྒྱུད།  །  
ནམ་ཡང་འཛད་རྒྱུ་མི་འདུག ། 

 

 

39.7K

རྩོམ་ཡིག་སྔོན་མ།
༄༅།། ལམ།
རྩོམ་ཡིག་རྗེས་མ།
འཁོར་བ་གྲོང་གི་གླུ།

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1