གཙོ་ངོས།>> ཁྲིམས་ལུགས།>>གྱོད་དཔེ་འདེམས་བཀོད།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། ༢༠༡༨ལོའི་ཟླ་བ་༠༣ཚེས་༢༦ཉིན།

༄༅།། ཁྱོ་གས་ཕོ་མཆོག་མོ་དམན་གྱི་ལྟ་བ་བཟུང་ཆོག་གམ།

གྱོད་དཔེ།
     རིག་མཆོག་དང་ལྷ་སྐྱིད་གཉིས་གཉེན་སྒྲིག་བྱས་ཏེ་ལོ་བཅུ་ཕྲག་འགོར་ཡོད་ནའང་། རིག་མཆོག་གིས་རྒྱུན་དུ་ཤོ་རྒྱག་རྒྱན་སྐུག་བྱེད་པ་དང་ཆང་འཐུང་བ། རྫུན་ལབ་པ། གཏུམ་དྲག་སྤྱོད་པ་སོགས་ཀྱི་བྱ་སྤྱོད་སྣ་མང་ལས་པའི་ཁར། ཁྱིམ་ཚང་གི་ལས་དོན་དང་བུ་ཕྲུག་སྙོར་སྐྱོང་། ཕ་མར་བྱམས་སྐྱོང་བཅས་ཀྱི་བྱ་བ་ཅི་ཡང་མི་བསྒྲུབ་པར། ཁ་ནས་རྒྱུན་དུ་ཁོ་རང་རིགས་རུས་མཐོ་ཚད་དང་རྒྱུ་བྱིན་ཆུང་མ་ཟེར་བ་གླ་བ་བཀོལ་བཀོལ་བྱས་ན་བཟང་ཞེས་བརྗོད་ནས། ཕོ་མཆོག་མོ་དམན་གྱི་ཕྱིན་ཅི་ལོག་པའི་ལྟ་བ་བཟུང་ཡོད་པས་བཟའ་ཚང་གི་བརྩེ་འདང་ཟེར་བ་གང་ལ་ངོས་འཛིན་དགོས་པ་ཡང་མི་ཤེས་པའི་གནས་སུ་ལྷུང་ཡོད། བཅའ་ཁྲིམས་ཀྱི་ཁྲོད་ན་ཕོ་མོ་འདྲ་མཉམ་དང་སོ་སོར་ཁེ་དབང་དང་འོས་འགན་ཡོད་ཟེར་བ་གང་དག་ཡིན།
ཁྲིམས་བཤད།
    གཉེན་སྒྲིག་བཅའ་ཁྲིམས་ལས་ཕོ་མོ་སུ་ཡིན་རུང་གཉེན་སྒྲིག་དང་ཁྱིམ་ཚང་ཐད་ཀྱི་གོ་གནས་འདྲ་མཉམ་ཡིན་པ་དང་། དེ་ལ་འདྲ་མཉམ་གྱི་ཁེ་དབང་དང་འདྲ་མཉམ་གྱི་འོས་འགན་རེ་ཡོད་པ་རེད། དཔེར་ན། ཁྱོ་ཤུག་གཉིས་ཀར་ཐུན་མོང་དུ་དབང་བའི་རྒྱུ་ནོར་དབང་ཆ་དང་ཐག་གཅོད་འདྲ་མཉམ་ཡིན་པ་དང་། རང་ལས་མཆེད་པའི་བུ་རྒྱུད་ཀྱི་ཕ་རུས་སམ་མ་རྒྱུད་གང་དེད་ཀྱང་ཆོག བུད་མེད་ཀྱི་ཁྲིམས་མཐུན་ཁེ་དབང་ལ་བཅའ་ཁྲིམས་ཀྱི་སྲུང་སྐྱོང་ཐོབ་པ་དང་ཁྱོ་གས་ཆུང་མར་གཅར་རྡུང་བྱེད་པ་ནི་ཁྲིམས་འགལ་ཡིན་ཞེས་མང་པོ་བསྟན་ཡོད་པས། འདིར་ཁྱོ་ཤུག་ཕན་ཚུན་གྱི་ཁེ་དབང་དང་འོས་འགན་རེ་རེ་བཞིན་གླེང་ན་འདི་ལྟ་སྟེ།
    ཁྱོ་ཤུག་ཕན་ཚུན་བར་གྱི་ཁེ་དབང་དྲུག་ནི།
        གཅིག ཁྱོ་ཤུག་གཉིས་ཀའི་ཁྱིམ་ཚང་ནང་གི་གོ་གནས་འདྲ་མཉམ་ཡིན།
        གཉིས། ཁྱོ་ཤུག་གཉིས་ཀར་རང་གི་རུས་མིང་སྤྱོད་པའི་ཁེ་དབང་ཡོད།
        གསུམ། ཁྱོ་ཤུག་གཉིས་ཀར་ཐོན་སྐྱེད་དང་བྱ་བ། སློབ་སྦྱོང་དང་སྤྱི་ཚོགས་བྱ་འགུལ་བཅས་ལ་ཞུགས་པའི་རང་དབང་ཡོད་ལ། ཕྱོགས་གཅིག་གིས་ཅིག་ཤོས་ལ་ཚོད་འཛིན་དང་ཐེ་གཏོགས་བྱས་མི་ཆོག
        བཞི། ཁྱོ་ཤུག་གཉིས་ཀར་ཐུན་མོང་ལ་དབང་བའི་རྒྱུ་ནོར་འདྲ་མཉམ་གྱིས་བདག་འཛིན་བྱེད་པའི་དབང་ཆ་ཡོད།
        ལྔ། ཕྱོགས་གཅིག་གིས་གསོ་སྐྱོང་གི་འོས་འགན་མི་འཁུར་བའི་དུས་སུ། ཅིག་ཤོས་ལ་གསོ་སྐྱོང་གྲོན་དངུལ་ལེན་པའི་ཁེ་དབང་ཡོད།
        དྲུག ཁྱོ་ཤུག་གཉིས་ཀར་ཕན་ཚུན་གྱི་ཤུལ་བཞག་    རྒྱུ་རྫས་ཤུལ་འཛིན་བྱེད་པའི་དབང་ཆ་ཡོད།
    ཁྱོ་ཤུག་ཕན་ཚུན་བར་གྱི་འོས་འགན་དྲུག་ནི།
        གཅིག ཁྱོ་ཤུག་ཕན་ཚུན་བར་ལ་རང་ཉིད་དང་ཁྱིམ་ཚང་གི་འཚོ་བ། རྒྱལ་ཁབ་དང་སྤྱི་ཚོགས་ཀྱི་ཁེ་ཕན་བཅས་གཅིག་གྱུར་བྱས་ཏེ། རྒྱལ་ཁབ་ཀྱི་བཅའ་ཁྲིམས་དང་སྤྱི་ཚོགས་རིང་ལུགས་ཀྱི་ཀུན་སྤྱོད་ཀྱིས་མཛུབ་སྟོན་བྱས་འོག ཁྱོ་ཤུག་གི་འབྲེལ་བ་ཐག་གཅོད་བྱེད་པའི་འོས་འགན་ཡོད། 
        གཉིས། ཁྱོ་ཤུག་གཉིས་ཀར་ཕན་ཚུན་ལ་ཡིད་ཆེས་དང་གཅེས་བཀུར། ཕན་ཚུན་གྱི་བརྩེ་དུངས་ལ་མཐོང་ཆེན་བྱེད་པའི་འོས་འགན་ཡོད།
        གསུམ། ཁྱོ་ཤུག་གཉིས་ཀར་ཕན་ཚུན་གསོ་སྐྱོང་བྱེད་པའི་འོས་འགན་ཡོད།
        བཞི། ཁྱོ་ཤུག་གཉིས་ཀར་ཕན་ཚུན་འཆར་གཞི་ལྡན་པའི་ངང་ཕྲུ་གུ་བཙའ་བའི་འོས་འགན་ཡོད།
        ལྔ། ཁྱོ་ཤུག་གཉིས་ཀར་བུ་ཕྲུག་ལ་ཐུན་མོང་གིས་གསོ་སྐྱོང་དང་སློབ་གསོ་གཏོང་བའི་འོས་འགན་ཡོད།
        དྲུག ཁྱོ་ཤུག་གཉིས་ཀར་རྒས་འཁོགས་སུ་ལུས་ཚེ་ཕན་ཚུན་ལ་སྙོར་སྐྱོང་དང་དྲན་གསོ་བྱེད་པའི་འོས་འགན་ཡོད།   །

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1