གཙོ་ངོས།>> ཞིབ་འཇུག>>ལོ་རྒྱུས།

རྒྱལ་མོ་འབྲུག་པ། རྩོམ་སྒྲིག་པ།ཡོང་ཁུངས།ཀྲུང་གོའི་བོད་ལྗོངས་དྲ་བ། སྤེལ་དུས། ༢༠༡༨ལོའི་ཟླ་བ་༠༤ཚེས་༠༢ཉིན།

༄༅།། བོད་ཀྱི་ལོ་རྒྱུས་སྟེང་གི་ལྡོང་མི་ཉག་དང་མི་ཉག་རྒྱལ་ཁམས་ཀྱི་སྐོར་ལ་དཔྱད་པ།

 རྒྱལ་མོ་འབྲུག་པ།
            དེ་ཡང་མི་ཉག་ལ་བོད་ཀྱི་ལོ་རྒྱུས་དེབ་ཐེར་དང་རྒྱལ་རབས་ཆོས་འབྱུང་རྣམས་སུ་མི་ཉག་དང་ལྡོང་མི་ཉག་དང་མི་ཉག་ཅེས་བཀོད་པ་མང་ལ། རྒྱའི་ལོ་རྒྱུས་ནང་བཀོད་པའི་ཞི་ཞཱ་(西夏)རྒྱལ་རབས་བྱ་བ་ལ་ཡང་བོད་ཀྱིས་མི་ཉག་གྷ་དང་མི་ཉག་རྒྱལ་རབས་སམ་མི་ཉག་རྒྱལ་ཁམས་ཞེས་འབོད། དེ་ལྟར་མི་ཉག་དང་མི་ཉག་རྒྱལ་པོའི་སྐོར་གྱི་བྱུང་བ་བོད་ཀྱི་ལོ་རྒྱུས་ཡིག་ཚང་དང་རྒྱལ་རབས་ཆོས་འབྱུང་རྣམས་སུ་ཐ་ཐོར་རེ་བཀོད་པ་མཐོང་རྒྱུ་ཡོད་པ་དང་། ནང་སྒོས་སུ་མི་ཉག་རྒྱལ་རྒོད་ཀྱི་ལོ་རྒྱུས་ཉུང་བསྡུས་གཏམ་རྒྱུད་ལྟ་བུ་ཞིག་《ཚལ་པའི་དེབ་དམར་》སོགས་སུ་བཀོད་པར་བརྟེན་དེའི་སྐོར་གྱི་ལོ་རྒྱུས་ང་ཚོས་རྟག་པར་མཐོང་མོད། འོན་ཀྱང་མི་ཉག་གི་ལོ་རྒྱུས་ཆ་ཚང་དང་རྒྱལ་རབས་རྒྱས་པ་ཞིག་ནི་བོད་ཡིག་ནང་མཇལ་རྒྱུ་ཤིན་ཏུ་དཀོན་པར་མ་ཟད། ཐ་ན་སྔོན་རབས་མཁས་པ་ལ་ལས་མི་ཉག་གམ་མི་ཉག་རྒྱལ་ཁམས་གཉིས་ངོས་འཛིན་གནང་མ་ཐུབ་པའི་གནས་ཚུལ་ཡང་བྱུང་ཡོད་དེ། དཔེར་ན་དུས་རབས་བཅོ་བརྒྱད་པར་བྱོན་པའི་མཁས་པ་གུང་མགོན་པོ་སྐྱབས་ཀྱིས་བརྩམས་པའི་《རྒྱ་ནག་ཆོས་འབྱུང་》དུ་རྒྱའི་སུང་རྒྱལ་རབས་(宋朝)ཀྱི་ལོ་རྒྱུས་བརྗོད་སྐབས་སུ། “རྒྱལ་རབས་བཞི་པའི་སྐབས་ན་ནུབ་ཕྱོགས་ཀྱི་ཁམས་རྒྱལ་ལི་ཡན་ཧའུ་ངོ་ལོག་ནས་རང་ཚུགས་ཐུབ་པར་བྱས། རྩ་བ་ཡུ་གུར་རྒྱལ་པོའི་རིགས་ལས་མཆེད་པས་ཧུ་ཝང་དྷཱིའི་གདུང་རྒྱུད་ཡིན་པ་ལས། སྔོན་མེས་པོ་ཐོ་བྲག་ཧུ་ཝའི་ཀུའང་ཆེན་པོ་ཐང་གི་ཞབས་འདེགས་བྱས་པས་ནུབ་མཐའ་སྐྱོང་བར་དབང་བསྐུར་ཞིང་། ཐང་རང་གི་རིགས་སུ་གཏོགས་པར་མཛད་དེ་ལི་རིགས་གནང་བ་ལ་བརྟེན་ནས་ཕྱིས་ལི་རྒྱལ་ཏུ་འབོད་ཅིང་། ཡུལ་ལའང་ལི་ཡུལ་ཟེར་ཡང་ངོ་མ་འཇང་ཡུལ་ལོ། །རྒྱལ་སྲིད་ཀྱི་མིང་ལ་ཥི་ཡ་ཡིན་ལ། བོད་རྣམས་འཇང་ས་ཏམ་རྒྱལ་པོ་ཟེར་རོ། །”① ཞེས་ནང་དོན་རྒྱ་ཡིག་གི་རྗེས་སུ་འབྲངས་ནས་གསུངས་པ་ཡི་གེ་འགའ་རེའང་བྲིས་ནོར་བྱུང་ཡོད་ལ། གཙོ་བོ་མི་ཉག་རྒྱལ་ཁམས་འཇང་ཡུལ་དང་འཁྲུལ་ནས་ཡུལ་དེར་ངོས་འཛིན་གནང་འདུག་པ་ལྟ་བུ་དང་། དེ་ནས་དུས་རབས་བཅུ་དགུ་པའི་དུས་སྟོད་དུ་བརྩམས་པའི་《ཆོས་འབྱུང་ཤེལ་དཀར་མེ་ལོམ་ངམ་རག་ར་ཆོས་འབྱུང་》དུའང་རྒྱའི་སུང་རྒྱལ་རབས་ཀྱི་ལོ་རྒྱུས་བརྗོད་སྐབས། “འདིས་རབས་བཞི་པའི་དུས་ནུབ་ཕྱོགས་ཀྱི་ཁམས་རྒྱལ་ལི་ཡན་ཧའུ་ངོ་ལོག་ནས་རང་ཚུགས་ཐུབ་པ་བྱས་པར་བཤད་ཅིང་། མགོན་པོ་སྐྱབས་ཀྱི་རྒྱ་ནག་ཆོས་འབྱུང་དུ་འདི་འཇང་ཡུལ་དང་ས་དམ་དུ་ངོས་བཟུང་བ་ནོར་འཁྲུལ་བྱུང་བ་ཨེ་ཡིན་བརྟག་སྟེ། བོད་ཀྱི་ཡིག་རྙིང་ཆོས་འབྱུང་རྣམས་སུ་མེ་ཉག་རྒྱལ་པོར་བཤད་པ་དེ་ཡིན་ནམ་སྙམ་ཞིང་། ཡིག་རྙིང་རྣམས་སུ་མེ་ཉག་གོང་མའི་རབས་སུ་བཤད་ཀྱང་སུང་ལ་མེ་ཉག་རྒྱལ་པོ་ཟེར་དོན་མེད་འདྲ་ཞིང་ཡུལ་ཡང་འཇང་ཡུལ་མ་ཡིན་པར་སྔོན་གྱི་མེ་ཉག་ཟེར་བ་དེང་སང་ཨ་མདོ་དང་ཉེ་བའི་ལེན་ཇུས་ཞིང་ཆེན་གྱི་སྡེ་ཚན་དུ་གཏོགས་པ་ཨེ་ཡིན་སྙམ་ཞིང་། མི་ཉག་ཅེས་པ་ནི་ཧོར་གྱིས་བཅོམ་ནས་སྔ་རབས་ནས་སྟོངས་པས་དཔྱད་དགོས་ཤིང་།”①ཞེས་དོགས་འཛིན་དང་བཅས་དཔྱད་གཞིར་གདམས་ནས་དགག་གཞག་གིས་ངོས་འཛིན་ཡང་དག་པར་མཛད་འདུག་པ་ལྟ་བུ་དང་། སྤྱིར་བོད་ཀྱི་ལོ་རྒྱུས་རྣམས་སུ་མི་ཉག་གི་རྒྱལ་རབས་དང་ལོ་རྒྱུས་གཏམ་རྒྱུད་ལྟ་བུ་རྒྱས་པ་ཞིག་བཀོད་ཡོད་པ་ནི་ཚལ་པ་ཀུན་དགའ་རྡོ་རྗེས་མཛད་པའི་《དེབ་དམར་》དུ་མི་ཉག་ཤེས་རབ་ཡེ་ཤེས་ཀྱིས་སྨྲས་པ་བཞིན་བཀོད་འདུག་པ་དེ་ཡིན་ལ། དེ་ནི་བོད་ཀྱི་ལོ་རྒྱུས་ནང་མི་ཉག་གི་སྐོར་བཀོད་པ་སྔ་ཤོས་དང་རྒྱས་ཤོས་ཡིན་པར་མངོན། དེའི་འཕྲོར་《རྒྱ་བོད་ཡིག་ཚང་ཆེན་མོ་》དང་《ཆོས་འབྱུང་མཁས་པའི་དགའ་སྟོན་》སོགས་སུའང་དེ་གཞི་བྱས་ནས་བཀོད་ཡོད་པ་དེ་ཡིན། ཡང་མི་ཉག་རྒྱལ་ཁམས་ཀྱི་མངའ་ཁོངས་སྐོར་ 《མཁས་པའི་དགའ་སྟོན་》དང་《མདོ་སྨད་ཆོས་འབྱུང་》རྣམས་སུ་བཀོད་པ་ཅུང་ཟད་དག་པར་མཐོང་སྟེ། 《ཆོས་འབྱུང་མཁས་པའི་དགའ་སྟོན་》དུ། “མི་ཉག་གི་རྒྱལ་པོའི་ལོ་རྒྱུས་ནི། དེ་ཡང་ཤར་ནི་རྒྱ་ནག་ལྷོ་ན་འཇང་ནུབ་ན་བོད་བྱང་ཧོར་གྱིས་བཅད་པའི་དབུས་ནི་མི་ཉག་གི་རྒྱལ་ཁམས་ཏེ། ཕྱིས་གོ་དན་གྱིས་བཟུང་བ་གྷ་དང་བྱང་ངོས་སོགས་ནི་ཡུལ་གྱི་དངོས་གཞི་ཡིན་ལ། རབ་སྟོད་ཚར་སྒང་གི་ས་རྣམས་ཀྱང་མི་ཉག་ལ་གཏོགས་སོ། །” ②ཞེས་མི་ཉག་གྷའི་ཡུལ་གྲུ་དང་རྒྱལ་ཁམས་སྐོར་ཅུང་ཟད་ཡང་དག་པར་བཀོད་ཡོད་པ་འདི་ཡིན་ལ། ཡང་ཁྱུང་པོ་བློ་གྲོས་རྒྱལ་མཚན་གྱིས་བརྩམས་པའི་བོན་གྱི་ཡིག་རྙིང་ 《བསྟན་འབྱུང་ཡིད་བཞིན་ནོར་བུ་》བྱ་བར། “དྲུག་པ་མེ་ཉག་རྒྱལ་པོའི་རབས་ནི། མེ་ཉག་རྒྱལ་རྒོད་ཅེས་ཀྱང་བྱ་སྟེ། དུས་   ནི་བོད་རྒྱལ་དར་མ་དང་མཉམ་དུ་བྱུང་ཞིང་། མངའ་རིས་ནི་རྒྱ་བོད་ཧོར་གསུམ་ལ་དབང་བྱས་པས། ཁ་ཅིག་རྒྱ་རྗེ་རྒྱལ་པོ་ཡང་ཟེར། གླིང་གེ་སར་ཀྱང་འབུལ་བ་སྐྱེལ་དགོས་པར་གྲགས་སོ། །རིགས་ནི་ཤར་མེ་ཉག །ལྷོ་མེ་ཉག་བྱང་མེ་ཉག་གསུམ་ལས། འདི་བྱང་གི་ཙོང་ཀ་ན་ཡོད་པའི་མེ་ཉག་པས་ན་གྲགས་པ་དེའོ། །རྒྱལ་རབས་ནི་འགའ་ཞིག་ལས་མ་བྱུང་བ་དེའོ། །”① ཞེས་པ་སོགས་བོད་ཡིག་ཏུ་མི་ཉག་རྒྱལ་པོའི་སྐོར་འདི་ལྟ་བུ་ཉུང་བསྡུས་ཤིག་ལས་བཀོད་ཡོད་པ་མ་མཐོང་ལ། དེ་ལས་རྒྱ་ཡིག་ནང་མི་ཉག་དང་མི་ཉག་རྒྱལ་རབས་སྐོར་གྱི་ལོ་རྒྱུས་ཡིག་ཆ་ཧ་ཅང་མང་པོ་ཡོད་པར་མ་ཟད། མི་ཉག་རང་ལ་ཡང་སྔ་མོར་ཡི་གེ་ཞིག་ཡོད་པའི་ནང་དུའང་མི་ཉག་རང་གི་ལོ་རྒྱུས་དང་ཆོས་གཞུང་སོགས་མང་པོ་སྔར་ནས་བཀོད་ཡོད་པ་དེ་བས་ཀྱང་མང་ཟེར། འདིར་ཁོ་བོས་རང་རེའི་བོད་ཀྱི་ལོ་རྒྱུས་ཡིག་ཚང་རྙིང་པ་རྣམས་གཞིར་བཟུང་སྟེ་རྒྱ་ཡིག་གི་ཡིག་ཆ་མང་པོས་ཁ་སྐོང་དང་ཟུར་རྒྱན་དུ་བྱས་ནས་ལྡོང་མི་ཉག་དང་མི་ཉག་རྒྱལ་པོའི་ལོ་རྒྱུས་སྐོར་ལ་ཅུང་ཟད་དཔྱད་པར་འདོད་དོ། ། 

དང་པོ། ལྡོང་མི་ཉག་གི་སྐོར་བཤད་པ། 
            དེ་ལ་འདིར་ཐོག་མར་མི་ཉག་གི་རིགས་རུས་ཀྱི་འབྱུང་ཁུངས་ཅུང་ཟད་སྔོག་འདོན་བྱས་ན། སྤྱིར་བོད་ཀྱི་ལོ་རྒྱུས་ཡིག་ཚང་རྣམས་སུ་མི་ཉག་ལ་མེ་ཉག་དང་མི་ཉག་གྷའམ་འགའ་ཞེས་ཟེར་ལ། མི་ཉག་ནི་གཙོ་བོ་བོད་ཀྱི་རུས་ཆེན་བཞིའི་ནང་ཚན་ལྡོང་གི་རྒྱུད་པ་ཡིན་པར་བཤད་དེ། དཔེར་ན་《རུས་ཡིག་པད་དཀར་སྐྱེད་ཚལ་》ཞེས་པ་ལས། “གནའ་བོའི་རྗེ་གཉའ་ཁྲི་བཙན་པོ་ཡན་ཆད་ཀྱི་རྒྱལ་ཕྲན་བཅུ་གཉིས་བྱུང་བ་དེ་རྣམས་ཡུལ་མི་ཉག་ནས་ལྡོང་རིགས་དང་། དེ་བཞིན་སུམ་ལྷ་ནས་འབྲི་རིགས། ཞང་ཞུང་ནས་སྦྲ་རིགས། འ་ཞ་ནས་སྒ་རིགས་བྱུང་སྟེ་བོད་ཀྱི་རྒྱལ་པོ་རེ་མཛད་པའི་མི་རྒྱུད་ནས་མཆེད་པ་ལྟར།” ①ཞེས་དང་། ཡང་བོད་ཀྱི་ལོ་རྒྱུས་ཡིག་རྙིང་《མགོ་ནག་མིའུ་འདྲ་ཆགས་》སུ། “སྨུག་པོ་ལྡོང་གི་ཆེ་དྲུག་དེ།......སྨད་ན་མི་ཉག་ཁྱི་ཐན་གཉིས། ཁམས་ཀྱི་འགོ་ལོ་རྡོག་པས་མནན།་་་་་་ལྡོང་མར་ལ་མེ་ཉག་ཁྱི་ཐན་དམའ། རྒྱ་ནག་པོའི་གྱང་ལ་རྡོག་པས་གཏད།” ②ཅེས་སོགས་ལྡོང་གི་ཆེ་ཚུལ་དང་བཅས་མང་དུ་བཀོད་པའི་ཡིག་འབྲུའི་ནང་དུའང་གོ་རྒྱུ་རེ་གཉིས་ཡོད་པ་བཞིན་དང་། ཡང་བོན་གྱི་ཡིག་རྙིང་《མིའུ་རིགས་བཞི་ལྷ་སེལ་ལྷ་མཆོད་རྒྱས་པ་》ཞེས་པར། “མི་ལ་མིའུ་རིགས་བཞི་སྲིད།......ལྡོང་དང་མི་ཉག།......ལྡོང་མི་ཉག་གི་ལྷ་སྐལ་དུ། སེ་ལྷ་མ་མཆོག་དང་། སྒོ་ལྷ་སྟག་གཡག་ཐོབ།” ③ ཅེས་སོགས་མང་པོ་བཀོད་ཡོད་ལ། དེ་མིན་《རྒྱ་བོད་ཡིག་ཚང་ཆེན་མོའི་》ནང་བོད་ཀྱི་རིགས་རུས་བརྗོད་སྐབས་སུའང་།  “མོན་པ་རིགས་གསུམ་བྱུང་བ་ནི། མོན་རང་རྒྱུད་པ་དང་། རྒྱ་བོད་མཚམས་ཀྱི་མི་ཉག། ཀོང་པོ་དང་གསུམ་མོ། །......ད་ཕོ་བོ་ལྡོང་ལ་ཆེ་དྲུག་ཡོད། ། སྟོད་ན་སྤ་ཚབ་འབྲིང་ཡས་གཉིས། །......སྨད་ན་མི་ཉག་གྱི་ཐན་གཉིས། །”④ཞེས་པ་ལྟ་བུ་སོགས་རང་རེའི་ཡི་གེར་ལྡོང་མི་ཉག་ཅེས་བཀོད་པ་སྐབས་སྐབས་སུ་མཐོང་རྒྱུ་མང་ལ་རིགས་རུས་ཀྱི་མཆེད་ཁུངས་ཀྱང་གསལ་པོར་བཀོད་ཡོད་པ་འདི་ཡིན།  
            དེ་ནས་རང་རེ་བོད་ཀྱི་རྒྱལ་རབས་རིམ་བྱུང་གི་སྐབས་སུ་བཀོད་པའི་མི་ཉག་སྐོར་ཅུང་ཟད་བཙལ་ན། 《བོད་ཀྱི་རྒྱལ་རབས་གསེར་ཕྲེང་》ཞེས་པར་བོད་རྗེ་གཉའ་ཁྲི་བཙན་པོའི་ལོ་རྒྱུས་བརྗོད་སྐབས། “བཙན་ཁྱུང་དང་སྣུབས་གཉིས། གཉའ་ར་རྩེ་དང་གཙོ་གཉིས། ཁུ་སྟེགས་གཉིས། འབངས་རུས་དྲུག་གིས་སྤྱན་དྲངས། ར་སང་དར་པ་དང་། ཁྱུང་པོས་ཁོད་པ་བྱས། མེ་ཉག་གི་བཤེས་གཉེན་བློན་པོར་བསྐོས།”① ཞེས་བོད་རྗེ་གཉའ་ཁྲི་བཙན་པོའི་སྐབས་ནས་མི་ཉག་གི་བཤེས་གཉེན་ནམ་མཁས་པ་བོད་བཙན་པོའི་བཀའ་བློན་དུ་བསྐོས་ཡོད་ཚུལ་གསལ་པོར་བཀོད་ཡོད་པ་འདི་དང་། ཡང་བོན་གྱི་ཡིག་རྙིང་《སྲིད་པ་རྒྱུད་ཀྱི་ཁ་བྱང་ཆེན་མོ་》ལས་ཀྱང་། “དེ་ནས་སྣང་བ་གཤེན་པ་ཐུལ་དང་། འཛི་བོན་ཁོད་ཀེ་གཉིས་ཀྱིས། ལྡོང་གི་ལྷ་ཀླུ་གཞོབ་ཀྱིས་མནོལ་བ་བསངས་ཏེ། ལྷ་ཀླུ་གཉན་དང་གསུམ་གྱི་བསྡུམ་བྱས་སོ། ། དེའི་ཡོན་ཏན་གྱིས་ལྡོང་རུས་ཆེན་བཅོ་བརྒྱད་ཙམ་དུ་འཕེལ།”② ཞེས་དང་། ཡང་དེ་མིན་ད་དུང་། “དེ་ནས་མི་ཉག་ལྡོང་གི་ཡུལ་ན། བོན་དང་གཤེན་མ་མཆིས་ན། མི་རུ་སྲིད་པའི་མིང་ནི་སྤྲོ་ན་སྤྲོ་གུ་ཡི། གཤེན་རབ་བྱ་རྒོད་ཐང་དཀར་ལ་སྤྱན་དྲངས་ནས། ལྷ་ནི་སྲིད་པའི་ཐོག་རྒོད་བཅུ་གསུམ་བདར། མི་ལ་མིང་བཏགས་པ་ནི། མ་ན་འབྲོང་འདུར་དང་། ཁྲི་ཐང་གྱེར་མེད་དུ་བཏགས། རྔའི་རྡུང་ཐབས་ནི། དབྱར་གྱི་ཆུ་བྲག་གི་རྦ་ལ་དཔེ་ལེན། བོན་གྱི་གཏོ་ཐབས་ནི། ནམ་མཁའི་འཇའ་ཚོན་ལ་དཔེ་ལེན་ཏེ། དངུལ་གྱི་ཤོག་ཤོག་ལ་གཡུའི་སྣག་ཚས་ཡི་གེ་བྲིས། 
            དེ་ནམ་པ་ལྡོང་གི་སྐད་དུ་གྱེར། དེ་ལྟར་ལྡོང་མི་ཉག་གི་ཡུལ་དུ། གཡུང་དྲུང་གི་བོན་གཏན་ལ་ཕབ།”① ཅེས་དང་། ཡང་དེ་ལས། བོད་དང་ནམ་འཕན་ལྡོང་མེ་ཉག་གི་སྐད་ནི། སིང་ང་ལྷའི་སྐད་ལས་གྲོལ་ལོ། །ཞེས་པ་ལྟ་བུ་སོགས་མང་པོ་འབྱུང་ལ། ཡང་《ཆོས་འབྱུང་མཁས་པའི་དགའ་སྟོན་》དུ་སྲོང་བཙན་སྒམ་པོའི་ལོ་རྒྱུས་བརྗོད་སྐབས། “དེ་ལྟར་ཤར་རྩ་མི་དང་ཤིང་མི་ལྷོ་ནས་ཀློ་དང་མོན་ནུབ་ནས་ཞང་ཞུང་དང་གྲུ་གུ་བྱང་ནས་ཧོར་དང་ཡུ་གུར་རྣམས་འབངས་སུ་འདུས། འཛམ་གླིང་གི་ཕྱེད་ལ་ཁ་ལོ་བསྒྱུར།”② ཅེས་དང་། ཚུལ་དེ་བོད་ཀྱི་རྒྱལ་རབས་གཞན་དག་ཏུའང་རྒྱལ་པོ་འདིའི་རིང་ལ། ཤར་རྩ་མི་དང་ཤིང་མི། ལྷོ་གློ་བོ་དང་ཞང་ཞུང་། བྱང་ཧོར་གྱི་རྒྱལ་ཁམས་ལ་སོགས་པ་དབང་དུ་བསྡུས་ནས། དམ་པའི་ཆོས་ཀྱི་སྲོལ་གཏོད་པ་ཡིན་ནོ་ཞེས་བཀོད་པ་དང་མཐུན་ལ། ཡང་ཁོང་གི་བཙུན་མོ་རུ་ཡོངས་བཟའ་ནི་ 《མཁས་པའི་དགའ་སྟོན་》དུ་མི་ཉག་གི་རྒྱལ་པོའི་བུ་མོ་རུ་ཡོངས་བཟའ་རྒྱལ་མོ་བཙུན་དང་ཞེས་བཀོད་པ་བཞིན་ཡུལ་མི་ཉག་ནས་བསུས་པ་ཡིན་པས་བོད་ཀྱི་ལོ་རྒྱུས་རྣམས་སུ་མི་ཉག་བཟའ་ཞེས་ཀྱང་འབོད་པ་ལྟར་དང་། སྐབས་དེའི་མི་ཉག་གི་ཡུལ་ནི་མི་ཉག་ར་བ་སྒང་ངམ་རབ་སྒང་ཞེས་གྲགས་པ་དེང་སང་གི་ཁམས་དར་མདོའི་མི་ཉག་གྷ་སྒང་གི་ཡུལ་གྲུ་འདི་དག་ཡིན་འདུག་ལ། ཡང་ལྷ་སྒང་ཇོ་བོའི་སྐུ་རྒྱུ་ལྷ་སའི་ཇོ་བོ་དང་གཅིག་ཚུལ་དང་མི་ཉག་ཡོངས་རྫོགས་དགོན་པ་ཟེར་བ་ལྷ་སྒང་གཙུག་ལག་ཁང་འདི་ཡིན་ཚུལ་སོགས་ཕལ་ཆེར་དེ་གའི་མི་རྣམས་སྨྲ་བཞིན་ཡིན་ནོ། །  
            གཞན་ཡང་《ལྷོ་རོང་ཆོས་འབྱུང་》དུའང་བློན་ཆེན་མགར་དམ་པའི་ལོ་རྒྱུས་བརྗོད་སྐབས། “སྦྲ་དཀར་གྱི་ནང་ཚན་རིགས་བཞིར་ཕྱེ་བས། སྟོང་བཙན་ཡུལ་བཟུང་འཕྲུལ་རྒྱུད་ནི་དབུས་གཙང་ཀུན་ཏུ་འབྱུང་། བཙན་ལ་དྲགས་པའི་རྒྱུད་ནི་འཇང་དང་ས་མཐར་དབྱུང་། སྙེ་རོང་བཞག་འཇུག་གི་སྐལ་རྒྱུད་ནི་བྲག་དར་དང་མི་ཉག་སྟོད་སྨད་དུ་འབྱུང་།”①ཞེས་བཀོད་པ་ལྟར་དང་། དེ་མིན་《གཉགས་སྟོན་གདུང་རབས་》སུ་བཙན་པོ་ཁྲི་རལ་པ་ཅན་གྱི་མཛད་རྗེས་བརྗོད་སྐབས། “གཞན་ཡང་མི་ཉག་དང་། སོག་པོ་དང་། མོན་དང་། བལ་བོ་ལ་སོགས་པ་འཛམ་བུ་གླིང་གསུམ་གཉིས་ཆབ་སྲིད་དུ་ཆུག་པ་དང་།”② ཞེས་བཀོད་ཅིང་། དེ་མིན་ཁྱུང་པོ་བློ་གྲོས་རྒྱལ་མཚན་གྱི་《རྒྱལ་རབས་བོན་གྱི་འབྱུང་གནས་》ཞེས་པར་“དེ་ནས་ལྷ་སྲས་དར་མའི་སྐུ་རིང་ལ། མེ་ཉག་གི་བོན་པོ་རྒྱལ་གསུམ་ལེགས་དཔལ་དང་། སེ་བོན་ཡེ་ཤེས་དཔལ་གྱིས་སྐུ་བསྲུངས།”③ ཞེས་མི་ཉག་གི་བོན་པོས་བཙན་པོའི་སྐུ་སྲུང་ཚུལ་བཅས་བཀོད་ཡོད་པ་ལྟ་བུ་དང་། ཡང་དེ་ལས། “གླང་དར་མའི་དུས་སུ། རྒྱ་བོད་ཧོར་གྱི་མཚམས་སུ་མེ་ཉག་རྒྱལ་པོ་འགའི་རིང་ལ་བོན་ཀྱང་འདུལ་བའི་དབུ་བརྙེས་ཏེ་བཀའ་གཏེར་གཉིས་རིམ་བཞིན་འཕེལ་བའོ། ། དེའི་རྗེས་སུ་ཧོར་ཇིང་གིར་རྒྱལ་པོ་མི་བཅུ་གསུམ་བྱུང་ནས་རྒྱ་བོད་ཧོར་གསུམ་སོག་པོ་མེ་ཉག་སོགས་ཡུལ་ཁམས་མང་པོ་ལ་རྒྱལ་ཁྲིམས་བཙུགས་པའི་དུས་སུ་བོད་ཀྱི་བོན་པོ་ལ་ཡང་ལས་ཚན་ཉི་ཤུ་རྩ་གཅིག་ཙམ་ཞིག་བྱུང་།”① ཞེས་སོགས་བཀོད་ཅིང་། གཞན་ཡང་བོད་ཀྱི་ཡིག་རྙིང་《རྦ་བཞེད་》དུའང་གངས་རིའི་ཁྲོད་དུ་ལོ་པཎ་ཆེན་པོ་བྱོན་པའི་མཚན་ཐོའི་གྲས་སུའང་རྩ་མི་སངས་རྒྱས་གྲགས་དང་མེ་ཉག་ཀུན་དགའ་གྲགས་སོགས་མི་ཉག་གི་མཁས་པའི་མཚན་བྱང་བཀོད་ཡོད་པས་མཚོན། དུས་ཕྱིས་བར་དུ་མི་ཉག་གི་མཁས་པ་རྣམས་བོད་ཁམས་སུ་མཛད་རྗེས་ཆེ་བ་ཤིན་ཏུ་གསལ་ལ། ཡང་བསྟན་འབྱུང་དེ་ལས་བོན་གྱི་བཀའ་མའི་ལོ་རྒྱུས་བརྗོད་སྐབས། “དང་པོ་ནི། ཞང་ཞུང་རྒྱལ་པོ་མུ་ལ་མུ་སངས་ཀྱི་རིང་ལ། འདུལ་བ་ནུབ་པའི་དུས་སུ་མི་ཟི་གསལ་བཟང་རབ་ཏུ་ཐུགས་ཆད་ནས་འགོག་པ་ལ་བཞུགས་ཏེ། དེ་ནས་ལོ་བརྒྱད་ལོན་པའི་དུས་སུ་མེ་ཉག་གི་རྒྱལ་པོ་རབ་རྩེ་འདུས་ཀྱི་རྟ་རྫི་སོག་པོ་སྤྲེལ་སློག་ཅན་གྱིས་མདོ་སྨད་ཀྱི་རི་ལ་ཉིན་ཞིག་རྟ་འཚོས་པས།”②ཞེས་སོགས་བླ་ཆེན་དགོངས་པ་རབ་གསལ་གྱི་མཁན་རྒྱུད་ཀྱི་ལོ་རྒྱུས་མི་མཐུན་པ་ཞིག་བརྗོད་འདུག་པ་དེར་ཡང་མི་ཉག་དང་འབྲེལ་བ་ཡོད་ཚུལ་སོགས་བཀོད་ཡོད་པ་ལགས།  
            དེ་ལ་ཡང་རྒྱའི་ཡིག་ཚང་དུ་ལྡོང་ལ་ཏང་ཞང་(党项)དང་ཡང་ན་བོད་དང་བཅས་པའི་རིགས་རྒྱུད་ལ་ཆཱང་(羌)ཞེས་འབོད་པ་བཞིན་འདི་ལ་ཡང་ཏང་ཞང་ཆཱང་(党项羌)ཞེས་བཀོད་འདུག་སྟེ། རྒྱའི་ཐང་གི་ཡིག་ཚང་དུ། “ཏང་ཞང་ཆཱང་ཞེས་པ་ནི་སན་མིའོ་ཡི་རྒྱུད་ལས་བྱུང་། དེའི་རྒྱུད་ལ་ཐན་ཁྲང་དང་པའེ་ལང་སོགས་ཡོད་ཅིང་ཚང་མས་རང་ལ་སྤྲེའུའི་རྒྱུད་པར་འབོད། དེའི་ཤར་ཕྱོགས་ལིན་ཐའོ་དང་ཞི་ཕིང་དང་འབྲེལ། ནུབ་ཕྱོགས་ཡེ་ཧུའུ་དང་འབྲེལ། ལྷོ་ནས་བྱང་དུ་ལེ་དབར་སྟོང་ཕྲག་དུ་མ་མཆིས་ཤིང་རི་གྲོག་ཏུ་གནས། རུས་ཀྱི་དབྱེ་བ་ལྟར་ཚོ་པ་ཆགས། ཚོ་པ་ཆེ་གྲས་ལ་རྟ་པ་ལྔ་སྟོང་ལྷག་ཡོད་པ་དང་། ཆུང་གྲས་ལ་རྟ་པ་ཆིག་སྟོང་ལྷག་ཡོད། གནག་ཕྱུགས་ཀྱི་རྔ་མ་དང་ར་རྩིད་ཐགས་སུ་བཏགས་ནས་སྡོད་སའི་ཁང་པར་བྱེད། པགས་རིགས་དང་བལ་རྩིད་ཀྱི་ལྭ་བ་གྱོན། ཕྱིང་བ་ལྷེབ་གྱོན་བྱེད་ཅིང་དེ་རྒྱན་གོས་བཟང་པོར་བརྩི། དྲག་པོའི་ལས་ལ་མོས་གུས་བྱེད་པའི་གོམས་སྲོལ་གདའ། བཀའ་ཁྲིམས་མེད་ཅིང་ཚང་མས་རང་ས་ནས་འཚོ་ཚིས་དོན་དུ་གཉེར། དམག་རྒྱག་དགོས་དུས་ད་གཟོད་མཉམ་དུ་འདུ། ཁྲལ་དང་འུ་ལག་མེད་ཅིང་ཕན་ཚུན་འགྲོ་འོང་མི་བྱེད། ནོར་ལུག་ཕག་གསུམ་འཚོས་ནས་ཁ་ཟས་སུ་བྱེད་པ་ལས་རྨོ་འདེབས་མི་ཤེས། དེའི་སྲོལ་ལ་བྱི་འཆལ་གྱི་སྤྱོད་པ་དར་ཆེ་བ་མཐའ་འཁོབ་མི་རིགས་ཀུན་ལས་རྩེ་མོར་སོན། ཡི་གེ་མེད་ཅིང་རྩི་ཤིང་སྐྱེ་སྐམ་ལ་གཞིགས་ནས་ལོ་དུས་རྩི། ལོ་གསུམ་རེའི་ནང་ཐེངས་གཅིག་འདུ་ཞིང་ནོར་ལུག་བསད་ནས་གནམ་ལ་མཆོད།”① ཅེས་བཀོད་པ་ལྟར་ན་ཁོང་ཚོས་བོད་མིའི་མེས་པོ་བྱིངས་ལ་ཆཱང་ཞེས་བཏགས་པ་ལྟར་ལྡོང་མི་ཉག་གི་མིང་ལ་ཡང་ཏང་ཞང་ཆཱང་ངམ་ཏང་ཞང་(党项)ཞེས་འབོད་པ་འདི་ཡིན་ལ། དེར་དེང་སང་གི་རང་རེའི་མཁས་པ་ལ་ལས་ཏང་ཞང་ཟེར་བ་ལྡོང་ཡིན་པ་གཞིར་བཞག་གིས་རྒྱ་ཡིག་ལ་ཡིག་འབྲུ་གཅིག་ལྷག་པ་མཐོང་ནས་ལྡོང་བྱང་དང་ལྡོང་ཤུལ་ལྟ་བུ་རང་སྣང་གང་ཤར་གྱིས་ཡིག་ཐོག་ཏུ་འབེབས་ཕོད་པར་འདུག་མོད། འོན་ཀྱང་དོན་དུ་དེ་འདྲའི་མོ་བ་རྩིས་པ་གནང་མི་དགོས་ཏེ། བོད་སྐད་བརྡ་རྙིང་ལ་ལྡོང་གི་སྒྲ་རྗེས་འཇུག་ང་སྒྲ་དག་པར་ཐོན་པའི་དབང་གིས་རྒྱ་སྐད་དུ་ལྡོང་གི་སྒྲ་ཡི་གེ་གཉིས་སུ་ཕབ་བཞག་པ་ཙམ་ལས་བོད་སྐད་ངོ་མ་ལྡོང་ཡིན་པ་ཐེ་ཚོམ་མི་དགོས་པ་དང་། དེ་མ་ཟད་རྒྱའི་ཏང་ཞང་བྱ་བའི་ཞང་(项)འདི་ལའང་སྒྲ་གདངས་གཉིས་ཡོད་དེ་གཅིག་ལ་ཞང་(xiang)ཞེས་ཀློག་པ་དང་། གཅིག་ལ་ཧང་(hang)ཞེས་ད་ལྟའི་བར་ལྷོ་ཕྱོགས་པ་དང་གནའི་མི་ཉག་གི་ཡུལ་མིའི་རྒྱའི་སྐད་དུ་དེ་ལྟར་ཀློག་བཞིན་ཡོད་པས་ན། ལྡོང་ལ་ཏང་ཧང་ཞེས་པའི་སྒྲ་གདངས་དེ་ཕྱི་མ་ལྟར་རྗེས་འཇུག་ངའི་སྒྲ་རང་བཞིན་གྱིས་ཐོན་པས་རྒྱ་སྐད་དུ་དེ་ལྟར་ཕབ་པར་མངོན་ལ། དེ་ལྟ་བུ་ནི་དུས་ཕྱིས་ཀྱི་ཡོན་རྒྱལ་རབས་བར་དུ་འགྲོ་མགོན་འཕགས་པའི་འཕགས་པ་ལ་རྒྱ་སྐད་དུ་“八思巴”དང་ཀརྨ་པའི་ཀརྨ་ལ་“哈里麻”ཞེས་པ་ལྟ་བུ་སྟེ། བོད་མིང་ཡི་གེ་གཅིག་དང་གཉིས་ལ་རྒྱའི་ཡི་གེ་གཉིས་སམ་གསུམ་ཅན་ཐོན་པ་རྒྱ་དཔེ་རྙིང་པའི་ཁྲོད་ན་དེ་འདྲ་བོད་ཀྱི་མི་མིང་དང་ས་མིང་ཤིན་ཏུ་མང་བས་བལྟས་པ་ཙམ་གྱིས་ཧ་གོ་བ་འདི་ཡིན། ཡང་དེང་སང་གི་རྒྱ་རིགས་བློ་མཐུན་བོད་སྐད་དང་བོད་ཡིག་མི་མཁྱེན་པ་འགའ་རེས་ལྡོང་དང་དེ་མིན་བོད་དང་འབྲེལ་བའི་ཐ་སྙད་རྣམས་ཀྱི་བྱུང་སྟངས་ཐད། རང་ཚོད་ཀྱིས་མཐོང་ཐོས་བསགས་ནས་རིག་པ་ནང་སྐོར་ཕྱི་སྐོར་མང་པོ་གནང་འདུག་པ་མཐོང་ན་ཁོང་ཚོའི་སྡུག་རུས་ལ་ཧ་ལས་དགོས་ཤིང་མ་རིག་མ་ཤེས་པ་མཐོང་ན་སྙིང་ཡང་རྗེ་རྒྱུ་འབྱུང་བའི་དུས་ཡོད།  
            མདོར་དྲིལ་ན་བོད་ཀྱི་རུས་ཆེན་ལྡོང་གི་མི་རྒྱུད་ལས་ལྡོང་མི་ཉག་དང་ལྡོང་བེ་རི། ལྡོང་ཟི་ན། ནམ་པ་ལྡོང་ངམ་་ལྡོང་ནམ་པ། ལྡོང་སྨུག་པོ། ལྡོང་ཤུལ་ཆེན་བཅོ་བརྒྱད་དང་ལྡོང་ཚ་ཆེན་བཅོ་བརྒྱད་དུ་གྲགས་པ་ལྟ་བུ་དང་། ད་དུང་ངོས་མ་ཟིན་པའི་ལྡོང་གི་རིགས་དང་ཚོ་པ་མང་པོ་དུས་སྔ་མོ་ནས་བོད་མདོ་སྨད་ཤར་ལྷོ་དང་བྱང་རྒྱུད་ཀྱི་ཡུལ་གྲུ་རྣམས་སུ་ཡོད་པ་རྒྱའི་ཡིག་ཚང་གི་ཟ་ཟུར་ལས་ཤེས་ཐུབ་པ་འདི་དག་ཡིན་ལ། དེ་མ་ཟད་རྒྱའི་ཡིག་ཚང་ལྟར་ན་ལྡོང་མི་ཉག་ནི་བོད་སིལ་བུའི་དུས་སུ་ལྡོང་ངམ་ཏང་ཞང་གི་ཐོ་བྲག་①ཚོ་པའི་རྒྱུད་པ་ལས་འཕེལ་ཚུལ་དང་། ཐང་གི་སྐབས་ནས་དར་རྒྱས་བྱུང་སྟེ་ཕྱིས་སུ་སྒེར་བཙན་བྱས་ནས་སུང་དང་འཁྲུག་པ་མང་པོ་བརྒྱབ་ཚུལ་སོགས་ཞིབ་ཅིང་རྒྱས་པ་བཀོད་འདུག་པས་ཤེས་འདོད་དག་གིས་རྒྱའི་《ཐང་ཡིག་》གསར་རྙིང་དང་《སུང་གི་ལོ་རྒྱུས་》སོགས་ལས་ཤེས་པར་བྱའོ། །  

གཉིས་པ། མི་ཉག་གྷ་དང་མི་ཉག་རྒྱལ་ཁམས་ཀྱི་སྐོར་བཤད་པ།  
            དེ་ཡང་བོད་ཀྱི་ལོ་རྒྱུས་རྣམས་སུ་མི་ཉག་གྷ་དང་མི་ཉག་རྒྱལ་ཁམས་ཀྱི་སྐོར་ལ་མཁས་པ་མང་ཆེ་བས་《ཚལ་པའི་དེབ་དམར་》གཞིར་བཟུང་ནས་བཀོད་པ་མང་ལ། མི་ཉག་གི་ཡུལ་ཁམས་ནི་ཤར་ན་རྒྱ་ནག་དང་། ལྷོ་ན་འཇང་། ནུབ་ན་བོད། བྱང་ཧོར་གྱིས་བཅད་པའི་དབུས་ནི་མི་ཉག་གི་རྒྱལ་ཁམས་ཏེ། ཕྱིས་གོ་དན་གྱིས་བཟུང་བ་གྷ་དང་བྱང་ངོས་སོགས་ནི་ཡུལ་གྱི་དངོས་གཞི་ཡིན་ལ། རབ་སྟོད་ཚར་སྒང་གི་ས་རྣམས་ཀྱང་མི་ཉག་ལ་གཏོགས་སོ་ཞེས་གོང་དུ་དྲངས་པའི་ལུང་ལྟར་སྨྲས་རྗེས་མི་ཉག་རྒྱལ་པོའི་རྒྱལ་རྒྱུད་བྱུང་ཚུལ་ཐད་གཏམ་རྒྱུད་རིང་པོ་ཞིག་བཀོད་འདུག་པ་འདི་ལྟ་སྟེ།  
            དང་པོར་མི་ཉག་གི་ཡུལ་ཐམས་ཅད་རྒྱའི་འོག་ན་ཡོད་པ་ལ། ཕྱིས་བྱང་ངོས་①དང་སྟའི་བར་གྱི་སྨོན་ཤི་བྱ་བའི་རི་ལ་གནས་པའི་གཞི་བདག་ཅིག་རྟ་པ་བདུན་དུ་སྤྲུལ་ནས་བྱང་ངོས་ཀྱི་མཁར་ནང་གི་བུད་མེད་ཅིག་ལ་བྱིས་པ་བུ་ཞིག་བྱུང་། བུ་དེ་རྒྱའི་མོ་རྩིས་པས་གསོད་དུ་བཅུག་པ་རྒན་མོ་ཞིག་གིས་སྦས་པ་བྱ་རྒོད་དང་བ་ལང་གིས་བསྐྱངས་པས་འཚར་ལོངས་བྱུང་། བུ་དེ་ནར་སོན་ནས་རྒན་མོ་ཞིག་གི་ངག་ལ་བརྟེན་ནས་ཐབས་ཇུས་ཀྱིས་རྒྱའི་རྒྱལ་སྲིད་ཕྲོགས། མི་ཉག་རྒྱལ་པོ་དེ་ལ་ཕའི་མིང་ནས་དྲས་པའི་སི་ཧུ་རྒྱལ་པོའམ་གའི་ཛུ་རྒྱལ་པོ་ཞེས་གྲགས་ཏེ་རྒྱ་ཧོར་ཕལ་ཆེར་གྱི་བདག་པོ་བྱས། འདིའི་རྒྱལ་རབས་ལྔ་པ་ལ་ཐའི་ཧུ་བྱུང་། དེའི་སྲས་མི་ཉག་རྒྱལ་རྒོད་ཡིན། དེ་ནས་རྒྱལ་པོ་དེ་བྱང་ངོས་སུ་སྡོད་མ་ནུས་པར་ལྷ་རུ་འཕོས་ཀྱང་ཕྱིས་བློན་པོས་བསད། དེའི་རྒྱུད་པ་ཆད་ནས་ཐོ་ཇུ་ཞེས་པའི་རྒྱལ་པོ་གཞན་ཞིག་ལ་རྒྱལ་ས་འཕོས་པའི་དུས་སུ་ཧོར་ཇིང་གིར་གྱིས་རྒྱལ་ས་ཕྲོགས་ཏེ་མི་ཉག་རྒྱལ་པོའི་སྲོག་མེ་ཡིན་ཇིང་གིར་གྱི་སྲོག་ཆུ་ཡིན་པའི་དོན་གྱིས་ཅི་ཙམ་འཐབ་ཀྱང་ཇིང་གིར་མ་ཐུབ། མི་ཉག་རྒྱལ་རྒོད་ཀྱི་སྐྱེ་བ་ཧོར་གོ་དན་ཡིན། ཁོང་བྱང་ངོས་སུ་སླེབས་པ་དང་སྔར་རྒྱལ་རྒོད་གསོད་ས་དེར་ལྷ་ཁང་བཞེངས། གསོད་མི་ཚང་མ་བརླགས་པར་བྱས་སོ་ཞེས་གོང་འོག་ཆ་ཚང་ལྟ་བུ་ཞིག་བཀོད་ཅིང་། ཡང་རྒྱལ་པོ་གུའི་ཛུའི་དུས་སུ་ཀརྨ་པ་དུས་མཁྱེན་གྱི་སློབ་མ་དགེ་བཤེས་གཙང་པ་བ་བྱོན་པ་རྒྱལ་པོས་བླ་མར་བཀུར་བས་དེས་རྒྱལ་ཁམས་ཆོས་ལ་བཙུད་ཟེར་བ་དང་། དེ་མིན་རྒྱའི་རྒྱལ་པོ་ཅེའུ་ཐའི་ཛུ་སྤུན་གཉིས་ཀྱིས་ལོ་སུམ་ཅུར་རྒྱལ་ས་བཟུང་བའི་རྗེས་སུ་མི་ཉག་སི་ཧུའམ་སེའུ་རྒྱལ་པོ་ནས་མི་ཉག་གི་རྒྱལ་རབས་བཅུ་གཉིས་བྱུང་བས་ལོ་ཉིས་བརྒྱ་དྲུག་ཅུར་རྒྱལ་སྲིད་བཟུང་ཟེར་བ་①སོགས་དང་། གང་ལྟར་བོད་ཡིག་གི་ལོ་རྒྱུས་མང་ཆེ་བར་གཏམ་རྒྱུད་རིང་ཐུང་ཙམ་ལས་ནང་དོན་ཕལ་ཆེར་འདི་དང་མཚུངས་པ་བཞིན་བཀོད་འདུག་པ་མ་གཏོགས། དེ་ལས་རྒྱལ་རབས་རིམ་བྱོན་དང་རྒྱལ་སའི་འཕོ་འགྱུ་ར་སོགས་ཞིབ་ཏུ་བཀོད་པ་ད་སྔ་མ་མཐོང་བས་དེང་སང་བོད་ཀྱི་ཡིག་ཚང་ལྟར་མི་ཉག་གི་ལོ་རྒྱུས་ཆ་ཚང་ཞིག་བརྗོད་དཀའ་བའི་ཚོད་དུ་སླེབས་འདུག །  
            དེ་ཡང་རང་རེའི་ལོ་རྒྱུས་འདི་ལས་རྒྱའི་ཡིག་ཚང་དང་ལོ་རྒྱུས་རྣམས་སུ་ལྡོང་མི་ཉག་གི་བྱུང་བ་བཀོད་པ་དེ་བས་ཀྱང་ཞིབ་ཅིང་རྒྱས་པ་ཡོད་དེ། འདིར་མཚོན་ཙམ་ཞིག་དྲངས་ནས་བརྗོད་ན། དེ་ལྟར་རུས་ལྡོང་དང་དེའི་རིགས་རྒྱུད་སྐོར་ཡང་དུས་ཕྱིས་ཀྱི་《ཐང་ཡིག་གསར་མའི་》ནང་དུའང་གོང་ལས་ཅུང་ཟད་རྒྱས་ཙམ་བཀོད་ཡོད་པ་འདི་ལྟར། “ཏང་ཞང་ནི་ཧན་རྒྱལ་རབས་དུས་ཀྱི་ནུབ་ཆཱང་གི་ཚོ་པ་གཞན་ཞིག་ཡིན། ཝེ་རྒྱལ་རབས་དང་ཅིན་རྒྱལ་རབས་ཀྱི་རྗེས་སུ་རྒུད་པར་གྱུར། ཀྲོའུ་རྒྱལ་རབས་ཀྱིས་ཐན་ཁྲང་ཆཱང་དང་ཏེང་ཊི་ཆཱང་བཏུལ་རྗེས་ཏང་ཞང་གི་སྟོབས་ཤུགས་རིམ་གྱིས་རྒྱས་འགོ་བརྩམས། དེའི་གནས་ཡུལ་ནི་གནའ་བོའི་ཞི་ཀྲི་ས་ཆ་ཡིན། ཤར་ཕྱོགས་སུང་ཀྲོའུ་དང་འབྲེལ་ཞིང་། ནུབ་ཕྱོགས་ཡེ་ཧུའུ་དང་འབྲེལ། ལྷོ་ཕྱོགས་ཁྲུང་སང་དང་སྨི་སང་སོགས་ཆཱང་པ་དང་འབྲེལ། བྱང་ཕྱོགས་ཐུ་ལུ་ཧུན་དང་འབྲེལ། རི་གྲོག་གཟར་པོའི་ཁྲོད་དུ་གནས་ཤིང་ས་ཁྱོན་ལེ་དབར་སུམ་སྟོང་ཙམ་ཡོད། རུས་ཀྱི་ཁྱད་པར་ལྟར་ཚོ་པ་ཆགས་ཤིང་རུས་གཅིག་གི་འོག་ཏུ་ཡང་ཚོ་པ་ཆུང་ཆུང་དུ་མར་དབྱེ། ཚོ་པ་ཆེ་གྲས་ལ་རྟ་དམག་ཁྲི་དང་ཆུང་བར་སྟོང་ཕྲག་དུ་མ་མཆིས། ཚོ་པ་རྣམས་གཅིག་ཏུ་མ་གྲིལ་བར་སོ་སོ།ར་གནས། དེ་བས་ཞི་ཧྥེང་ཚོ་པ་དང་། ཧྥེ་ཐིང་ཚོ་པ། ཝང་ལི་ཚོ་པ། ཕོ་ཁྲའོ་ཚོ་པ། ཡེ་ཚི་ཚོ་པ། ཧྥང་ཏང་ཚོ་པ། སྨི་ཆིན་ཚོ་པ། ཐོ་བྲག་ཚོ་པ་བཅས་ཡོད་ཅིང་ཐོ་བྲག་ཚོ་པ་སྟོབས་ཆེ་ཤོས་ཡིན། གཞིས་ཆགས་ཏེ་སྡོད་ཅིང་སྡོད་སའི་ཁང་པ་ཡོད། ཁང་པའི་ཐོག་གནག་ཕྱུགས་དང་ལུག་གི་བལ་རྩིད་ཐགས་སུ་བཏགས་ནས་གཡོགས་པ་ལོ་རེར་ཐེངས་རེ་བརྗེ། དྲག་པོའི་ལས་ལ་མོས་གུས་བྱེད། ཁྲིམས་དང་དཔྱ་ཁྲལ་མེད། མི་རྣམས་ཚེ་ཐག་རིང་ཞིང་ལོ་བརྒྱ་དང་ལྔ་བཅུ་དྲུག་ཅུ་བར་འཚོ་ཐུབ་མཁན་མང་། འོན་ཀྱང་རྐུ་འཕྲོག་བྱེད་པར་དགའ་ཞིང་ཕན་ཚུན་འཕྲོག་རྩོད་བྱེད། ཤ་འཁོན་གླན་རྒྱུ་དེ་བས་གལ་ཆེར་རྩི། དགྲ་ཤ་གླན་མ་ཐུབ་ཚེ་མགོ་སྐྲ་ཟིང་ཞིང་ངོ་གདོང་གི་དྲེག་པ་མི་འཁྲུད། རྐང་རྗེན་དུ་སྡོད་ཅིང་ཁ་རུ་རྩྭ་ལྡུམ་ཟ། ལག་དམར་བསད་རྗེས་གཞི་ནས་སྤྱོད་སྟངས་སྔར་ལྟར་བྱེད། ཕོ་མོ་ཚང་མས་པགས་པའི་གྱོན་པ་དང་ཕྱིང་བ་གྱོན། རྟ་བོང་ནོར་ལུག་འཚོས་ནས་དེའི་ཤ་ཁ་ཟས་སུ་བཟའ་བ་ལས་རྨོ་འདེབས་མི་བྱེད།”①ཅེས་ནང་དོན་ཕལ་ཆེར་གོང་དང་འདྲ་ཡང་གནས་ཚུལ་སྔ་མ་ལས་ཅུང་ཟད་ཞིབ་ཏུ་བཀོད་ཡོད་པ་འདི་བོད་མིའི་འབྲོག་པའི་འཚོ་བ་དང་མི་གཤིས་གོམས་སྲོལ་བཅས་ཤིན་ཏུ་འདྲ་བ་འདི་ལྟ་བུ་བཀོད་ཡོད་པ་ལྟར་རོ། །  
            དེ་མིན་རྒྱའི་ཡིག་ཚང་རྣམས་སུ་བཀོད་པའི་མི་ཉག་གི་ལོ་རྒྱུས་ནི་འདི་ལྟར་བཤད་དེ། མི་ཉག་རྒྱལ་ཁབ་བཙུགས་ནས་འཇིག་པའི་བར་ཁྱོན་བསྡོམས་ལོ་ཉིས་བརྒྱ་ང་བརྒྱད་ཕྱིན། དེས་སུང་གིས་བསྩལ་བའི་ཆོ་ལོ་དང་དུ་བླངས་མྱོང་ལ། སུང་གིས་ཀྱང་དེར་བསྟུན་གྱིས་ལོ་རེའི་གནང་སྦྱིན་སྩོལ་བ་དང་། མནའ་གན་ཡི་གེར་ཡིག་ལན་གཏོང་གི་ཡོད་ན་ཡང་། ལར་དེ་དག་ཚང་མ་སྐབས་འཕྲལ་གྱི་སྐད་ཆ་ཙམ་ཡིན་པ་ལས། ཁོ་ཚོའི་བསམ་ཚུལ་ངོ་མ་ནི་བློན་པོའི་བགྱི་བ་ལྷུར་ལེན་གྱིས་བཀའ་ཚིག་རྩི་བའི་དུས་ཡོད་མ་མྱོང་། ལི་ཡོན་ཧའོ་ཡིས་མགོ་སྐྲ་བཅིངས་ཏེ་དྲག་པོའི་དཔུང་གི་སྦྱོར་བ་ཁྱོན་བསྡོམས་ལོ་ཉི་ཤུར་བཤམས་མོད། དེའི་དཔུང་བ་བཙན་པོའི་མགོ་གནོན་ཐུབ་མཁན་བྱུང་མ་མྱོང་། དེའི་མེས་པོ་ཐོ་བྲག་སི་ཀུང་གིས་ཐང་རྒྱལ་རབས་ཀྱི་དུས་སུ་དམག་དཔུང་གི་སྣེ་འཚོས་ནས་ཐང་ལ་དམག་རོགས་བགྱིས་པ་དང་། ཐང་གིས་གོ་གནས་དང་རུས་ཀྱང་བསྩལ། མེས་པོ་ཐོ་བྲག་ཅི་ཆན་གྱིས་དྲག་པོ་དམག་གི་སྦྱོར་བའི་སྐོར་ཐུགས་སུ་ཆུད་ཅིང་། ལག་ཏུ་གོང་མས་གནང་བའི་ཕྱག་རྟགས་བཅངས། དྲང་བདེན་གྱི་དར་ཆ་མཐོ་རུ་བསྒྲེངས་ནས་ཚོ་པ་ཚང་མ་དབང་དུ་བསྡུས། རྨ་ཆུའི་ཉེ་འགྲམ་གྱི་ཅུན་ལྔ་གཅིག་རྗེས་གཉིས་མཐུད་དུ་མངའ་འོག་ཏུ་ཞུགས། མཐའ་མཚམས་ཀྱི་ཀྲོའུ་ཁག་བདུན་པོ་ཚང་མ་སྔ་ཕྱིར་ཆབ་འོག་ཏུ་བསྡུས། ཡུལ་ཁམས་ཉི་ཚེ་བར་གོང་མས་སྐྱོང་བའི་རྒྱལ་ཁབ་བཙུགས། རྒྱལ་ཁབ་ཀྱི་མིང་ལ་ཏཱ་ཞཱ་དང་། ཁྲི་ལོའི་མིང་ལ་ཐེན་ཧྲོའུ་ལི་ཧྥ་ཡན་ཙོ་ཟེར། ཁོ་རང་སྔར་བཞིན་ཞིང་ཀྲོའུ་རུ་བསྡད་ཅིང་མདུན་དུ་རྨ་ཆུས་བཅད་ཅིང་རི་བོ་ཧོ་ལན་ཧྲན་ལ་རྒྱབ་བརྟེན་ཏེ་མངའ་ཁོངས་བརྟན་པོར་བསྲུངས་①ཚུལ་གྱི་ལོ་རྒྱུས་སོགས་མང་དུ་འབྱུང་བ་ལྟར་རྒྱའི་ཡིག་ཚང་ཚང་མ་ལུང་འདྲེན་ཚོད་མེད་པས། རྒྱས་པར་མཁྱེན་འདོད་དག་གིས་ཡིག་ཚང་དེ་རིགས་ལ་གཟིགས་པར་བྱ་བ་ལས་འོས་མེད། དེ་ལྟར་བོད་ཀྱི་ལོ་རྒྱུས་རྣམས་སུ་མི་ཉག་གྷ་དང་མི་ཉག་རྒྱལ་ཁམས་གྱི་སྐོར་གཙོ་བོ་གོང་གི་གཏམ་རྒྱུད་དེ་ལྟ་བུ་ལས་མེད་ལ། ཁྱད་པར་དུ་བྱང་ངོས་དང་མི་ཉག་གྷ་ཟེར་བའི་གོ་དོན་དང་ཡང་ན་ཡུལ་དེ་གང་དུ་ཡོད་མེད་སོགས་ཡི་གེར་ཀསལ་པོར་བཀོད་ཡོད་པ་མཐོང་རྒྱུ་ཧ་ཅང་ཉུང་བས། མི་ཉག་གི་རྒྱལ་རབས་ལོ་རྒྱུས་ནི་སྐབས་འགར་རྟ་མོག་མོག་གི་སྤུའི་ཟླར་གྱུར་པས་ན་ཚུལ་འདི་མཁས་པ་རྣམས་ཀྱིས་ཀྱང་མ་གཟིགས་པའི་བརྟུལ་ཞུགས་ཁོ་ན་འཛིན་ནོ། །  
            དེ་ལ་འདིར་ཐོག་མར་མི་ཉག་གྷའི་སྐོར་ཅུང་ཟད་གླེང་ན། དེ་ཡང་བོད་ཀྱི་ལོ་རྒྱུས་རྣམས་སུ་ལྡོང་མི་ཉག་ལ་མེ་ཉག་དང་མི་ཉག་གྷ་ཞེས་བཀོད་པ་མང་ལ། ལྷག་པར་མི་ཉག་རྒྱལ་རབས་སྐབས་སུ་བོད་ཀྱི་མཁས་པ་རྣམས་མི་ཉག་དང་མི་ཉག་གྷར་ཕེབས་པའི་ལོ་རྒྱུས་མང་པོ་མཐོང་རྒྱུ་ཡོད། དེས་ན་མི་ཉག་སྟ་བྱ་བའི་ཡུལ་དེ་ཡང་སྙིང་གང་དུ་ཡོད་སྙམ་ན། སྔོན་བྱོན་མཁས་པ་རྣམ་པས་ཕལ་ཆེར་ཡུལ་དེ་མཁྱེན་བཞིན་ཡོད་པས་ཡིག་ཚང་རྣམས་སུ་བྱང་ངོས་དང་ལྷའམ་འགའ་ཞེས་མིང་གཉིས་ཡང་ཡང་འབྱུང་ཙམ་ལས། དེའི་སྐོར་ལ་གསལ་བཤད་གང་ཡང་གནང་ཡོད་པ་གཅིག་ཀྱང་མི་འདུག་ལ། དུས་ཕྱིས་ཀྱི་མཁས་པ་དང་ཁྱད་པར་དུ་ལོ་ངོ་སྟོང་ལ་ཉེ་བ་འདས་ཟིན་པའི་དེང་སང་གི་ཞིབ་འཇུག་པ་རྣམས་ལ་མཚོན་ན་དེ་འདྲའི་ལས་སླ་བོ་ཞིག་མིན་པས། ཐ་ན་སྐབས་འགར་མཁས་པ་རྣམ་པས་མོ་རྩིས་མི་བྱ་ཀ་མེད་ཀྱི་ཚོད་དུ་སླེབས་འདུག ། དཔེར་ན་མི་ཉག་པ་རང་ཡིན་པའི་མཁས་པ་མི་ཉག་མགོན་པོ་ལགས་ཀྱིས་《བོད་ཀྱི་ལོ་རྒྱུས་རིག་པའི་ནང་མི་ཉག་གི་གནས་ཚུལ་དང་མི་ཉག་སྐོར་གྱི་མིང་ཚིག་འགར་དཔྱད་པ་》ཞེས་པར་“མི་ཉག་རྒྱལ་པོའི་རྒྱལ་ས་ཐ་མ་ནི་ལྒ་ཆུ་སྔོན་མདོ་ཡིན། ཆུ་ལ་མི་ཉག་སྐད་དུ་སུ་ཅུ་ཟེར། ཆུ་བོ་འདུས་མདོ་ལ་ཅུ་སྔོན་མདོ་ཞེས་པ་དང་ད་ལྟ་ཁམས་མི་ཉག་ལ་མང་པོ་ཡོད། ལྒ་ནི་བོད་ཀྱི་རུས་ཆེན་ལྔ་མཆེད་པའི་མི་ཉག་གིས་ཡུན་རིང་བཟུང་བའི་ཡུལ་ལ་རུས་མིང་གིས་དེ་སྐད་གྲགས། བོད་ཡིག་ཏུ་ལྒ་ལ་ལྷ་དང་སྒ་འགའ་སོགས་སྣ་ཚོགས་ཡོད་ཀྱང་དོན་གཅིག་པ་ཡིན། ཅུ་སྔོན་མདོ་ལ་བོད་ཡིག་ཏུ་སྒྲ་བསྒྱུར་བྱས་ཏེ་སྐྱེ་དགུ་མདོ་དང་སྐྱེ་རྒུ་མདོ་ཞེས་བྲིས་ཤིང་སྒྲ་ཟུར་ཅུང་ཟད་ཉམས་འདུག”① ཅེས་བཀོད་དེ། གྷའམ་འགའ་བྱ་བ་དེ་ལྒའམ་སྒ་ཡིན་པ་གཞིར་བཞག་གིས་ཡུལ་དེ་མདོ་སྟོད་སྐྱེ་དགུ་ལ་ངོས་འཛིན་གནང་འདུག་པ་ལྟ་བུ་དང་། ཡང་ལ་ལས་དེང་སང་གི་ཁམས་མི་ཉག་གྷ་ཐག་གམ་མགར་ཐར་ཕྱོགས་ལ་ངོས་འཛིན་པ་དང་། ཡང་མང་ཆེ་བོས་ལྷ་ཞེས་པ་མི་ཉག་གི་ཡུལ་རྙིང་པ་ཡིན་པ་མཁྱེན་ཀྱང་ཡུལ་དེ་དངོས་གནས་གང་དུ་ཡོད་པ་གསལ་པོར་གསུང་ཐུབ་མཁན་འགའ་རེ་མ་གཏོགས་བྱུང་མེད་པས། དེ་ནས་གྷའམ་འགའ་ཞེས་པའི་ཡུལ་གྱི་ལྟེ་བ་དོན་དམ་པར་གང་དུ་ཡོད་མེད་ཐད་ཕྲན་གྱིས་བོད་རྒྱའི་ཡིག་ཚང་སོགས་མང་པོ་བཀླགས་ནས་ཡུན་རིང་བཙལ་ལ། དེ་ནས་《ལྷོ་རོང་ཆོས་འབྱུང་》དུ་ཆུ་ཆེན་རྣམས་ཀྱི་ཆུ་རྒྱུན་བཤད་པའི་མཆན་ཡིག་ཏུ། “རྨ་ཆུ་ནི། རྨའི་ལུང་ཆེན་རྣམས་ཀྱི་ཆུ་བསྡུས་ཏེ་སྤོམ་རའི་མདུན་ནས་ཤར་དུ་འབབ། ཁུག་པ་མང་པོ་དང་བཅས་ཏེ། བྱང་ཤར་ནས་བྱང་དུ་འགྲོ། ཧོར་དང་སོག་པོ་ག་ར་མུ་རན་གྱི་ཆུ་རྣམས་འདུས་ནས། བྱང་ཤར་ནས་ཤར་མེ་ཉག་འགའ་དང་ཁྲི་ཐན་དང་མཉྫིའི་ཀླུང་ཁྲིད་ནས་ཕྱིའི་རྒྱ་མ་ཚོ་ལ་འགྲོ་”①ཞེས་བཀོད་པ་ལ་གཞིགས་ན་ཕལ་ཆེར་རྨ་ཆུའི་སྨད་རྒྱུད་དུ་ཡོད་ངེས་པ་ཤེས་ཀྱང་གནས་ངོ་མ་གང་དུ་ཡོད་པ་མཛུབ་མོ་འཛུགས་མ་ཐུབ་པར་ལུས་པའི་སྒང་ལ། སྟབས་ལེགས་པ་ཞིག་ལ་2014ལོའི་ཟླ་དྲུག་པར་ཧྲའན་ཞིའི་བྱང་རྒྱུད་དུ་སོང་ནས་གྷའམ་འགའ་གསར་རྙིང་གཉི་གའི་རྒྱལ་ས་རྙེད་སོང་། དེ་ནི་རྨ་ཆུའི་སྨད་རྒྱུད་ཀྱི་ལྷོ་ངོས་དེང་སང་གི་ཧྲའན་ཞི་ཞིང་ཆེན་གྲོང་ཁྱེར་ཡུས་ལིན་གྱི་ཅིང་པེན་རྫོང་གི་མངའ་ཁོངས་སུ་གནའི་ཞཱ་ཀྲོའུ་(古夏州)སྟེ་རྒྱ་སྐད་དུ་ཐུང་ཝན་ཁྲིན་(统万城)ནམ་པེ་ཁྲིན་ཙི་(白城子)ཞེས་འབོད་པ་དེ་ཡིན་པས་ས་ངོ་ཡུལ་ངོ་ལེགས་པར་འཕྲོད་སོང་བ་དང་། མ་ཟད་ཧེང་ཧྲན་(横山县)རྫོང་གི་མངའ་ཁོངས་སུའང་གནའ་བོའི་མི་ཉག་གི་མཁར་རྙིང་(古银州)དང་འཐབ་ར་གནའ་རྫས་ལ་སོགས་པ་ཤིན་ཏུ་མང་བ་རྗེས་སོ།ར་མུ་མཐུད་བརྟག་པའི་གནས་ཕུན་སུམ་ཚོགས་པ་①ཡོད་པ་གཟོད་ཤེས་སོང་ངོ་། །  
            དེ་ལྟར་གྷའམ་འགའ་བྱ་བའི་མིང་འདི་ནི་དོན་དངོས་སུ་རྒྱ་སྐད་ཀྱི་ཞཱ་ཞེས་པའི་མིང་དེ་ལས་ཐོགས་པར་མངོན་ཏེ། དེའི་ཐོག་མར་བྱུང་ཚུལ་ནི་སྤྱི་ལོ་དུས་རབས་ལྔ་པའི་དུས་སྟོད་དུ་ཞུང་ནུའུ་རིགས་ཧོ་ལེན་པོ་པོ་ཞེས་པས་ད་ལྟའི་ཧྲའན་ཞི་ཞིང་ཆེན་གྱི་ཅིང་པེན་རྫོང་(靖边县)གི་བྱང་རྒྱུད་དུ་གོང་གི་པེ་ཁྲིན་ཙི་(白城子)ཟེར་ས་དེར་ཞཱ་ཞེས་པའི་རྒྱལ་ཁབ་བཙུགས་པ་དང་། མཁར་གྱི་མིང་ལ་ཐུང་ཝན་ཁྲིན་(统万城)ཏེ་མཁར་ཁྲི་ལ་དབང་བསྒྱུར་བའི་དོན་ཡིན་ཟེར་བ་དང་། ཝེ་བྱང་མས་རྒྱལ་ཁབ་དེ་བསྣུབས་ནས་ཞཱ་ཀྲོའུ་ཟེར་བ་བཙུགས། ཐང་གི་སྐབས་སུའང་དེ་ལ་ཞཱ་ཀྲོའུ་ཞེས་འབོད་ཅིང་། ཡུལ་དེ་ནི་མི་ཉག་རྒྱལ་རབས་ཀྱི་མི་རྒྱུད་ཐོག་མ་རྣམས་ཀྱི་རྟེན་གནས་དང་ཡུལ་གྲུ་གཙོ་གལ་ཆེ་བ་མི་ཉག་རྒྱལ་པོ་ཤེད་རྒྱས་ས་ཡིན་པས། རྒྱས་མི་ཉག་རྒྱལ་ཁབ་བཙུགས་རྗེས་དེ་ལའང་ཞཱ་གོའམ་ཞི་ཞཱ་ཞེས་པ་སྟེ་གྷའི་རྒྱལ་ཁབ་བམ་ལྷ་ནུབ་མའི་རྒྱལ་ཁབ་ཞེས་བོས་པ་ཡིན་འདུག་ལ། ཕྱིས་སུ་མི་ཉག་རྒྱལ་ཁབ་ཀྱི་རྒྱལ་ས་དེང་སང་གི་ཉིང་ཞ་ཧུའེ་རིགས་རང་སྐྱོང་ལྗོངས་ཀྱི་གྲོང་ཁྱེར་དབྱིན་ཁྲོན་(宁夏银川市)ས་ཆར་སྤོས་ནས་དུས་ཡུན་རིང་པོར་རྒྱལ་རབས་མང་པོ་སོང་བས། ཉེ་སྐོར་ཐང་ཆེན་དུ་མི་ཉག་རྒྱལ་པོའི་བང་སོའི་ཚོགས་ད་ལྟའི་བར་དུ་ལུས་ཡོད་པ་དེ་དག་དང་། དེ་ནས་སྤྱི་ལོ་1227ལ་ཧོར་ཇིང་གིར་རྒྱལ་པོས་མི་ཉག་རྒྱལ་ཁབ་བསྣུབས་ཏེ་དབང་དུ་བསྡུས་པ་དང་། རྗེས་སུ་ཧོར་སེ་ཆེན་རྒྱལ་པོའི་རིང་མི་ཉག་གི་རྒྱལ་སར་མིང་ཉིང་ཞཱ་ཧྥུ་ལམ་(宁夏府路)ཞེས་པ་བཙུགས་ནས་ཉིང་ཞ་ཞེས་པའི་མིང་དེ་ཐོག་མར་བྱུང་ཞིང་། ཡུལ་དེའི་མིང་ལའང་ཉིང་ཞཱ་(宁夏)སྟེ་མི་ཉག་ཞོད་འཇགས་ཞེས་པའི་མིང་བཏགས་པ་དེང་སང་བར་དུ་བཀོལ་བཞིན་ཡོད་པ་འདི་ཡིན། ཡང་རྒྱ་ཡིག་དཔེ་ཆ་ལ་ལའི་ནང་ཞཱ་ཞེས་པ་མདོ་སྨད་ལྷོ་རྒྱུད་ཀྱི་ཆུ་བོ་སྤྱང་ཆུའམ་བསང་ཆུའི་མིང་ལ་རྒྱ་སྐད་དུ་ཏ་ཞཱ་ཧོ་(大夏河)ཞེས་འབོད་པ་ལས་བྱུང་བར་འདོད་ཀྱང་ཁུངས་ལུང་ཡོད་མེད་མ་ཤེས་སོ། །  
            དེས་ན་རྒྱ་སྐད་དུ་ཞཱ་ཞེས་པ་བོད་དུ་ཇི་ལྟར་སྙར་གྱུར་སོང་བ་རེད་སྙམ་ན། དེ་ནི་ཞཱ་ཞེས་པའི་མིང་འདིའི་སྒྲ་གདངས་ངོ་མ་རྒྱའི་སྐད་དུ་དེང་སང་ང་ཚོའི་ཀློག་སྟངས་ལྟར་ཞཱ་(xia)ཞེས་པའི་སྒྲ་མི་འཐོན་ལ། ལུང་པ་དེའི་ཡུལ་སྐད་ལ་གནའ་ནས་ད་བར་རྒྱ་སྐད་དུ་ཞཱ་(xia)ཞེས་མི་ཀློག་པར་ཧཱའམ་ལྷ་དང་ཡང་ན་車་(ha-hka)ལྟ་བུའི་བར་གྱི་སྒྲ་ཞིག་འཐོན་བཞིན་ཡོད་པས། མིང་དེ་བོད་སྐད་དུ་སྒྲ་ཇི་བཞིན་འཐོན་ཆེད་སྐབས་དེའི་མཁས་པ་ཚོས་གྷ་ཞེས་ཡི་གེ་གསར་བཟོ་གནང་ནས་བྲིས་པ་ཡིན་ལ། དེ་ལ་བསམས་ན་རང་རེའི་སྔོན་བྱོན་མཁས་པ་རྣམས་ཇི་འདྲའི་ཤེས་རབ་ལྡན་པ་ཞིག་རེད་ཨང་། མིང་དེ་ཕྱིས་ཀྱི་མཁས་པ་ཚོས་གཟིགས་ཚེ་བོད་ཡིག་ཏུ་མ་འདོད་ནས་གཟོད་འགའམ་སྒ་ཞེས་རིགས་འདེད་ཀྱིས་བྲིས་པར་རིམ་གྱིས་དར་ཁྱབ་དུ་སོང་བར་མངོན། མདོར་ན་རང་རེ་བོད་ཀྱིས་མི་ཉག་གྷ་ཟེར་སའང་ཡུལ་དེ་ཡིན་འདུག་པ་ལས། མཁས་པ་འགའ་རེས་བཤད་པ་ལྟར་སྒ་ཁོག་དང་རབ་སྒང་ཕྱོགས་གཏན་ནས་མིན་པ་ཤེས་དགོས་སོ། ། ཡང་མཁས་པ་ལ་ལས་གྷ་ནི་རུས་སྒ་ཅན་གྱི་དོན་ཡིན་པར་འདོད་ཀྱང་དེ་ཡང་མི་འཐད་དེ་གོང་དུ་སོང་བ་བཞིན་མི་ཉག་གི་རྩ་བའི་རུས་ནི་ལྡོང་ཡིན་པའི་ཕྱིར་རོ། །   
            དེ་ལྟར་གོང་དུ་ཡང་ཡང་ཞུས་པ་བཞིན་ལོ་རྒྱུས་སྟེང་གི་མི་ཉག་རྒྱལ་ཁམས་བྱ་བ་འདི་ཐོག་མར་རང་རེ་ལྡོང་མི་ཉག་གི་རིགས་རྒྱུད་གཙོ་བྱས་པའི་མི་རིགས་གཞན་དག་དང་མཉམ་དུ་མི་ཉག་རྒྱལ་རབས་བཙུགས་པ་ཡིན་ལ། དེ་ནས་རྒྱས་ལི་ཡོན་ཧའོ་(李元昊)ཟེར་བ་དེའི་རིང་ལ། ཁོས་ཐོག་མར་རྒྱལ་ས་སྙ་མཁར་ནས་ཞིང་ཀྲོའུ་རུ་སྤོས་པ་དང་། དེ་ནས་མི་ཉག་རང་གི་ཡི་གེ་གསར་བཟོ་དང་། རྒྱལ་མཁར་གསར་སྐྲུན་བྱས་པ་དང་། མ་ཟད་ཁྲིམས་ལུགས་གསར་བསྒྲགས་དང་། ཆུ་བེད་བཟོས་ནས་ཞིང་ཕྱུགས་དར་རྒྱས་ཡོང་ཐབས་དང་། རིམ་གྱིས་ཀན་ལིང་ཤིས་གསུམ་(河西走廊)བཅས་ཀྱི་ཡུལ་གྲུ་རྣམས་བདག་ཏུ་བཟུང་རྗེས་རྒྱལ་པོའི་གོ་མིང་ནས་གོང་མའི་གོ་སར་འགྱིངས་པར་བསྟུན། ལྡོང་མི་ཉག་གི་སྔ་མའི་ཁྲབ་རྨོག་འཁོར་གསུམ་བཟོ་བའི་ལག་རྩལ་དར་སྤེལ་བཏང་བས་སྐབས་དེའི་མི་ཉག་གི་མཚོན་ཆ་སུང་རྒྱལ་རབས་ལས་ཀྱང་སྔོན་ཐོན་དུ་ཡོད་པར་བཤད་དེ། དཔེར་ན་གཡག་རྭའི་མདའ་དང་། རྐང་དམག་དང་སྐྱ་དམག་སོགས་ཀྱང་འགྲན་ཟླ་མེད་པས་མདོ་ལ་རིང་མོའི་རྒྱུད་ནས་དམག་རྟ་མང་པོ་འཚོས་པ་དང་། དམག་མིས་དཔའ་རྩལ་སྦྱངས་ནས་ནས་སུང་དང་།  ཁྱིའམ་ཁྲི་ཏན་ (契丹) ནམ་ལིའོ་དང་འཐབ་འཁྲུག་བརྒྱབ་རྗེས་རྒྱལ་ཁག་གསུམ་པོ་འགྲན་ལངས་སུ་ཡོད་ཅིང་། དེ་མིན་རང་གི་ཡི་གེ་སྦྱང་སའི་སློབ་གླིང་(番学院)བཙུགས་ཚུལ་སོགས་རྒྱའི་ཡིག་ཚང་རྣམས་སུ་གསལ་ལ་རྒྱས་པར་བཀོད་ཡོད་པ་བཞིན་ཡིན་མོད། འོན་ཀྱང་རྒྱ་རིགས་བློ་མཐུན་ཚོའི་བསམ་པའི་སྟེང་ནས་མི་ཉག་བོད་དང་འབྲེལ་བ་ཡོད་རྒྱུ་མི་འདོད་པར་བརྟེན། མི་ཉག་གི་ལོ་རྒྱུས་མང་པོ་དང་སྒོས་སུ་མིང་དང་སྐད་ཀྱི་ཐད་ཞིབ་འཇུག་བྱ་དུས་རང་བཞིན་གྱིས་དཀའ་ངལ་སྣ་ཚོགས་འཕྲད་ཀྱིན་ཡོད་པ་དཔེར་ན། གོང་དུ་སོང་བ་ཏང་ཞང་བྱ་བ་ལྡོང་ཡིན་པར་མི་འདོད་པ་དང་། ཡང་རིགས་རུས་ཀྱི་མིང་བརྡ་རྙིང་མང་པོ་དཔེར་ན་ཀློག་སྟངས་ཀྱིས་བོད་མྱི་བྱ་བ་རྒྱ་ཡིག་ཏུ་(汗泥)དང་བོད་མི་ལ་རྒྱ་ཡིག་ཏུ་(鬼名、 乌密)དང་། ཡང་རང་ཉིད་འབྱུང་ཡུལ་དང་རྒྱལ་ཁབ་ཀྱི་མིང་ལའང་བོད་ལྡོང་རིགས་ཀྱི་མི་རྒྱུད་རྣམས་རང་ཉིད་སྡོད་སའི་ཡུལ་ལ་ཆེ་བརྗོད་ཀྱིས་སྟོད་གླིང་དཀར་མཐོང་བ་ཀུན་སྨོན་ཞེས་མིང་འབོད་སྲོལ་ཡོད་པ་ལྟར། མི་ཉག་རང་གིས་ཀྱང་གླིང་དཀར་སྟོད་དང་མཐོང་སྨོན་གླིང་ཞེས་འབོད་པ་རྒྱ་ཡིག་ཏུ་“白上国”དང་“邦泥定, 痝

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1