གཙོ་ངོས།>> ཁྲིམས་ལུགས།>>གྱོད་དཔེ་འདེམས་བཀོད།

རམས་ཚེ་བྷོ། རྩོམ་སྒྲིག་པ།ཡོང་ཁུངས།ཀྲུང་གོ་བོད་ཀྱི་དྲ་བ། སྤེལ་དུས། ༢༠༡༨ལོའི་ཟླ་བ་༠༤ཚེས་༠༢ཉིན།

༄༅།། ཁྱོ་ཤུག་གཉིས་ཀའི་བར་ན་རིགས་རུས་མཐོ་དམན་ཡོད་དམ།

གྱོད་དཔེ། 
        བཀྲ་ཤིས་རབ་བརྟན་དང་ངེད་གཉིས་ལོ་ངོ་བཅུ་ཕྲུག་རིང་གི་བཟའ་ཟླ་ཡིན་ལ། ང་རང་མོ་ལོ་བཅོ་བརྒྱད་ལ་བུད་མ་ཐག་ཁྱིམ་ཚང་འདིར་གནས་ཡོང་བ་ཡིན། སོ་མ་གཉེར་སྒྲིག་པ་དང་ཁོ་ཚང་གི་རྒན་རྒོན་གཉིས་བཞུགས་པའི་དུས་སུ། བཀྲ་ཤིས་རབ་བརྟན་ནི་རྒན་པར་གུས་པ་ཆེ་ཞིང་གཞོན་པར་བྱམས་བརྩེ་ལྡན་པའི་མི་ཡ་རབས་ཤིག་ཡིན། ཁོའི་ཕ་མ་གཉིས་འཇིག་རྟེན་ཕྱི་མའི་ཡུལ་དུ་གཤེགས་རྗེས། ཁོ་རང་རྒྱུན་དུ་རྒྱ་སྲང་དུ་ཉུལ་བ་དང་ཆང་འཐུང་སྟེ་ཡུལ་ལ་ལོག་ཐེངས་རེར་ང་དང་བྱིས་པ་ཚོར་སྡིགས་པ་དང་། ངས་ཁོ་ལ་ཚིག་གཅིག་བཤད་ཚེ། ཁོས་མ་བུ་མོའི་སྐྲ་སྣེ་རིང་ལ་བློ་སྣ་ཐུང་ཞིང་། ཁོ་རང་འདོ་བ་དཔོན་ཚང་གི་དཔོན་རྒྱུད་ཡིན་པ་དང་བླ་མ་གསེར་ཁྲི་ཅན་གྱི་ཚ་བོ་ཡིན་ཚུལ་སོགས་བརྗོད་དེ་བདག་ལ་རྒྱུན་དུ་དམའ་འབེབ་དང་ཟུར་ཟ་སོགས་བྱེད་པར་མ་ཟད། བདག་ལ་ཁྱིམ་ཚང་འདིའི་དོན་དག་ཆེ་མ་ཆུང་གསུམ་ཀུན་ལ་ཐེ་གཏོགས་དང་ཟབ་ཞུགས་བྱེད་པའི་དབང་ཆ་ཅི་ཡང་མེད། བཅའ་ཁྲིམས་ཀྱི་ཁྲོད་ནས་ཁྱོ་གས་འདི་ལྟར་རང་གི་ཆུང་མར་དམའ་འབེབ་བྱས་ཆོག་གམ།
ཁྲིམས་བཤད།
        《གཉེན་སྒྲིག་བཅའ་ཁྲིམས》ཀྱི་དོན་ཚན་གཉིས་པའི་ཁྲོད་དུ། གཉེན་སྒྲིག་རང་འཐད་དང་། ཁྱོ་གཅིག་ཤུག་གཅིག སྐྱེས་པ་དང་བུད་མེད་འདྲ་མཉམ་ཡིན་པའི་གཉེན་སྒྲིག་ལམ་སྲོལ་ལག་བསྟར་བྱེད་དགོས་ཞེས་བསྟན་ཡོད་པ་མ་ཟད། གཉེན་སྒྲིག་རང་འཐད་ཅེས་པ་ནི་གཉེན་སྒྲིག་མཁན་ལ་རང་གི་འདུན་པ་ལྟར་གཉེན་སྒྲིག་པ་དང་བཟའ་འཐོར་བ་བཅས་ཀྱི་རང་དབང་ལྡན་པ་མ་ཟད། མི་གཞན་དང་སྡེ་ཁག ཚོགས་པ་གང་གིས་ཀྱང་ཁོ་ཚོའི་གཉེན་སྒྲིག་རང་འཐད་ལ་ཐེ་གཏོགས་བྱས་མི་ཆོག གཉེན་སྒྲིག་རང་དབང་ནི་གཉེན་སྒྲིག་མཁན་གྱི་ཁྱོ་ཤུག་སུ་ཞིག་ཡིན་རུང་། ཕན་ཚུན་རང་དབང་རང་འཐད་ཡིན་དགོས་ཏེ། ཁོ་ཚོར་ཐུན་མོང་གི་ཕུགས་འདུན་ཞིག་དང་སྤྲོ་སེམས་རེ་ཡོད་པའི་རྨང་གཞིའི་ཐོག ཕྱོགས་གཉིས་ཀྱི་དགའ་ཕྱོགས་གཞིར་བྱས་ནས་གྲུབ་པའི་སླད་མེད་ཀྱི་བརྩེ་དུངས་ཡོད་པ་ནི། ཕོ་མོ་ཟུང་མི་ཚེ་ཧྲིལ་བོར་གཞིས་ཁྱིམ་གཅིག་ཏུ་བདེ་སྐྱིད་ཀྱི་འཚོ་བ་རོལ་བའི་རྨང་གཞི་བརྟན་པོ་ཡིན་ལ་གཉེན་སྒྲིག་བཅའ་ཁྲིམས་ཀྱི་ཆ་རྐྱེན་གཙོ་བོའང་ཡིན།
        ཁྱོ་ཤུག་ཟུང་གཉེན་སྒྲིག་བྱས་ཉིན་ནས་བཟུང་། ཕན་ཚུན་ལ་བྱམས་སྐྱོང་། གུས་བཀུར། ཡིད་ཆེས་དང་རོགས་སྐྱོར་སོགས་བྱེད་དགོས་པ་ལས། དམའ་འབེབས་དང་ཟུར་ཟ། མཐོང་ཆུང་། བརྙས་བཅོས། གཏུམ་གཅོད་སོགས་གཏན་ནས་བྱེད་མི་རུང་། རིགས་རུས་ཆོ་འབྲང་གི་མཐོ་དམན་རྩོད་པ་ནི་སྤྱི་ཚོགས་རྙིང་བ་དང་བཀས་བཀོད་རྒྱུད་འཛིན་ལམ་ལུགས་ཀྱི་སྲོལ་རྙིང་སླར་གསོ་བྱས་པ་ཡིན། རང་རྒྱལ་གྱི་བཅའ་ཁྲིམས་ལས་ཕོ་མོ་འདྲ་མཉམ་ཟེར་བ་དེས། ཕོ་མོ་ཟུང་གི་ཁེ་དབང་འདྲ་མཉམ་དང་འོས་འགན་འདྲ་མཉམ་ཡིན་པ་བསྟན་པ་ཡིན་པས། དེ་ལ་རིགས་རུས་དང་དབང་ཐང་། རྒྱུ་ནོར་དང་བཙན་གཉོམ་སོགས་ཀྱི་མཐོ་དམན་ཅི་ཡང་མེད་པ་མ་ཟད། རང་རྒྱལ་གྱིས་བུད་མེད་ཀྱི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོང་བྱེད་པའི་སྐོར་གྱི་བཅའ་ཁྲིམས་ཀྱང་དམིགས་སུ་གཏན་ཁེལ་བྱས་ཡོད།།  །

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1