གཙོ་ངོས།>> འཕྲོད་བསྟེན།>>བོད་ཀྱི་གསོ་རིག

རྩོམ་སྒྲིག་པ།ཡོང་ཁུངས།བོད་ལྗོངས་ཉིན་རེའི་ཚགས་པར་ཁང་། སྤེལ་དུས། ༢༠༡༨ལོའི་ཟླ་བ་༠༤ཚེས་༠༢ཉིན།

༄༅།། ཨེ་ཙེའི་ནད་ཀྱི་སྨན་མཆོག བོད་སྨན“ཨེ་འཇོམས་མུར་སྨན”།

        ཉེ་ཆར་ཧུའུ་ནན་དུ་བཙུགས་པའི་ལེའུ་དབྱང་རིས་མེད་སྨན་ཁང་ནི་བོད་ཀྱི་གསོ་བ་རིག་པ་རྨང་གཞིར་བྱས་པའི་ཐོག དེང་རབས་ཀྱི་ཚན་རྩལ་བྱ་ཐབས་དང་སྨན་བཅོས་ལག་རྩལ་ཟུང་དུ་འབྲེལ་ནས་ནད་འགོག་གི་ནུས་པ་ཤོར་བའི་ནད་པར་དམིགས་ནས་བཙུགས་པའི་སྨན་ཁང་ཞིག་རེད། 
        སྨན་ཁང་དེའི་བོད་ལུགས་གསོ་རིག་མཁས་དབང་ཕུན་ཚོགས་རབ་རྒྱས་མཆོག་གིས་ནད་འགོག་གི་ནུས་པ་ཤོར་བའི་ནད་པ་ལ་དམིགས་སུ་བཀར་ནས་བོད་སྨན“ཨེ་འཇོམས་མུར་སྨན”ཞིབ་འཇུག་གསར་བཟོ་བྱས་པ་དེར་ཚན་རིག་གི་ཚོད་ལྟ་དང་། ནད་ཐོག་ལྟ་ཞིབ་ཚོད་ལྟ་སོགས་ཀྱི་གོ་རིམ་བརྒྱུད་མཐར། སྨན་དེ་བདེ་འཇགས་ལྡན་ལ་ཕན་ནུས་མངོན་གསལ་དོད་པོ་ཡོད་པ་ཤེས་རྟོགས་བྱུང་ཡོད། སྨན་བཅོས་བྱེད་ཡུན་ཐུང་ཞིང་ཞོར་སྐྱོན་མེད་ལ་གཤག་བཅོས་དང་སྨན་ཁབ་སོགས་ཀྱི་རྨ་དང་ན་ཟུག་མྱོང་མི་དགོས་པར། སྨན་བསྟེན་རྗེས་དུས་ཐུང་ཟླ་གསུམ་ནང་དྲག་སྐྱེད་མངོན་གསལ་དོད་པོ་བྱུང་ཡོད་པ་རེད།
        ལྷ་རྗེ་ཕུན་ཚོགས་རབ་རྒྱས་ཀྱིས་ཨེ་ཙེའི་ནད་ནི་འཛམ་གླིང་ཡོངས་ཀྱི་འགྲོ་བ་མིའི་རིགས་ཀྱི་ཐུན་མོང་གི་དགྲ་བོ་ཞིག་རེད། ནད་ངན་དེ་གསར་དུ་ཤེས་རྟོགས་བྱུང་ནས་ད་བར་མི་ལོ་སུམ་ཅུ་ལྷག་ཙམ་ལས་མ་སོང་ཡང་། འཛམ་གླིང་གི་མི་བྱེ་བ་དྲུག་ཙམ་ལ་འགོས་ཡོད་པ་དང་། མི་བྱེ་བ་གསུམ་ལྷག་ཙམ་ནད་དེའི་རྐྱེན་གྱིས་འདས་གྲོངས་སོང་ཡོད་པ་རེད། ནད་དེ་ནི་འཕྲོད་བསྟེན་གྱི་གནད་དོན་ཙམ་མ་ཟད། སྤྱི་ཚོགས་ཡོངས་ཀྱི་གནད་དོན་ཞིག་ཆགས་ཡོད། དེར་བརྟེན་ད་ལྟ་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་དང་། རྒྱལ་ཁབ་སོ་སོའི་འཕྲོད་བསྟེན་སྒྲིག་འཛུགས་ཁག་ནས་ཐབས་བརྒྱ་ཇུས་སྟོང་གིས་ཨེ་ནད་བཅོས་ཐབས་ལ་འབད་ཀྱང་། ད་བར་རྩ་བཅོས་ཐུབ་པའི་སྨན་ཞིག་བཟོ་ཐུབ་མེད། རྒྱུ་མཚན་དེའི་ཕྱིར། ཁོ་བོས་རང་རེའི་བོད་ཀྱི་གསོ་བ་རིག་པ་ནི་ལོ་རྒྱུས་ཡུན་རིང་ལྡན་ལ་རིགས་པའི་གཞུང་ལུགས་ཆ་ཚང་བའི་འཛམ་གླིང་གསོ་རིག་ཆེན་མོ་བཞིའི་ཡ་གྱལ་ཞིག་ཡིན་པར་གཞིར་བཞག ཨེ་ཙེའི་ནད་བཅོས་པའི་རེ་བ་ཆེན་པོ་བཅངས་ནས་དང་ཐོག་ནད་དེའི་རྒྱུ་རྐྱེན་དང་ནད་དུག་ལ་ངོས་འཛིན་གཏིང་ཟབ། སྔོ་སྨན་ལ་ཞིབ་འཇུག་དང་ནད་པ་མང་པོར་བརྟག་དཔྱད་ཡང་ཡང་བྱས་པ་བརྒྱུད། ཨེ་ཙེའི་ནད་བཅོས་ཐུབ་པའི་བོད་སྨན་ཞིག་རྩ་བའི་ཆ་ནས་ལེགས་གྲུབ་བྱུང་ཡོད། ད་ལྟ་བཟོས་ཟིན་པའི་བོད་སྨན“ཨེ་འཇོམས་མུར་སྨན”ནི་སྟེས་དབང་གིས་བྱུང་བ་ཞིག་མ་ཡིན་པར། ཞིབ་འཇུག་གི་འཕྲང་ལམ་མང་པོ་བརྒྱུད་ཡོད། སྨན་རྩྭ་རེ་རེ་ལ་དེང་རབས་སྔོན་ཐོན་འཕྲུལ་ཆས་མང་པོ་ཞིག་སྤྱད་དེ་ཞིབ་འཇུག་ཡང་ཡང་བྱས་པ་མ་ཟད། ཞིབ་འཇུག་བྱེད་པའི་ཁྲོད། སྲིད་གཞུང་གི་འབྲེལ་ཡོད་ཚན་པའི་བཀའ་བཀོད་ལྟར་ཡུན་ནན་ཁུན་མིང་དུ“འོད་གསལ་བོད་སྨན་ཞིབ་འཇུག་གླིང”ཞེས་པའི་སྨན་རྩིས་ཁང་ཞིག་བཙུགས་ཏེ་ཞིབ་འཇུག་གི་འབྲས་བུ་ཐོབ་རིམ་བཞིན་རྒྱལ་སྤྱིའི་སྨན་དོན་དོ་དམ་ཅུས་ཀྱི་གཏན་འབེབས་ལྟར། དང་ཐོག་དུག་ཤེད་ཡོད་མེད་ཀྱི་ཚོད་ལྟ་དང་དེ་ནས་སྲོག་ཆགས་ལ་ཚོད་ལྟ་བྱེད་དགོས། སྲོག་ཆགས་ལ་ཚོད་ལྟ་བྱེད་སྐབས་ཨེ་ཙེ་དང་འབྲེལ་བ་ཡོད་པའི་སྨན་རིགས་ཚང་མ་སྤྱིར་བཏང་གི་སྨན་དང་མི་འདྲ་བར་སྤྲེའུ་ལ་བརྟག་དཔྱད་བྱེད་དགོས་འདུག དེ་ཡང་གོ་རིམ་མང་པོ་བརྒྱུད་དེ་ཚོད་ལྟ་བྱས་པས་རེ་རེ་བཞིན་ཚད་གཞི་དང་མཐུན་ཞིང་། དེ་ནས་ནད་པར་སྨན་སྟེར་ཆོག་པའི་གནང་བ་ཐོབ། དང་པོ་ནད་པ་གཉིས་ལ་བརྒྱུད་རིམ་ལྡན་པའི་སྒོ་ནས་ཚོད་ལྟ་བྱས་པས་སྨན་ནུས་ཡག་པོ་ཐོན། དེ་ནས་ནད་པ་བརྒྱ་ཕྲག་འགས་སྨན་དེ་བཟས་རྗེས་ནད་དུག་ཇེ་ཉུང་དུ་གྱུར་ནས་CD4ཕྲ་ཕུང་གི་གྲངས་ཚད་ཧ་ཅང་མང་དུ་སོང་སྟེ་ཕན་འབྲས་མངོན་གསལ་དོད་པོ་ཐོན་པར་བརྟེན། སྨན་སྦྱོར་དེ་ཕན་ནུས་ལྡན་པ་ཞིག་ཡིན་པ་ར་སྤྲོད་བྱུང་། སྨན་དེའི་ནུས་ལྡན་གྲངས་ཚད་ལ་རྒྱལ་ཁབ་ཕྱི་ནང་གི་འབྲེལ་ཡོད་རིགས་གཅིག་མཁན་ཅན་མང་པོ་ཧང་སངས་ཏེ་ཚད་མཐོའི་གདེང་འཇོག་དང་དོ་ཁུར་ཆེན་པོ་གནང་གི་འདུག དེ་ནི་བོད་ཀྱི་གསོ་བ་རིག་པའི་ཕྱི་ནང་གསང་གསུམ་གྱི་ནུས་པ་རྩལ་དུ་སྤྲུགས་པ་ལས་བྱུང་བའི་ཉིང་བཅུད་ཅིག་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད་ཅེས་གསུངས། 
        ཁོང་གི་རྣམ་དཔྱོད་དང་ལོ་མང་དཀའ་བ་སྤྱད་པ་ལས་འཛམ་གླིང་ཡོངས་སུ་ཁྱབ་པའི་ནད་ངན་ཨེ་ཙེའི་ནད་དུག་འགོག་བཅོས་ཀྱི་བོད་སྨན“ཨེ་འཇོམས་མུར་སྨན”ལ་ཐོག་མའི་གྲུབ་འབྲས་ཐོབ་པ་དེ་ནི་བོད་ཀྱི་རིག་གནས་སྤྱི་དང་། ཡང་སྒོས་བོད་ཀྱི་གསོ་རིག་ལ་ཐོབ་པའི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཤིག་ཡིན། སླད་ཕྱིན་གང་དེས་མིའི་རིགས་ཀྱི་བདེ་ཐང་གི་བྱ་གཞག་ལ་ལེགས་སྐྱེས་དེ་བ་ཆེ་བ་འབུལ་ཐུབ་པའི་ཡིད་ཆེས་ཤིན་ཏུ་ཆེའོ། །

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1