གཙོ་ངོས།>> སློབ་གསོ།>>འཚོ་བའི་རྒྱུན་ཤེས།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། ༢༠༡༨ལོའི་ཟླ་བ་༠༤ཚེས་༠༢ཉིན།

༄༅།། རྒྱུན་དུ་ཞབས་བྲོ་འཁྲབ་ན་རིག་པ་ཇེ་གསལ་དུ་འགྲོ་ངེས།

        ཞབས་བྲོ་འཁྲབ་པ་ནི་ལུས་ཕུང་བདེ་ཐང་ཡོང་བར་ཕན་པའི་ལུས་རྩལ་ཞིག་དང་།སེམས་ཁམས་བདེ་ཐང་ཡོང་བར་ཕན་པའི་སྤྱི་ཚོགས་ཀྱི་འབྲེལ་འདྲིས་བྱེད་སྟངས་ཤིག་ཀྱང་རེད།དབྱིན་ཇིའི་ཆེས་གསར་པའི་ཞིབ་འཇུག་ཞིག་ལས་མངོན་པ་ལྟར་ན།རྒྱུན་དུ་ཞབས་བྲོ་འཁྲབ་ན་རིག་པ་ཡང་ཇེ་གསལ་དུ་འགྲོ་བ་རེད།

        ཞིབ་འཇུག་གསར་པ་དེ་ནི་དབྱིན་ཇིའི་ཁའོ་ཝུན་ཁྲུའེ་སློབ་ཆེན་གྱི་ཚན་ཞིབ་ཚོགས་པ་ཞིག་གིས་རྩ་འཛུགས་སྒོས་སྤེལ་བ་རེད་ལ།ཞིབ་འཇུག་མ་བྱས་པའི་སྔོན་དུ། ཚོད་ལྟ་བྱ་ཡུལ་རྣམས་ལ་ཐབས་ཇུས་ལག་རྩལ་དང་བར་ཆད་འགོག་པའི་ནུས་པ།བྱ་བའི་ཡིད་འཛིན་སོགས་དང་།གཞན་ད་རུང་འགུལ་སྐྱོད་བྱེད་ཀྱིན་པའི་དངོས་གཟུགས་ངོས་འཛིན་བྱེད་པའི་མྱུར་ཚད་སོགས་ཀྱི་ཚོད་ལྟ་རབ་དང་རིམ་པ་བྱས་ཤིང་།དེ་ནས་ཁོ་ཚོ་སྐར་མ30ཡི་རིང་གི་ཞབས་བྲོའི་དགེ་རྒན་དང་འགུལ་སྐྱོད་ཚན་རིག་པ་གཉིས་ཀྱིས་མཉམ་དུ་ཁྲིད་སྟོན་བྱེད་ཀྱིན་པའི་ཞབས་བྲོའི་སློབ་ཁྲིད་ལ་ཞུགས་སུ་བཅུག ཞབས་བྲོ་སློབ་པའི་གོ་རིམ་ཁྲོད། རིམ་གྱིས་གོམ་སྟབས་ཇེ་མྱུར་དང་ཇེ་དཀའ་རུ་བཏང་།སློབ་ཚན་མཇུག་རྫོགས་རྗེས།ཚོད་ལྟ་བྱ་ཡུལ་ལ་གོང་གི་ཚོད་ལྟ་དེ་དག་ཡང་བསྐྱར་ཐེངས་གཅིག་བྱས་པ་ལ།མི་གཅིག་གི་ཆ་འཕྲིན་གསར་པའི་གོ་བ་ལོན་ཚད8%དང་།བསམ་བློ་གཅིག་ཏུ་བསྡུས་ཚད13%།ཡིད་འཛིན18%བཅས་ཇེ་བཟང་དུ་སོང་ཡོད།
        ཞིབ་འཇུག་དེའི་དབུ་བཞུགས་རྩོམ་པ་པོའམ་ཁའོ་ཝུན་ཁྲུའེ་སློབ་ཆེན་གྱི་དགེ་རྒན་ཆེན་མོ་མའེ་ཁེར་ཏེང་ཁེན་གྱིས་བསྟན་དོན།ཞིབ་འཇུག་པ་རྣམས་ཀྱིས་ལུས་རྩལ་གཞན་པ་གང་ཞིག་ལའང་དེའི་ལྟ་བུའི་ཀླད་སྟོབས་གསོ་བ་དང་རིག་པ་ཇེ་གསལ་དུ་འགྲོ་བར་ཕན་པའི་ནུས་པ་ཡོད་པ་མཐོང་མ་མྱོང་།ཁོས་ཞབས་བྲོ་འཁྲབ་ན་ཀླད་པའི་སློབ་སྦྱོང་གི་ནུས་པ་དང་འགྲན་རྩོད་ནུས་པ་ཇེ་དྲག་ཏུ་འགྲོ་བར་འདོད་ཀྱིན་ཡོད།ཞབས་བྲོ་འཁྲབ་སྐབས་རོལ་དབྱངས་མི་འདྲ་བ་དང་བསྟུན་ནས་གར་འགྲོས་མི་འདྲ་བ་སྣ་ཚོགས་སེམས་ལ་འཛིན་དགོས་པར་མ་ཟད།རོལ་དབྱངས་དང་གར་འགྲོས་མཉམ་པོ་ཡོང་བར་མཉམ་འཇོག་དགོས་པས།ཞབས་བྲོ་འཁྲབ་སྐབས་ངེས་པར་བསམ་བློ་གཅིག་ཏུ་བསྡུ་དགོས་པ་རེད།དེའི་རྐྱེན་གྱིས་ཞབས་བྲོ་འཁྲབ་ན་ལུས་ཕུང་སྦྱོང་བརྡར་ལ་ཕན་པར་མ་ཟད།ཡིད་འཛིན་དང་ཀླད་སྟོབས་གསོ་བ་ལའང་ཕན་པ་ཡོད། །

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1