གཙོ་ངོས།>> གསར་འགྱུར།>>སི་ཁྲོན་བོད་ཁུལ།

ཚུལ་ཁྲིམས་རྡོ་རྗེས་བསྒྱུར། རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། ༢༠༡༨ལོའི་ཟླ་བ་༠༤ཚེས་༡༣ཉིན།

ཐབས་ལ་བརྟེན་ཏེ་ཕྱུག་འགྱུར་ལམ་དུ་བསྐྱོད།

     དཔྱིད་ཀྱི་དཔལ་ཡོན་སླེབས་པའི་རྔ་བ་ནི་སྐྱེས་སྟོབས་ཀྱི་དཔལ་དང་ལྡན་པ་ཞིག་རེད། བསུ་སྟོད་སྡེ་བའི་མི་རྣམས་ཀྱང་རང་རང་གི་ལས་ལ་བྲེལ་གྱིན་ཡོད་ལ། ཁོ་ཚོས་ཏང་དང་སྲིད་གཞུང་གི་ཐུགས་ཁུར་དང་རྒྱབ་སྐྱོར་འོག་དང་། སྡེ་བར་གནས་སྡོད་བྱས་པའི་ལས་བྱེད་མི་སྣའི་རོགས་འདེགས་ལ་བརྟེན་ཏེ། 2016ལོར་སྡེ་བ་ཧྲིལ་བོ་དབུལ་བོ་ལས་ཐར་ནས། དབུལ་ཞྭ་གྱོན་མི་དགོས་པར་གྱུར།
     དབུལ་ཞྭ་ཕུད་ནས་ལོ་འཁོར་གཅིག་ལྷག་ཕྱིན་པའི་བསུ་སྟོད་སྡེ་བའི་ད་ལྟའི་གནས་ཚུལ་ག་འདྲ་ཞིག་ཡིན་ནམ། ཉེ་ཆར། གསར་འགོད་པ་རྔ་བ་རྫོང་བསུ་བ་ཡུལ་ཚོའི་བསུ་སྟོད་སྡེ་བར་སོང་སྟེ། སྡེ་བའི་ནང་གི་ལས་བྱེད་པ་དང་མང་ཚོགས་རྣམས་ལ་བཅར་འདྲི་བྱས།
སྡེ་བའི་ཨུ་ཡོན་ལྷན་ཁང་གཉིས་ཀྱིས་གཙོ་གཉེར་བྱས་པའི་འཚེམ་བཟོ་ལག་རྩལ་གྱིས་སྡེ་མིར་ལས་ཀ་ཡོད་པ་བྱས།
    2016 ལོའི་ལོ་མཇུག་ཏུ། སྲིད་གཞུང་གིས་མ་དངུལ་སྒོར་ཁྲི36བཏང་ཞིང་། དེའི་ནང་ཐོན་ལས་རོགས་སྐྱོར་མ་དངུལ་སྒོར་ཁྲི6.9ཡོད་པས། བསུ་སྟོད་སྡེ་བར་བོད་ཀྱི་གྱོན་ཆས་འཚེམ་བཟོ་མཉམ་ལས་ཁང་བཙུགས་ཤིང་། སྨི་གྲུ་བཞི་མ200ཡོད་པའི་བཟོ་ཁང་བསྐྲུན་པར་མ་ཟད། འཚེམ་བཟོ་འཕྲུལ་འཁོར26དང་མཐའ་སྒྲིལ་འཕྲུལ་འཁོར2ཡོད་ལ། མཉམ་ལས་ཁང་དུ་ཞུགས་པའི་ཁྱིམ་ཚང90ཡོད་པར་མ་ཟད། དེའི་ནང་དུ་དབུལ་ཕོངས་ཁྱིམ་ཚང64ཡོད།
     ཞིང་ལས་ཀྱི་དུས་ཚིགས་དང་། དབྱར་རྩྭ་དགུན་འབུ་སོགས་སྨན་རྩྭ་བརྐོ་བའི་དུས་ཚིགས་རྣམས་མ་གཏོགས། ཕལ་ཆེར་ལོ་ངོ་ཕྱེད་ཙམ་གྱི་དུས་ཡུན་དུ་ང་ཚོ་ཁོམ་ནས་བསྡད་ཡོད་རེད། དེ་བས་འཚེམ་བཟོ་མཉམ་ལས་ཁང་གིས་མང་ཚོགས་ལ་ཁོམ་ཞིང་ཞོར་ལས་མེད་པའི་དུས་ལའང་ལས་ཀ་ཡོད་པར་མ་ཟད། ཡོང་འབབ་ཀྱང་མཐོ་ཙམ་ཡོད་པར་བྱས་ཡོད་པ་རེད། ཅེས་བསུ་སྟོད་སྡེ་བའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་བྱང་ཆུབ་འོད་ཀྱིས་གསར་འགོད་པར་བཤད།
      བྱང་ཆུབ་འོད་ནི་སྡེ་བ་དེའི་ནང་གི་དབུལ་ཕོངས་ཁྱིམ་ཚང་ཞིག་ཡིན་ལ། ཁྱིམ་དུ་བཟའ་མི6ཡོད་པ་དང་། ཞིང་ལས་སོགས་མེད་པའི་དུས་སྐབས་སུ་འཚེམ་བཟོའི་མཉམ་ལས་ཁང་དུ་ལས་ཀ་བྱེད་ཀྱིན་ཡོད་པར་མ་ཟད། ཉིན་རེར་གླ་ཕོགས་སྒོར50 རེ་ཐོབ་ཀྱིན་ཡོད་པ་དང་། འཚེམ་བཟོའི་ལག་རྩལ་ཀྱང་སློབ་ཐུབ་པ་བྱུང་འདུག
      འཚེམ་བཟོ་མཉམ་ལས་ཁང་གི་ཐོན་སྐྱེད་ཀྱི་གྲངས་འབོར་ལྟར་བརྩིས་ན། མི་རེ་ལ་ཉི་མ་རེ་རེར་གླ་ཕོགས་སྒོར30ནས90བར་ཐོབ་ཀྱིན་ཡོད་ལ། ན་ནིང་མཉམ་ལས་ཁང་གི་ཁེ་སྤོགས་རྐྱང་བར་སྒོར་ཁྲི1.5ཡོད། དབུལ་ཕོངས་ཁྱིམ་ཚང་བརྒྱ་ཆ60དང་དབུལ་བོ་མིན་པའི་ཁྱིམ་ཚང་བརྒྱ་ཆ40ཡོད་པའི་བསྡུར་ཚད་ལྟར་ཡོང་འབབ་བགོས་ན། དབུལ་ཕོངས་ཁྱིམ་ཚང་རེ་ལ་སྒོར300རེ་བགོ་ཆོག་པ་རེད། ཅེས་གཡུང་ཚེས་འཚེམ་བཟོ་མཉམ་ལས་ཁང་གིས་སྡེ་མིར་འཁྱེར་འོངས་པའི་ཡོང་འབབ་རྩི་བཞིན་འདུག
      འཚེམ་བཟོའི་འཕྲུལ་འཁོར་ཆུང་ཆུང་ཞིག་ལ་ཕྱུག་འགྱུར་ཡོང་བའི་ནུས་པ་ཧ་ཅང་ཆེན་པོ་ཞིག་འདུག གང་ལྟར་འཚེམ་བཟོའི་མཉམ་ལས་ཁང་གི་སྣེ་ཁྲིད་འོག བསུ་སྟོད་སྡེ་བའི་ཡུལ་མི་ཚོས་འཚོ་བ་རོལ་ཐབས་ཀྱི་ལག་རྩལ་ཞིག་ཁོང་དུ་ཆུད་ཅིང་། ཁོམ་དལ་གྱི་དུས་ཚིགས་རྣམས་སུའང་ཡོང་འབབ་ཐོབ་པའི་ཐབས་ལམ་ཞིག་རྙེད་པར་གྱུར།
ཕྱུག་འགྱུར་ལམ་སྟོན་མི་སྣས་ལས་འགན་གཙང་ལེན་བྱས་པའི་རྩམ་འཐག་མཉམ་ལས་ཁང་།
     བསུ་བ་ཡུལ་ཚོའི་སྨི་གྲུ་བཞི་མ10ཙམ་ཡོད་པའི་རྩམ་འཐག་གི་ཁང་པར་མཆིག་རྣམས་དལ་མེད་དུ་འཁོར་གྱིན་པར་མ་ཟད། བརྔོས་ཟིན་པའི་ནས་དལ་བུས་མཆིག་ཁར་བླུགས་པ་ན། དྲི་ཞིམ་ལྡན་པའི་ནས་རྩམ་ཐོན་ཡོང་ཞིང་། རྩམ་པ་ནི་ས་མཐོའི་རོང་འབྲོག་མང་ཚོགས་ཀྱི་ཁ་ཟས་གཙོ་བོ་ཞིག་ཡིན་པར་མ་ཟད། ཕྱི་ཡུལ་ནས་ཡོང་བའི་ལྗོངས་རྒྱུ་བ་རྣམས་ཀྱང་རིམ་གྱིས་ཟས་མཆོག་འདི་ལ་དགའ་བཞིན་འདུག
      སྲོལ་རྒྱུན་གྱི་ཆུ་མཆིག་གིས་འཐག་པའི་རྩམ་པའི་བྲོ་བ་ལས་གློག་མཆིག་གིས་འཐག་པའི་རྩམ་པའི་བྲོ་བས་ཞིམ། མཉམ་ལས་ཁང་འདི་སྡེ་མི་ཡོངས་ཀྱི་རེ་འདུན་ལྟར་བཙུགས་པ་ཡིན་ལ། སྡེ་མི་རྣམས་ཀྱི་ཡོང་འབབ་ཀྱང་ཇེ་མཐོར་གཏོང་ཐུབ་པར་མ་ཟད། འདི་ནི་སྲོལ་རྒྱུན་རིག་གནས་སྲུང་སྐྱོབ་དང་རྒྱུད་འཛིན་བྱས་པ་ཞིག་ཀྱང་ཡིན།ཞེས་བསུ་བ་ཡུལ་ཚོའི་ཏང་ཨུའི་ཧྲུའུ་ཅི་མ་ཡན་གྱིས་གསར་འགོད་པར་བཤད།
     2016 ལོའི་ལོ་མཇུག་ཏུ། སྲིད་གཞུང་གིས་མ་དངུལ་སྒོར་ཁྲི8བཏང་ཞིང་། བསུ་སྟོད་མང་ཚོགས་ཀྱིས་ངལ་རྩོལ་བྱས་ཏེ། རྩམ་འཐག་ཁང་འདི་བཙུགས་ཤིང་། མཉམ་ལས་ཁང་འདི་སྡེ་བའི་ནང་གི་ཕྱུག་འགྱུར་ལམ་སྟོན་པ་ནོར་བུ་དང་སེང་གེ་གཉིས་ཀྱིས་འགན་གཙང་ལེན་བྱས་ཡོད་ཅིང་། ལོ་རེར་སྡེ་བས་ཐུན་མོང་དུ་དམངས་སྒོར་ཁྲི2.5ཡི་འགན་གཙང་ལེན་གྱི་ཡོན་སྤྲད་དགོས་པར་མ་ཟད། ཁྱིམ་ཚང་དབུལ་བོ་བརྒྱ་ཆ50དང་། དབུལ་བོ་མིན་པའི་ཁྱིམ་ཚང་བརྒྱ་ཆ50ཡི་བསྡུར་ཚད་ལྟར། ཡོང་འབབ་བགོ་བཤའ་བརྒྱབ་དགོས་པ་རེད།
ཡིད་ཆེས་དང་རེ་བས་བལྟས་པའི་གཅའ་རོ་ལུག་གསོ་ཁང་།
      ད་སོ་མར་ལམ་བར་ནས་མཐོང་བའི་ལུག་རྣམས་ནི་སྡེ་མི་རྣམས་ཀྱིས་འཚོས་པའི་ལུག་ཡིན་ཞིང་། ལུག་ཁྱུ་འདི་ནི་སྡེ་མི་ཡོངས་ཀྱིས་མཉམ་འཚོ་བྱས་པའི་ལུག་རྣམས་རེད། 
       གཡུང་ཚེ་ལགས་ཀྱི་སྣེ་ཁྲིད་འོག་གསར་འགོད་པ་བསུ་སྟོད་ལུག་གསོ་མཉམ་ལས་ཁང་དུ་སོང་ཞིང་། དེ་ནས་རྒྱུས་ལོན་བྱས་པ་ལྟར་ན། 2016ལོའི་ལོ་མཇུག་ཏུ། བསུ་སྟོད་སྡེ་བས་ནོར་སྲིད་མ་དངུལ་སྒོར་ཁྲི90སྡེབ་སྒྲིལ་བྱས་པ་དང་སྡེ་མིའི་ངལ་རྩོལ་ལས་གླ་སོགས་སྒོར་དུ་ཕབ་པའི་མ་དངུལ་སྒོར་ཁྲི38.6ཡོད་པ། ཁྱོན་མ་དངུལ་སྒོར་ཁྲི128.6 གིས་མ་རྩ་བཏང་སྟེ། ལུག་གསོ་མཉམ་ལས་ཁང་འདི་བཙུགས་པ་ཡིན་ཞིང་། དུས་མཚུངས་སུ་རྫོང་ནོར་སྲིད་ཀྱི་རོགས་དངུལ་སྒོར་ཁྲི105.9ཡིས་གཅའ་རོའི་ལུག800དང་། ཕྱི་རྒྱལ་ནས་འཁྱེར་ཡོང་བའི་གཉན 5 བཅས་ཉོས་པ་ཡིན་འདུག
       སྡེ་བའི་ལུག་གསོ་མཉམ་ལས་ཁང་གིས་ཁ་ཐོར་དུ་འཚོ་སྐྱོང་བྱེད་པ་དང་། གཅིག་སྡུད་ཀྱིས་འཚོ་སྐྱོང་བྱེད་པའི་ཐབས་ཤེས་གཉིས་པོ་མཉམ་དུ་སྤྱོད་ཀྱིན་ཡོད། ལུག750དེ་ཁྱིམ་ཚང142ལ་བགོས་ནས་འཚོ་སྐྱོང་བྱེད་དུ་བཅུག་ཡོད་པ་ལ། ལྷག་མའི་ལུག55དེ་སྡེ་མི་ཡོངས་ཀྱིས་མཉམ་དུ་འཚོ་སྐྱོང་བྱེད་ཀྱིན་ཡོད་པར་མ་ཟད། དེ་ནི་སྡེ་བ་སྤྱིའི་དཔལ་འབྱོར་གྱི་ཡོང་འབབ་ཏུ་རྩི་བཞིན་ཡོད།ཅེས་གཡུང་ཚེས་གསར་འགོད་པར་བཤད།
       གཡུང་ཚེས་གསལ་བཤད་བྱས་པ་ལྟར་ན། མཉམ་ལས་ཁང་གིས་ལུག་ཚང་མར་ཡིག་ཚགས་དང་བྱང་བུ་བཟོས་ཡོད་ཅིང་། ཁྱིམ་ཚང་རྣམས་ལ་བགོས་ནས་འཚོར་བཅུག་ལ་ཡོད་པའི་ལུག་རྣམས་ལོ་གསུམ་གྱི་རྗེས་ནས་སྡེ་བར་སྤྲད་དགོས་ཤིང་། འཕེལ་ཏོག་གི་ལུག་རྣམས་ནི་སྡེ་མིའི་ཡོང་འབབ་ཡིན་འདུག ལོ་སྔོན་མར་འཕེལ་ཏོག་ཁོ་ནར་ལུ་གུ200ཡོད་འདུག
སྡེ་བའི་ཐུན་མོང་གི་དཔལ་འབྱོར་ཏེ། ལུག་གསོ་སྤེལ་ཁང་གི་འཕེལ་རྒྱས་དེས་སྡེ་མི་རྣམས་ལ་ཁ་ཚ་དགོས་གཏུགས་ཀྱི་ཁེ་ཕན་བསྐྱལ་བར་མ་ཟད། བསུ་སྟོད་སྡེ་བ་ཕྱུག་འགྱུར་འབྱོར་འབྲིང་དུ་བསྐྱོད་པའི་ལམ་ཁ་སྔར་བས་ཀྱང་ཡངས་པར་གྱུར་ཏོ།།
ཚུལ་ཁྲིམས་རྡོ་རྗེས་བསྒྱུར།

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1