གཙོ་ངོས།>> ཞིབ་འཇུག>>ལོ་རྒྱུས།

རྒྱལ་མོ་འབྲུག་པ། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་གོའི་བོད་ལྗོངས་དྲ་བ། སྤེལ་དུས། ༢༠༡༨ལོའི་ཟླ་བ་༠༤ཚེས་༡༣ཉིན།

༄༅།། བཀའ་བསྟན་བོད་དུ་བསྒྱུར་བའི་ལོ་རྒྱུས་ལ་དཔྱད་པ།

 རྒྱལ་མོ་འབྲུག་པ།
            དེ་ཡང་བཀའ་བསྟན་བོད་དུ་བསྒྱུར་བའི་ལོ་རྒྱུས་ལ་དཔྱད་པ་གཏོང་ཚེ་ཐོག་མར་བོད་དུ་དམ་པའི་ཆོས་ཇི་ལྟར་དར་ཚུལ་སྐོར་མི་གླེང་ཀ་མེད་ཡིན་སྟབས། འདིར་བསྟན་པ་སྔ་དར་གྱི་དུས་སུ་བོད་ལ་ནང་བསྟན་དར་ཚུལ་ཡོངས་གྲགས་ཀྱི་ལུགས་དང་སྦྲགས་ཏེ་བོད་དུ་བཀའ་བསྟན་ཐོག་མར་བསྒྱུར་བའི་སྐོར་མདོ་ཙམ་བརྗོད་པར་བྱ་སྟེ།       
དང་པོ། འགྱུར་གྱི་སྲོལ་ཐོག་མར་ཕྱེ་བའི་སྐོར།
            ཐོག་མར་དམ་པའི་ཆོས་ཀྱི་དབུ་བརྙེས་ཚུལ་ནི་བོད་ཀྱི་ལོ་རྒྱུས་ཡོངས་གྲགས་སུ་ལྷ་ཐོ་ཐོ་རིའི་རིང་ལ་དམ་པའི་ཆོས་ཀྱི་དབུ་བརྙེས་ཞེས་འབྱུང་ལ། ཚུལ་དེ་ནི་དཔའ་བོ་གཙུག་ལག་ཕྲེང་བས་(1508-1566)མཛད་པའི་《ཆོས་འབྱུང་མཁས་པའི་དགའ་སྟོན་》དུ། “དེ་ནས་དམ་པའི་ཆོས་ཀྱི་དབུ་བརྙེས་པ། །རྒྱལ་སྲས་ཀུན་ཏུ་བཟང་པོའི་རྣམ་སྤྲུལ་ནི། །སྤྲུལ་པའི་རྒྱལ་པོ་ཐོ་ཐོ་རི་གཉན་བཙན། །...དགུང་ལོ་དྲུག་ཅུ་བཞེས་པ་སྐུ་མཁར་ཆེ། །ཡུམ་བུ་བླ་སྒང་རྩེ་ལ་བཞུགས་པའི་ཚེ། །ནམ་མཁའ་འཇའ་ཚོན་ཁ་དོག་སྣ་ཚོགས་བཀྲ། །མེ་ཏོག་ཆར་དང་ལྷ་ཡི་རོལ་མོ་བྱུང་། །གདུགས་ཤར་ཚེ་ན་ཉི་ཟེར་དང་འགྲོགས་ནས། །གསེར་ཤོག་ངོས་ལ་བཻཌཱུརྱས་བྲིས་པའི། །པང་ཀོང་ཕྱག་རྒྱ་མདོ་སྡེ་ཟ་མ་ཏོག།  །   ཡིད་དུ་འོང་བའི་གླེགས་བམ་རྣམ་གཉིས་དང་། །
            གསེར་གྱི་མཆོད་རྟེན་མུ་དྲའི་ཕྱག་བརྒྱ་དང་། ཙིནྡ་མ་ཎིའི་སྐོས་ཕོར་རྣམ་དྲུག་བབ། །་་་་་་ཆོས་སམ་བོན་དུ་མཁྱེན་ཚུལ་མ་བསྟན་ཡང་། །གསེར་སྐྱེམས་གཡུ་སྔོན་ལ་སོགས་ཀྱིས་མཆོད་དེ། །་་་་་གཉན་པོ་གསང་བ་ཞེས་པར་མཚན་གསོལ་ནས། །རྒྱལ་པོས་ཕྱག་སྐོར་བཀུར་སྟི་རྒྱ་ཆེར་བྱས། །”①ཞེས་བཀོད་ཅིང་། དེ་མིན་《བུ་སྟོན་ཆོས་འབྱུང་》དང་། 《སུམ་པ་ཆོས་འབྱུང་།》 《གུ་བཀྲའི་ཆོས་འབྱུང་།》 《བདུད་འཇོམས་ཆོས་འབྱུང་》སོགས་སུའང་གླེགས་བམ་གྱི་གྲངས་གཅིག་གཉིས་ཀྱི་ཁྱད་པར་ཙམ་ལས་མདོ་སྡེ་དང་མཆོད་རྟེན་བཅས་གཉན་པོ་གསང་བ་བབ་ཚུལ་ཕལ་ཆེར་ཞལ་མཚུངས་སུ་བཀོད་འདུག །  
            ཡང་ལོ་རྒྱུས་ཡིག་ཆ་ཅུང་སྔ་བར་གྲགས་པ་《བཀའ་ཆེམས་ཀ་ཁོལ་མར་》གཉན་པོ་གསང་བའི་བྱུང་ཚུལ་ཐད་ལྷ་སྒྲུང་དང་འདྲེས་པ་རྒྱས་ཙམ་ཞིག་བཀོད་ཡོད་ཀྱང་བསྟན་བྱ་ནང་དོན་ནི་མདོ་སྡེ་བཞིའི་གླེགས་བམ་དང་གསེར་གྱི་མཆོད་རྟེན་བཅས་བཞུགས་པར་བཤད་པས། ཕྱིས་ཀྱི་མཁས་པ་མང་ཕྱོགས་ཀྱིས་ལོ་རྒྱུས་བརྩམས་སྐབས་དེ་དག་ཇི་བཞིན་འཁོད་པ་མང་མོད། འོན་ཀྱང་དེ་རྣམས་ལས་དོན་དངོས་ཐོག་འབབ་པ་ཞིག་ནི་ལོ་རྒྱུས་སྨྲ་བའི་དབང་པོ་འགོས་ལོ་གཞོན་ནུ་དཔལ་(སྤྱི་ལོ་1392-1481)གྱིས་མཛད་པའི་《དེབ་ཐེར་སྔོན་པོའི་》ནང་དུ། “ནེལ་པ་པཎྜི་ཏ་ན་རེ། བོན་པོ་ནམ་མཁའ་ལ་དགའ་བས་ནམ་མཁའ་ནས་བབས་ཟེར་བ་བོན་གཏམ་ཡིན་གྱི་དོན་ལ་པཎྜི་ཏ་བློ་སེམས་འཚོ་དང་ལོ་ཙཱ་བ་ལི་ཐེ་སེས་ཆོས་དེ་དག་ཁྱེར་འོངས་པ་ལ། རྒྱལ་པོས་ཡི་གེ་མི་ཤེས་ཤིང་དོན་མི་གོ་བས་པཎྜི་ཏ་དང་   ལོ་ཙཱ་བ་ཕྱིར་ལོག་ཟེར་བ་འདི་དག་པ་འདྲ་སྟེ།”① ཞེས་གླེགས་བམ་དང་མཆོད་རྟེན་དེ་དག་གནམ་ལས་བྱུང་བ་མ་ཡིན་པར། སྐབས་དེའི་རྒྱ་གར་གྱི་པཎྜི་ཏ་བློ་སེམས་འཚོ་དང་བོད་ཀྱི་ལོ་ཙཱ་བ་ལི་ཐེ་སེ་ཞུ་བ་གཉིས་ཀྱིས་བསྣམས་ཡོང་བར་བཞེད་ཅིང་། ནེལ་པའི་གསུང་ཐུགས་ལ་བབས་ཏེ་ཇི་བཞིན་དྲངས་ཡོད་པ་འདི་ཡིན། ཡང་དེའི་འཕྲོར་བློ་སེམས་འཚོ་དང་ཕྱིས་ཀྱི་མཁན་པོ་ཞི་བ་འཚོ་གཉིས་གང་ཟག་གཅིག་ཏུ་གསུངས་ཡོད་པ་ནི་ཆོས་ལུགས་ཀྱི་ལྟ་བ་ཁོ་ནས་བཙན་སྦྱར་གནང་བ་མ་གཏོགས། བོད་ལ་ནང་པའི་ཆོས་གཞུང་དང་རྟེན་རྣམས་ཐོག་མ་ནས་སྐད་བསྒྱུར་ལ་བརྟེན་ནས་མིས་ཁྱེར་ཡོང་བར་གསུངས་པ་ནི་དོན་ལ་གནས་པའི་པཎྜི་ཏའི་བཞེད་དགོངས་ཡང་དག་པ་ཤ་སྟག་རེད། དེས་ན་མཐར་ཐུག་བཙན་པོའི་ཕོ་བྲང་དུ་ཆོས་དང་རྟེན་གང་དང་ཅི་ཙམ་ཞིག་བྱུང་ཡོད་པའི་ཐད་ལ་སྔོན་བྱོན་མཁས་པ་རྣམས་ཀྱང་བཞེད་པ་མི་མཐུན་དེ། གོང་གསལ་དཔའ་བོ་གཙུག་ལག་ཕྲེང་བའི་གསུང་ལྟར་ན་ཡོངས་གྲགས་ཀྱི་《དཔང་སྐོང་ཕྱག་བརྒྱ་པ་②》དང་། 《མདོ་སྡེ་ཟ་མ་ཏོག》 གསེར་གྱི་མཆོད་རྟེན་(འདི་《བཀའ་ཆེམས་ཀ་ཁོལ་མ་》དང་ལོ་རྒྱུས་ལ་ལར་བང་རིམ་བཞི་ཅན་ཞེས་འབྱུང་)དང་། མུ་དྲའི་ཕྱག་རྒྱ།(འདི་ཆོས་འབྱུང་རང་དུ་ཁྲུ་གང་ཙམ་གྱི་ནོར་བུའི་རིགས་ཀྱི་རྡོ་ལ་ཡིག་དྲུག་རང་བྱུང་ཅན་ཡོད་ཅེས་གསུངས)ཙིནྡ་མ་ཎིའི་བརྐོས་ཕོར་(འདི་《བདུད་འཇོམས་ཆོས་འབྱུང་》དུ་ཙིལྗོ་མ་རྐིའི་གཟུངས་ཀྱི་བརྐོས་ཕོར་ཏེ་བཅུ་གཅིག་ཞལ་ཡིད་བཞིན་ནོར་བུའི་གཟུངས་ཀྱི་བརྐོས་ཕོར་ཞེས་ར་བརྐོས་ཅན་གསུངས་པ་དག་འདུག་)བཅས་ཁྱོན་རྣམ་དྲུག་ཡོད་པར་གསུངས་   མོད། 《ཙིནྡ་མ་ཎིའི་གཟུངས་》དང་གཟུངས་ཡིག་བརྐོས་ཡུལ་གྱི་ཕོར་པ་གཉིས་སོ་སོར་བགྲང་བ་མིན་ན་དྲུག་མི་ཚང་བས་བརྟག་པར་བྱ་བའི་གནས་སོ། །  
            ཡང་ཆོས་འབྱུང་མང་ཆེ་བར་《དཔང་སྐོང་ཕྱག་བརྒྱ་པ་》དང་གསེར་གྱི་མཆོད་རྟེན། ཙིནྡ་མ་ཎིའི་བརྐོས་ཕོར་གསུམ་བྱུང་ཚུལ་ཐུན་མོང་དུ་བཀོད་པ་ཁྱབ་ཆེ་ལ། དེ་མིན་གཞན་ཁ་ཤས་གླེགས་བམ་སྐོར་ལ་ཡང་《མདོ་སྡེ་ཟ་མ་ཏོག་》དང་། ཁ་ཤས་སུ་《མདོ་སྡེ་དཀོན་མཆོག་སྤྲིན་》དང་། ལ་ལར་《ཟ་མ་ཏོག་གི་སྙིང་པོ་ཡི་གེ་དྲུག་པ་》བཅས་ཆོས་ཚན་མིང་མི་འདྲ་བ་ཅི་རིགས་ཤིག་བཀོད་པ་ཡོད་དོ། །               གང་ལྟར་སྐབས་འདི་ལ་བོད་བཙན་པོའི་ཕོ་བྲང་དུ་ནང་པ་སངས་རྒྱས་པའི་གསུང་གི་རྟེན་གླེགས་བམ་དང་ཐུགས་ཀྱི་རྟེན་མཆོད་རྟེན་མ་ཟད། གཟུངས་ཡིག་བརྐོས་པའི་དངོས་རྫས་ཕོར་པའམ་ཅ་ག་གང་རུང་ཞིག་བྱུང་ཡོད་པ་ཡིན་ལ། སྐབས་དེར་བོད་བཙན་པོའི་ཆབ་སྲིད་དང་བོད་འབངས་བྱིངས་ནི་གཡུང་དྲུང་བོན་ལ་བརྟེན་ནས་བསྐྱངས་པ་ཡིན་ལྷབས། རྟེན་དེ་རྣམས་མཆོད་བཀུར་གྱི་གནས་ཙམ་ལས་ཆོས་སྤེལ་གྱི་ནུས་པ་མ་ཐོན་པ་ཡིན་འདུག །《མཁས་པའི་དགའ་སྟོན་》དུ་“སྤྱིར་ཐེག་ཆེན་གྱི་མདོ་སྔགས་གཉིས་དང་ལྟ་བ་བཀར་བཏགས་ཀྱི་ཕྱག་རྒྱ་བཞི་མཚོན་བྱེད་དུ་རྟེན་དེ་རྣམས་བྱུང་བ་ལ།་་་་”①ཞེས་དང་། 《བུ་སྟོན་ཆོས་འབྱུང་》དུའང་། …..‘‘དམ་པའི་ཆོས་ཀྱི་དབུ་བརྙེས་ཤིང་དེ་ཡན་ཆད་ནི་ཆབ་སྲིད་བོན་གྱིས་བསྐྱངས་སོ། །”②) ཞེས་གསུངས་ཏེ་དུས་འདི་ནས་བཟུང་དམ་པའི་ཆོས་བོད་ཡུལ་དུ་དར་བའི་འགོ་བརྩམས་པར་ངོས་འཛིན་གནང་བའི་སྲོལ་བྱུང་བ་ཡིན་ནའང་། དོན་དུ་《དེབ་སྔོན་》མཁན་པོས། “དེ་ལ་ལྷ་ཐོ་ཐོ་རི་གཉན་བཙན་གྱི་རིང་ལ་ཆོས་ཀྱི་དབུ་བརྙེས་པ་ནི། ཆོས་ཀྱི་གླེགས་བམ་ཙམ་བྱུང་བ་ཡིན་གྱི། བྲི་བ་དང་བཀླགས་པ་དང་འཆད་པ་སོགས་ནི་མེད་དོ། །”①ཞེས་དང་། སུམ་པ་མཁན་པོས།“འདིའི་དུས་སུ་དམ་པའི་ཆོས་ཀྱི་དབུ་བརྙེས་པའི་རྟེན་འབྲེལ་ཙམ་འགྲིག་ཅིང་།”②ཞེས་སོགས་གསུངས་པ་བཞིན་ཏེ། སྐབས་དེར་བོད་ཁམས་སུ་དམ་ཆོས་དར་བའི་སྔོན་འགྲོའི་ཆ་རྐྱེན་དུ་རྒྱ་གར་ནས་ཨ་ཙཱ་རའམ་པཎྜི་ཏ་བློ་སེམས་འཚོ་བྱ་བ་དང་བོད་མི་སྐད་གཉིས་སྨྲ་ཤེས་པའི་ལོ་ཙཱ་བ་ལི་ཐེ་སེ་བྱ་བས་སྐད་བསྒྱུར་ལ་བརྟེན་ནས། སྐབས་དེའི་བོད་ཀྱི་ཆེས་མཐོའི་དབང་སྒྱུར་མི་སྣ་བཙན་པོ་ལྷ་ཐོ་ཐོ་རི་དང་མཇལ་ཏེ་འཚམས་རྟགས་སམ་མཇལ་རྟེན་དུ་གླེགས་བམ་དང་མཆོད་རྟེན་བརྐོས་ཕོར་བཅས་དངོས་པོ་འགའ་ཕུལ་བ་ལ། བཙན་པོས་ཕྱི་ནས་འོངས་པའི་སྔོན་ཐོན་གྱི་རིག་གནས་མཚོན་པའི་དངོས་པོ་དེ་དག་ངོ་མཚར་དུ་བཟུང་ནས་གཙིགས་སུ་བཀུར་ཏེ་མཆོད་གནས་སུ་བཞུགས་པ་ཡིན་མོད། འོན་ཀྱང་བཙན་པོའི་འཁོར་དང་བོད་འབངས་བྱིངས་ནི་བོན་ལུགས་ཁོ་ནར་དད་པ་བྱེད་སྟབས། བཙན་པོས་བོན་འཁོར་རྣམས་ཀྱིས་དང་ལེན་བྱ་བའི་ཆེད་དུ་བློ་ཐབས་ལ་བརྟེན་ནས་དེ་དག་གནམ་ནས་བབས་པར་བསྒྲགས་པར་མ་ཟད། མིང་ཡང་གཉན་པོ་གསང་བ་ཞེས་བཏགས་ཏེ་རེ་ཞིག་བཀའ་རྒྱའི་ཚུལ་དུ་མཆོད་བཀུར་གྱི་གནས་བཙན་པོ་ཞིག་ཏུ་བསྒྱུར་བ་མ་གཏོགས་ཆོས་སྤེལ་གྱི་ནུས་པ་མ་ཐོན་ཏེ་ལུས་པར་མངོན་ནོ། །   
            དེ་ནས་དམ་པའི་ཆོས་ཀྱི་སྲོལ་དངོས་སུ་ཕྱེ་བའི་ཚུལ་ནི་བོད་ཀྱི་ལོ་རྒྱུས་①ཡོངས་གྲགས་སུ་ཆོས་རྒྱལ་སྲོང་བཙན་སྒམ་པོའི་རིང་བོད་ལ་ཡི་གེ་མེད་པས་ཐོན་མི་སམ་བྷོ་ཊ་སོགས་བྱིས་པ་བློ་གསལ་ཅན་བཅུ་དྲུག་མངགས་པ་ལས། ཐོན་མིས་ཚ་གྲང་དཀའ་ཐུབ་མང་པོ་སྤྱད་ནས་རྒྱ་གར་ནས་སློབ་དཔོན་དུ་མ་བསྟེན་ཏེ་སྒྲ་བྱང་བར་བསླབས་ཤིང་། ཕྱིར་བོད་དུ་ལོག་ནས་བོད་ཡིག་གསར་རྩོམ་མཛད་པར་མ་ཟད། བོད་སྐད་དང་མཐུན་པའི་བརྡ་སྤྲོད་ཀྱི་གཞུང་ཁ་ཤས་བརྩམས་ཏེ་དམ་ཆོས་རྣམས་བོད་ཡིག་ཏུ་བསྒྱུར་ཐུབ་པར་མཛད་ཅིང་ཐོན་མི་རང་ཉིད་ཀྱིས་ཀྱང་གསུང་རབ་མང་པོ་བསྒྱུར་ཅེས་བརྗོད། ཚུལ་དེའང་《མཁས་པའི་དགའ་སྟོན་》དུ། “རྒྱ་བལ་མཁས་པ་དུ་མ་སྤྱན་དྲངས་ཏེ།། གསུང་རབ་དུ་མ་བསྒྱུར་ཅིང་དར་བར་མཛད། །
            རྒྱ་གར་གྱི་སློབ་དཔོན་ཀུ་ས་ར་དང་། བྲམ་ཟེ་ཤང་ཀ་ར་དང་། ཁ་ཆེ་ཏ་ནུ་དང་། བལ་པོ་ཤྲི་ལ་མཉྫུ་དང་། རྒྱ་ནག་ཧ་ཤང་མ་ཧ་དེ་ཝ་ཆེ་རྣམས་བྱོན། ལོ་ཙཱ་བ་ཐོན་མི་སམ་བྷོ་ཊ་དང་། དེའི་མཆན་བུ་དྷརྨ་ཀོ་ཥ་དང་ལྷ་ལུང་རྡོ་རྗེ་དཔལ་སོགས་ཀྱིས་འདུས་པ་རིན་པོ་ཆེ་ཏོག་གི་གཟུངས། ཟླ་བ་སྒྲོན་མ། དཀོན་མཆོག་སྤྲིན་སོགས་བསྒྱུར་ཅིང་ཤེར་ཕྱིན་སྟོང་ཕྲག་བརྒྱ་པ་ཡང་བསྒྱུར་བར་གྲགས། གཙོ་བོ་ཐུགས་རྗེ་ཆེན་པོའི་མདོ་རྒྱུད་ཉི་ཤུ་རྩ་གཅིག་བསྒྱུར་ཏེ།”②ཞེས་མདོ་རྒྱུད་ཉེར་གཅིག་གི་དྲངས་འདྲེན་བཀོད་རྗེས། “འདི་ལས་འོད་ཟེར་རྣམ་བཀོད། ཆུ་ཀླུང་སྣ་ཚོགས།སྣང་བ་རོལ་པ། མཚན་རབ་ཡོངས་སུ་བསྟན་པ་རྣམས་དེང་སང་གི་བཀའ་འགྱུར་ན་མི་སྣང་ལ། གཞན་དོན་སྔགས་ཀྱི་ཆོ་ག་ཞིབ་མོ་ལ་ཆོ་ག་སྔགས་ཀྱི་རྒྱུད་ཅེས་པ་ལྟ་བུ་འགྱུར་ཁྱད་མ་གཏོགས་དེང་སང་བཞུགས་ལ། མདོ་རྒྱུད་ཉིར་གཅིག་པོ་འདི་སྤྱན་རས་གཟིགས་ཀྱི་ཡོན་ཏན་བརྗོད་པའི་ཆོས་ཀྱི་རྣམ་གྲངས་ཁོ་ན་ཡིན་ནོ། །”① ཞེས་དཔའ་བོ་གཙུག་ལག་ཕྲེང་བ་ལྟར་ན་སྐབས་དེར་བོད་ལ་རྒྱ་གར་གྱི་པཎྜི་ཏ་གཉིས་དང་།ཁ་ཆེ་བལ་པོ་བཅས་ཀྱི་པཎྜི་ཏ་རེ་རེ་དང་རྒྱ་ནག་གི་ཧ་ཤང་བཅས་ཕེབས་ཏེ། དེ་དག་དང་བོད་ཀྱི་ལོ་ཙཱ་བ་ཐོན་མི་དང་ཁོང་གི་ཕྱག་རོགས་པའམ་སྒྱུར་བྱེད་མཆན་བུ་བ་མི་གཉིས་བཅས་བཞུགས་ཚུལ་བཀོད་འདུག་ལ། ཁོང་ཚོའི་འགྱུར་ཆོས་ལའང་《འདུས་པ་རིན་པོ་ཆེའི་ཏོག་གི་གཟུངས་》དང་། 《ཟླ་བ་སྒྲོན་མ།》 《མདོ་སྡེ་དཀོན་མཆོག་སྤྲིན།》 《ཤེར་ཕྱིན་སྟོང་ཕྲག་བརྒྱ་པ་》སོགས་དང་། གཙོ་ཆེ་བ་མདོ་རྒྱུད་ཉེར་གཅིག་བསྒྱུར་བར་གསུངས་སོ། །  
            ཡང་བུ་སྟོན་རིན་པོ་ཆེས་ཐོན་མིས་ཡི་གེ་གསར་སྐྲུན་དང་བརྡ་སྤྲོད་ཀྱི་གཞུང་མཛད་ཚུལ་བཀོད་རྗེས།“མདོ་ཟ་མ་ཏོག་བཀོད་པ་དང་། དཔང་སྐོང་དང་། མདོ་སྡེ་དཀོན་མཆོག་སྤྲིན་ལ་སོགས་པ་བསྒྱུར་རོ། །”② ཞེས་སོགས་སྒྲས་བསྡུས་ཏེ་སྔར་གྱི་ལྷ་ཐོ་ཐོ་རིའི་དུས་སུ་བྱུང་བའི་རིང་ལུགས་ཀྱི་གླེགས་བམ་གསུམ་མ་བཀོད་པ་མ་གཏོགས་མདོ་རྒྱུད་ཉེར་གཅིག་བསྒྱུར་ཚུལ་དང་གྲངས་འདྲེན་བཅས་དངོས་སུ་བཀོད་མི་འདུག །དེ་མཚུངས་《གུ་བཀྲའི་ཆོས་འབྱུང་》དུ། “སྲོང་བཙན་སྒམ་པོའི་དུས་འཕྲུལ་བློན་མཛངས་མི་བཞི་པ་ཐོན་མི་སམ་བྷོ་ཊ་བྱུང་སྟེ། དེ་ཡན་ཆད་བོད་ན་ཡི་གེ་དང་ཆོས་ཀྱི་ཉན་བཤད་མི་ཤེས་པར་ཆོས་བློན་འདིས་བོད་ཡིག་ཀ་ཁ་འབྲུ་སུམ་ཅུ་ལ་སོགས་པའི་ཡི་གེའི་གཟུགས་དང་བརྡ་སྤྲོད་པའི་བསྟན་བཅོས་བརྩམས། ཆོས་སྒྱུར་བའི་སྲོལ་བཏོད།”①ཅེས་གསུངས་ལ། སྲོལ་བཏོད་པའི་བསྒྱུར་བྱའི་ཆོས་ཀྱི་རྣམ་གྲངས་བཀོད་མེད། ཡང་དཔའ་བོ་གཙུག་ལག་ཕྲེང་བ་རང་གི་གསུང་དུའང་། “ཡང་རྒྱལ་པོས་ཐོན་མི་ལ་ཐུགས་དམ་གཉན་པོ་གསང་བ་དེར་ཅི་འདུག་ཀློགས་དང་གསུངས་པས་པང་ཀོང་ཕྱག་བརྒྱ་པ་དང་མདོ་སྡེ་ཟ་མ་ཏོག་བྱུང་སྐད། ལ་ལ་ནས་ཙིནྡ་མ་ཎིའི་གཟུངས། ཟ་མ་ཏོག །པང་ཀོང་མདོ་སྡེ་ལས་རྣམ་འབྱེད་དེ་བཞི་བྱུང་ཞེས་ཀྱང་སྣང་།”②ཞེས་ཐོན་མིས་བཙན་པོའི་བཀའ་བཞིན་སྔོན་ཡབ་མེས་རིང་གི་ཐུགས་དམ་གཉན་པོ་གསང་བ་གཟིགས་པས་གོང་གསལ་མདོ་སྡེ་རྣམས་བྱུང་བ་མ་གཏོགས། མདོ་རྒྱུད་ཉེར་གཅིག་གི་སྐོར་སྐབས་འདིར་གླེངས་མི་འདུག །བཙན་པོས་གཉན་པོ་གསང་བ་ལ་ཅི་འདུག་ཐོན་མིར་ཀློགས་གསུངས་པ་ལ་དཔགས་ན་སྐབས་དེར་ཐོག་མར་ངག་བསྒྱུར་གྱི་ལམ་ནས་དམ་ཆོས་དར་བའི་སྲོལ་བཙུགས་པ་ཡིན་འདུག་སྙམ། གོང་ཞུས་ཆོས་འབྱུང་མང་ཆེ་བར་《དཔང་སྐོང་ཕྱག་བརྒྱ་པ་》དང་《མདོ་སྡེ་ཟ་མ་ཏོག་》གཉིས་ཞལ་མཚུངས་སུ་ཐོན་མིས་བསྒྱུར་བར་བཞེད་ཅིང་། སྒོས་སུ་སི་ཏུ་ཆོས་ཀྱི་འབྱུང་གནས་(སྤྱི་ལོ་1700-1774)ཀྱིས་མཛད་པའི་《སྡེ་དགེའི་བཀའ་འགྱུར་དཀར་ཆག་》ཏུའང་“ཡ་པ་ལ། དཔང་སྐོང་ཕྱག་བརྒྱ་པ་ཐུ་མི་སམ་བྷོ་ཊའི་འགྱུར།”③ ཞེས་དཀར་ཆག་ཏུ་ཐོན་མིའི་མཚན་དངོས་སུ་བཀོད་གནང་འདུག་མོད། འོན་ཏེ་བཀའ་འགྱུར་དཔར་ཁག་རྣམས་④ཀྱི་འགྱུར་བྱང་དུ་ཐོན་མིའི་མཚན་བཀོད་ཡོད་པ་གཅིག་ཀྱང་མི་འདུག་ལ། སྡེ་དགེ་བཀའ་འགྱུར་རང་གི་མཇུག་བྱང་དུའང་“དཔང་སྐོང་ཕྱག་བརྒྱ་པ་རྫོགས་སོ། །བོད་དུ་དམ་པའི་ཆོས་འབྱུང་བའི་སྔ་ལྟས་སུ་ལྷ་ཐོ་ཐོ་རི་སྙན་ཤལ་གྱི་སྐུ་རིང་ལ་ཕོ་བྲང་ཡུམ་བུ་བླ་མཁར་དུ་ནམ་མཁའ་ལས་བབས་མི་རབས་ལྔ་ན་འདིའི་དོན་ཤེས་པ་འོང་ཞེས་རྨི་ལམ་དུ་ལུང་བསྟན་ཏེ་ཆོས་ཀྱི་དབུ་བརྙེས་སོ། །”①ཞེས་གླེགས་བམ་བྱུང་ཚུལ་དང་མི་རབས་ལྔ་ན་འདིའི་དོན་ཤེས་པ་འོང་བར་ལུང་བསྟན་ཞེས་ལོ་རྒྱུས་ཡོངས་གྲགས་དང་མཐུན་པའི་བཤད་ཚུལ་མ་གཏོགས་གཞན་ཚིག་རིས་ཅི་ཡང་མི་འདུག །འདིར་མི་རབས་ལྔ་ན་ཞེས་པ་ནི་ཕྱིས་ཀྱི་མཁས་པ་རྣམས་ཀྱིས་ཆོས་རྒྱལ་སྲོང་བཙན་སྒམ་པོར་དམིགས་ཏེ་བཀོད་པ་ཡིན་ལ། ཞོར་དུ་གླེགས་བམ་དེ་སྲོང་བཙན་སྐབས་བར་དུ་ནང་དོན་འགྱུར་བ་ཕར་ཞོག །ཅི་ཡིན་གོ་མཁན་ཞིག་ཀྱང་མ་བྱུང་བ་ཤུགས་སུ་བསྟན་ཡོད་པ་ཡིན་ནོ། །དེ་མིན་《མདོ་སྡེ་དཀོན་མཆོག་སྤྲིན་》དང་། 《ཟ་མ་ཏོག་བཀོད་པ་》སོགས་ཀྱི་འགྱུར་བྱང་ཡང་ཕྱིས་ཀྱི་ལོ་ཙཱ་བ་འབའ་ཞིག་མ་གཏོགས་ཐོན་མི་དང་སྐབས་དེའི་ལོ་པཎ་སུ་ཞིག་གི་མཚན་ཟུར་ཙམ་ཡང་བཀོད་པ་མ་མཐོང་ལ། དེས་ན་གོང་ཞུས་ལྟར་ཁོ་བོའི་བསམ་པར་སྲོང་བཙན་སྒམ་པོའི་དུས་ཆོས་བློན་ཐོན་མི་སམ་བྷོ་ཊས་དེང་སང་སྤྱོད་པའི་ཡི་གེ་འདི་གསར་བཅོས་གནང་སྟེ་ཐོག་མར་རྒྱལ་པོའི་མདུན་དུ་ནང་པའི་ཆོས་གཞུང་《དཔང་སྐོང་ཕྱག་བརྒྱ་པ་》སོགས་ངག་བསྒྱུར་གྱིས་བསྟན་པ་སྤེལ་བ་ཡིན་ཞིང་། རིམ་གྱིས་ཡི་གེ་འཐུས་ཚང་དུ་སོང་རྗེས་ཡིག་ཐོག་ཏུ་བསྒྱུར་བ་ཡིན་སྟབས། སྔོན་བྱོན་མཁས་པ་རྣམས་ཀྱིས་དམ་པའི་ཆོས་ཀྱི་སྲོལ་ཕྱེ་ཞེས་དམ་ཆོས་སྤེལ་བའི་དབུ་བརྩམས་པར་གསུངས་པ་ནི་དོན་ལ་གནས་པའི་གཏམ་ཡིན་པས། སྐབས་དེར་ཐོན་མིས་མདོ་རྒྱུད་ཉེར་གཅིག་ལ་སོགས་པ་བསྒྱུར་བར་བཤད་པ་ནི་ཅུང་ཟད་བསམ་མནོ་གཏོང་དགོས་པ་ཡོད་དེ། སྤྱིར་བསྟན་པ་ཕྱི་དར་མ་གཏོགས་སྔ་དར་གྱི་སྐབས་སུ་གསུང་རབ་རྣམས་དཀར་ཆག་ཏུ་བཀོད་པ་ལ་མཛད་བྱང་དང་འགྱུར་བྱང་འགོད་པའི་སྲོལ་མི་འདུག་མོད། འོན་ཀྱང་རྗེས་སུ་ཕྱི་དར་སྐབས་གཞུང་དངོས་སུ་འགྱུར་བྱང་བསྣན་ཡོད་ལ། སྔ་དར་སྐབས་ཀྱི་ལོ་ཙཱ་བ་སུམ་ཅུ་ཁ་གྲངས་ཀྱི་མཚན་ཁ་ཚང་བཀོད་ཡོད་ན་བཀའ་དྲིན་གཞལ་དུ་མེད་པའི་བོད་ཀྱི་ལོ་ཙཱ་བ་དང་པོ་ཐོན་མིའི་མཚན་མི་འགོད་མི་སྲིད་པས། ཕལ་ཆེར་ཐོན་མིས་གཞུང་ཚང་བ་ཞིག་བསྒྱུར་མེད་ལ་དམ་ཆོས་ཀྱི་ནང་དོན་རྣམས་བོད་ཡིག་ཐོག་འགོད་ཐུབ་པ་ཙམ་གནང་བ་མ་གཏོགས་ཆོས་གཞུང་དེ་འདྲ་མང་པོ་ཞིག་བསྒྱུར་ཡོད་ཐབས་མེད་པས་ན་འགྱུར་བྱང་དུ་མ་བཀོད་པ་ཡིན་སྙམ་སྟེ། གང་ཞེ་ན་བོད་ཀྱི་ལོ་རྒྱུས་སྔ་ཤོས་ཀྱི་གྲས་ཉང་ཉི་མ་འོད་ཟེར་(1124-l192)གྱིས་མཛད་པའི་《ཆོས་འབྱུང་མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུད་》ཅེས་པར་ཐོན་མིས་བོད་ཡིག་བཅོས་ཚུལ་སྐོར་ལ། “དེར་རྒྱ་གར་ལ་མེད་པའི་ཡི་གེ་དྲུག་གིས་ཁ་བསྐངས་ཏེ། ཀ་མད་སུམ་ཅུ་ཐམ་པ་བྱུང་སྟེ་ད་གཟོད་བོད་སྐད་དུ་བསྒྱུར་བཏུབ་ནས་རྒྱ་ཡིག་ལ་བོད་ཡིག་ཏུ་བྲིས་ནས་རྒྱ་གར་ལས་བོད་སྐད་དུ་བསྟན་ནས་སྒྲ་བསྒྱུར་ནས་གཏན་ལ་ཕབ། བཤད་ཉན་དང་སྒོམ་སྒྲུབ་ཀྱི་སྲོལ་ནི་མ་ཐོད། འབྲི་བ་དང་ཀློག་པའི་སྲོལ་ནི་མ་ཐོད་དེ།”①ཞེས་བཀོད་པ་དོན་ལ་འབབ་ཅིང་། དེའི་འཕྲོར་མདོ་སྡེ་མང་པོ་བསྒྱུར་ཚུལ་གསུངས་པ་ནི་ཡོངས་གྲགས་ཀྱི་རྗེས་སུ་འབྲངས་པ་ཙམ་ལས་དོན་དངོས་སུ་ཐོན་མིའི་བཀའ་དྲིན་ནི་རྒྱ་ཡིག་ལས་བོད་ཡིག་ཏུ་བྲིས་ནས་རྒྱ་གར་སྐད་ལས་བོད་སྐད་དུ་བསྟན་པ་ནི་དགོངས་གཞི་གཙོ་བོ་ཡིན་པ་གསལ་བ་ལྟར་རོ། །  

གཉིས་པ། བཀའ་བསྟན་གྱི་འགྱུར་དར་ཞིང་རྒྱས་པའི་སྐོར།
            བོད་ཀྱི་ཆོས་འབྱུང་དང་ལོ་རྒྱུས་ཡོངས་གྲགས་སུ་སྲོང་བཙན་སྒམ་པོའི་སྐུ་རིང་ལ་བལ་བཟའ་དང་རྒྱ་བཟའ་རྣམ་གཉིས་བོད་ལ་བསུས་ཏེ། ལྷ་སའི་གཙུག་ལག་ཁང་དང་ར་མོ་ཆེ་གཉིས་བཞེངས་པར་མ་ཟད། ད་དུང་མཐའ་འདུལ་ཡང་འདུལ་དང་རུ་བཞིའི་གཙུག་ལག་ཁང་བཅས་བཞེངས་པར་བཤད། དེ་ནས་ཁྲི་ལྡེ་གཙུག་བཙན་ནམ་མེས་ཨག་ཚོམ་གྱི་སྐུ་རིང་ལ་གཙུག་ལག་ཁང་ཁ་ཤས་བཞེངས་པའི་ལོ་རྒྱུས་བཀོད་ཡོད་ལ། ཚུལ་དེའང་ཁྲི་སྲོང་ལྡེ་བཙན་སྐབས་བཙན་པོ་ཡབ་ཡུམ་སྲས་དང་བློན་ཆེ་ཕྲ་མཐའ་དག་དཀོན་མཆོག་གསུམ་དང་སངས་རྒྱས་ཀྱི་ཆོས་མཛད་པ་མི་གཞིག་པར་བྲོ་སྩལ་བའི་གཙིགས་ཀྱི་ཡི་གེ་ན། “ར་སའི་འཕྲུལ་སྣང་གཙུག་ལག་ཁང་དང་། ཁྲ་འབྲུག་གི་བཀྲ་ཤིས་ལྷ་ཡུལ་གཙུག་ལག་ཁང་། ཕོ་བྲང་འཁོར་གྱི་དགེ་འདུན་དང་། ར་སའི་རྒྱ་བཏགས་ར་མོ་ཆེ་དང་། བྲག་དམར་གྱི་ཁམས་གསུམ་མི་ལྡོག་སྒྲོལ་དང་། བྲུ་ཤ་ཡུལ་དང་། ཞང་ཞུང་ཡུལ་དང་། མདོ་སྨད་དང་། སྡེ་བློན་རིས་དང་། འདི་རྣམས་ཀྱི་གཙུག་ལག་ཁང་གི་དགེ་འདུན་པ་རེ་རེ་ལ་འཆང་དུ་སྩལད་ཏོ། །”① ཞེས་བཀོད་པ་ལ་གཞིགས་ན། ཡུལ་དབུས་སུ་གོང་གསལ་སྲོང་བཙན་དུས་ཀྱི་གཙུག་ལག་ཁང་གཉིས་དང་། ཁྲ་འབྲུག་གཙུག་ལག་ཁང་དང་། ཁྲི་ལྡེ་གཙུག་བཙན་རིང་གི་བྲག་དམར་མགྲིན་བཟང་གཙུག་ལག་ཁང་། དེ་མིན་ཡུལ་མཐའི་བྲུ་ཤ་དང་ཞང་ཞུང་དང་མདོ་སྨད་དང་། སྡེ་བློན་གྱི་རིས་སམ་བདེ་ཁམས་ཏེ་ལི་ཡུལ་ཕྱོགས་བཅས་སུའང་གཙུག་ལག་ཁང་ཡོད་སྟབས་གཙིགས་ཡིག་ཏུ་འདི་རྣམས་ཀྱི་ཞེས་མང་ཚིག་སྦྱར་ཡོད་པས་མཚོན། སྲོང་བཙན་སྐབས་བསྟན་པའི་སྲོལ་ཕྱེ་རྗེས་རྒྱལ་རབས་བཞི་ལྷག་སོང་མཚམས་ཁྲི་སྲོང་ལྡེ་བཙན་གྱི་སྐུ་རིང་ལ་གཙུག་ལག་ཁང་མང་དུ་བཞེངས་ཡོད་པར་མ་ཟད། དེ་དག་གི་ནང་ན་རྟེན་བརྟེན་པ་དང་དགེ་འདུན་པའང་མང་དུ་ཡོད་པར་མངོན། དེའི་སྔོན་ལ་སངས་རྒྱས་ཀྱི་གསུང་རབ་བསྒྱུར་བ་དང་དམ་ཆོས་འཆད་ཉན་གྱི་སྲོལ་ཆེར་མ་དར་ལ། ཁྲི་སྲོང་ལྡེ་བཙན་སྐབས་ནས་བཟུང་དམ་ཆོས་བསྒྱུར་བ་དང་འཆད་ཉན་གྱི་རིམ་པ་སྒོམ་སྒྲུབ་བཅས་དར་རྒྱས་སུ་སོང་བ་དང་དུས་མཚུངས་སུ་དམ་ཆོས་བསྒྱུར་བའི་འཕྲིན་ལས་ཀྱང་རྒྱ་ཆེར་སྤེལ་བ་ཡིན་ཏེ། 《ཆོས་འབྱུང་མཁས་པའི་དགའ་སྟོན་》དུ། “བཙན་པོའི་ཞལ་ནས།.....རྒྱ་ཡུལ་གྱི་དྷརྨ་ཀུན་དང་མང་ཡུལ་གྱི་ཆོས་རྣམས་རྒྱ་མེ་མགོ་དང་། རྒྱ་གར་ཨཱནནྟ་དང་། རྒྱ་ལས་སྐད་མཁས་པ་སུ་ཡོད་པས་སྒྱུར་ཅིག་ཅེས་བཀའ་བསྩལ་ནས་དེ་གསུམ་གྱིས་ཧས་པོ་རིའི་བྱ་ཁུང་དུ་ཆོས་བོད་སྐད་དུ་བསྒྱུར།”①ཅེས་བཀོད་པ་འདི་ནི། ཐོག་མར་ཁྲི་སྲོང་ལྡེ་བཙན་སྐུ་ན་ཆུང་དུས་རྦ་གསལ་སྣང་མང་ཡུལ་དུ་བྱོན་ནས་ཆོས་གདན་དྲངས་པ་དང་། བློན་སང་ཤི་རྒྱ་ཡུལ་དུ་བྱོན་ནས་དྷརྨ་མང་པོ་ཁྱེར་ཡོང་བ་རྣམས་བཙན་པོར་ཕུལ་བས་བཙན་པོ་ཐུགས་དགྱེས་ཏེ། དེ་རྣམས་བོད་སྐད་དུ་བསྒྱུར་བར་བཀའ་བབས་ནས་དེ་གསུམ་གྱིས་བསྒྱུར་འགོ་བརྩམས་པ་ན། བོན་ལུགས་ལ་མོས་པའི་བློན་ཆེན་མ་ཞང་ཁྲོམ་པ་སྐྱེས་ཀྱིས་ཆོས་བྱ་མི་ཆོག་པར་བྱས་ཏེ་རང་གིས་ཁྲིམས་བསྒྲགས་པ་ལ་བོད་ཀྱི་ལོ་རྒྱུས་རྣམས་སུ་མ་ཞང་གིས་ཁྲིམས་བུ་ཆུང་བྱ་བ་བྱས་ཞེས་གྲགས་པའི་དོན་རྐྱེན་དེ་བྱུང་བ་ཡིན། དེ་ནས་བཙན་པོའི་འཁོར་དུ་བན་བོན་གྱི་རྩོད་པ་དང་ཆབ་སྲིད་ཐད་འཐབ་རྩོད་ཛ་དྲག་ཆེ་བ་བྱས་རྗེས། ཁྲི་སྲོང་ལྡེ་བཙན་དགུང་ལོ་ཉི་ཤུར་ཕེབས་དུས་སྔ་ཕྱིར་ཟ་ཧོར་ནས་ནང་པའི་མཁས་པ་པཎྜི་ཏ་ཆེན་པོ་མཁན་པོ་ཞི་བ་འཚོ་དང་། ཨུ་རྒྱན་ནས་གྲུབ་པའི་དབང་ཕྱུག་ཆེན་པོ་སློབ་དཔོན་པདྨ་འབྱུང་གནས་གཉིས་གདན་དྲངས་ཏེ། བསམ་ཡས་གཙུག་ལག་ཁང་རྟེན་བརྟེན་པ་བཅས་རྒྱ་ཆེར་བཞེངས་པ་གྲུབ་རྗེས་ཐོག་མར་བོད་ཀྱི་སད་མི་མི་བདུན་བྱ་བ་①རབ་བྱུང་དང་དགེ་སློང་དུ་བསྒྲུབས་རྗེས། གཞི་ནས་བོད་རང་གི་ནང་བསྟན་ཆོས་ལུགས་པ་བྱུང་སྟེ་དམ་ཆོས་རྣམས་བོད་སྐད་དུ་བསྒྱུར་བའི་སྲོལ་ཆེར་སྤེལ་བ་ཡིན་འདུག །ཚུལ་དེའང་《ཆོས་འབྱུང་མཁས་པའི་དགའ་སྟོན་》དུ། “གཞན་ཡང་མངའ་བདག་རྒྱལ་པོས་བཀའ་བསྩལ་བ། །......ཁྱེའུ་བློ་གྲོས་རྣོ་ཞིང་གསལ་བ་རྣམས། །བརྡ་སྦྲོད་སྐད་གཉིས་ལོ་ཙཱ་སློབ་ཏུ་བཅུག །ཡོད་སྨྲའི་དགེ་སློང་བཅུ་གཉིས་སྤྱན་དྲངས་ཏེ། །དང་པོ་དད་པ་ཆེ་བ་རྦ་ཁྲི་གཟིགས། །བོ་དྷི་སྭ་ཏས་མཁན་པོ་མཛད་ནས་ནི། །རབ་ཏུ་ཕྱུང་བས་མངོན་ཤེས་ལྔ་ལྡན་གྱུར། །བོད་ཀྱི་རིན་པོ་ཆེ་ཞེས་རྒྱལ་པོས་བཀུར། །བོད་མི་རབ་བྱུང་ཀུན་གྱི་ཐོག་མ་ཡིན། །དེ་སོགས་བོད་ལ་རབ་བྱུང་བཏུབ་བམ་ཞེས། །སད་པའི་མི་དྲུག་དང་པོར་བསྙེན་པར་རྫོགས། །ཕྱིས་ནས་དགེ་སློང་དགེ་ཚུལ་རྒྱ་ཆེར་འཕེལ། །ཟ་ཧོར་ཁ་ཆེ་ཡུལ་དབུས་རྒྱ་སོགས་ནས། །པཎ་ཆེན་ཚད་ལྡན་མང་དུ་སྤྱན་དྲངས་ཏེ། །མཁས་པའི་ལོ་ཙཱ་དུ་མས་རྒྱ་གར་ནག །ལི་ཡུལ་སོགས་ནས་རྒྱལ་བའི་གསུང་རབ་ནི། །ཇི་སྙེད་བཞུགས་པ་ཕལ་ཆེར་བོད་དུ་བསྒྱུར། །”②ཅེས་བཀོད་པ་བཞིན་མཁན་པོ་ཞི་བ་འཚོ་བོད་ལ་གདན་དྲངས་རྗེས་བོད་མི་རྣམས་རབ་ཏུ་བྱུང་ནས་བསྟན་པའི་གཞི་ཚུགས་པ་ཡིན་ལ། དེ་ནས་མཁན་སློབ་དེ་དག་དང་བོད་ཀྱི་ལོ་ཙཱ་བ་ཀ་ཅོག་ཞང་གསུམ་སོགས་ཀྱིས་《འདུལ་བ་ལུང་སྡེ་བཞི་》བསྒྱུར་བས་མཚོན། མདོར་ན་ལོ་པཎ་དེ་དག་གིས་འདུལ་བའི་བཤད་པ་དང་ལག་ལེན་མཐའ་དག་ཐོག་མར་གསལ་བར་མཛད་དེ་བསྟན་པའི་གཞི་བཏིང་བ་ཡིན་འདུག །དེ་ལ་ཁྲི་སྲོང་ལྡེ་བཙན་སྐབས་ལོ་པཎ་གང་དག་གིས་དམ་ཆོས་གང་ཞིག་བསྒྱུར་བའི་ཐད་ལ་བོད་ཀྱི་ཆོས་འབྱུང་དང་ལོ་རྒྱུས་ཡིག་ཚང་རྣམས་ཞལ་མི་མཚུངས་མོད། དཔའ་བོ་གཙུག་ལག་ཕྲེང་བའི་《ཆོས་འབྱུང་མཁས་པའི་དགའ་སྟོན་》ལྟར་ན། བསམ་ཡས་གཙུག་ལག་ཁང་གྲུབ་རྗེས་ཐོག་མར་བོད་ཀྱི་རབ་བྱུང་བ་བྱུང་ཞིང་། དེ་དང་དུས་མཚུངས་སུ་བོད་ཕྲུག་མང་པོར་ལོ་ཙཱ་བསླབ་ཏུ་བཅུག་སྟེ་ཆོས་བསྒྱུར་བའི་དབུ་བརྩམས་པར་བཞེད་དེ། “སྔར་ཡེ་ཤེས་དབང་པོ་དང་སློབ་དཔོན་བོ་དྷི་སྭ་ཏས་གསོལ་བ་བཞིན་ཆོས་ལ་འཇུག་པར་ཆད་ནས་སྒྲ་བསྒྱུར་བཙུགས་ཏེ་ལོ་ཙཱ་བ་ཆེན་པོས་ནི་རྒྱ་གར་གྱི་ལོ་ཙཱ་བྱས། རྒྱ་ནག་པོའི་ལོ་ཙཱ་བྲན་ཀ་ལེགས་ཀོང་དང་། ལྷ་ལུང་ཀླུ་གོང་། འོག་གོམ་དབུས་གོང་། ཁྱུང་པོ་རྩེ་རྩེ་སོགས་ཀྱིས་བྱས།”① ཞེས་《རྦ་བཞེད་》ལས་ལུང་དྲངས་ཏེ་བཀོད་ཡོད། དེ་ལས་ཤེས་རྒྱུ་ནི་སྐབས་དེར་བོད་ལ་རྒྱ་གར་གྱི་སྐད་མཁས་པ་རྦ་ཡེ་ཤེས་དབང་པོ་དང་བཻ་རོ་ཙ་ན་སོགས་ལོ་ཙཱ་བ་ཆེན་པོ་མང་དུ་བཞུགས་པས་རྒྱ་གར་གྱི་ལོ་ཙཱ་བྱས་ཏེ་ཆོས་བསྒྱུར་བར་མ་ཟད། རྒྱ་ནག་གི་སྐད་ལ་མཁས་པའི་ལོ་ཙཱ་བ་ཡང་བྲན་ཀ་ལེགས་གོང་སོགས་མི་བཞིས་མཚོན་ཞིང་། དེས་སྐད་གཉིས་སྨྲ་བའི་ལོ་ཙཱ་བ་མང་པོ་བཞུགས་པའང་གསལ། ཡང་དེ་དག་གིས་ཆོས་གང་དང་གང་བསྒྱུར་བ་དང་གང་གང་མ་བསྒྱུར་བའི་སྐོར་ལ་དཔའ་བོ་གཙུག་ལག་ཕྲེང་བས་ 《རྦ་བཞེད་》ལས་ལུང་དྲངས་པ་འདི་ལྟར། “རྦ་བཞེད་རྒྱས་ཤོས་ལུགས་གཅིག་ལ་རྒྱ་ནག་པོའི་ཆོས་རྣམས་ཐོག་མར་བསྒྱུར། རྒྱ་དཀར་པོའི་ཆོས་ལ་ནང་རྒྱུད་དེ་གསུམ་ཤ་ཆང་ལ་ཡེངས་ཏེ་བོད་ལ་མི་འཚམས་པས་མ་བསྒྱུར། ཐམས་ཅད་ཡོད་སྨྲའི་སྡེ་བྱེ་བྲག་ཏུ་སྨྲ་བ་རྒྱུ་འབྲས་སྟོན་ཏེ་བོད་ལ་འཚམས་པར་མཁྱེན་ནས་བསྒྱུར། ཡེ་ཤེས་དབང་པོ་ལ་གསོལ་ཏེ། དང་པོ་ལུང་སྡེ་བཞི་ལས་ལུང་རིང་པོ་དང་གང་པོའི་རྟོགས་པ་བརྗོད་པ་ཉུང་ངུ་ཞིག་བསྒྱུར། མངོན་པ་ལ་ཉན་ཐོས་ཀྱི་ཀོ་ཥ་བསྒྱུར།”① ཅེས་ཆོས་དེ་དག་ལས་བོད་ལ་འཚམ་པའི་སྐོར་གང་གང་བསྒྱུར་ཚུལ་དང་བོད་ལ་མི་འཚམ་པའི་རིགས་རེ་ཞིག་མ་བསྒྱུར་བར་བཞག་གསུངས་འདུག་སྟེ། དེ་ནི་དོན་དངོས་དང་མཐུན་པའི་གཏམ་དུ་སྣང་འདུག །གང་ཞེ་ན། འཇིག་རྟེན་གྱི་ཆོས་དང་དངོས་པོ་གང་ཞིག་ཡིན་ནའང་སྐབས་དེའི་སྤྱི་ཚོགས་ལ་བསྟུན་དགོས་པར་མ་ཟད། སྤྱི་ཚོགས་དང་འཚམ་ནས་དེའི་རིན་ཐང་སྤྱི་ཚོགས་ཐོག་མཁོ་ཆེ་ཆུང་གིས་གཞལ་བ་ཡིན་སྟབས། དམ་པའི་ཆོས་ཀྱང་དེ་ལས་མ་བརྒལ་ཏེ་སྐབས་དེའི་བོད་སྤྱི་ཚོགས་ལ་དམིགས་ཏེ་འཚམ་པའི་རིགས་རྣམས་བསྒྱུར་ཅིང་མི་འཚམ་པའི་རིགས་མ་བསྒྱུར་བར་མངོན། དེའང་སངས་རྒྱས་བཅོམ་ལྡན་འདས་ཉིད་ཀྱིས་ཀྱང་འདུལ་བ་ཡུལ་དུས་དང་བསྟུན་པ་ཞེས་གསུངས་པ་དང་འགལ་བ་མེད་པའི་ཕྱིར་རོ །ཡང་《བུ་སྟོན་ཆོས་འབྱུང་》དུ། “གཞན་ཡང་རྒྱ་གར་གྱི་སློབ་དཔོན་བི་མ་ལ་མི་ཏྲ་དང་། སངས་རྒྱས་གསང་བ་དང་།ཤཱནྡི་གརྒྒ་དང་། བི་ཤུངྡྷ་སིདྷ་ལ་སོགས་པ་དང་། བོད་ཀྱི་ལོ་ཙཱ་བ་སད་མི་མི་བདུན་དང་། ཆོས་ཀྱི་སྣང་བ་དང་། བརྙེ་ནམ་མཁའ་དང་། སྒྲོ་རིན་ཆེན་སྡེ་དང་། རྣམ་པར་མི་རྟོག་པ་དང་། ཤཱཀྱ་འོད་ལ་སོགས་པས་ལོ་ཙཱ་བྱས་ཏེ་ཆོས་མང་པོ་བསྒྱུར་ཏོ། །” ཞེས་དང་། “སྔགས་འཆང་དྷརྨ་ཀིརྟི་ཞེས་པ་སྤྱན་དྲངས་ཏེ་ཡོ་ག་རྡོ་རྗེ་དབྱིངས་ལ་སོགས་པའི་དཀྱིལ་འཁོར་དུ་བདུད་འདུལ་སྔགས་པ་གླིང་དུ་དབང་བསྐུར། ཁ་ཆེའི་པཎྜི་ཏ་ཛ་ན་མི་ཏྲ་དང་། དཱ་ན་ཤི་ལ་ལ་སོགས་པས་རྣམ་དག་ཁྲིམས་ཁང་གླིང་དུ་ཁྲིམས་ཕོག །རྒྱའི་ཧྭ་ཤང་ལ་སོགས་པས་མི་གཡོ་བསམ་གཏན་གླིང་དུ་བསམ་གཏན་བྱེད། བརྡ་སྦྱོར་ཚངས་པ་གླིང་དུ་བརྡ་སྦྱོར། དཀོར་མཛོད་པེ་ཧར་གླིང་དུ་ནོར་འཇོག །བཻ་རོ་ཙ་ནའི་གླིང་དུ་ཆོས་འཆད་པ་སོགས་བསྟན་པ་ཡོངས་སུ་རྫོགས་པར་དར་བར་བྱས་ཏེ། །”①ཞེས་བཀོད་རྗེས་ལོ་པཎ་རྣམས་ཀྱིས་《དཀར་ཆག་ལྡན་དཀར་མ་》བསྒྲིགས་པར་གསུངས་འདུག །ལོ་རྒྱུས་མང་པོར་སྐབས་དེར་དམ་ཆོས་མང་དུ་བསྒྱུར་བ་ཕལ་ཆེར་ཞལ་མཚུངས་ལ། ཡང་《ཆོས་འབྱུང་མཁས་པའི་དགའ་སྟོན་》དུ། པཎྜི་ཏ་དང་བོད་ཀྱི་ལོ་ཙཱ་བ་མཁས་པ་དེ་དག་གིས་ཆོས་མང་དུ་བསྒྱུར་བས་མི་ཚད་བེ་རོ་ཙ་ནས་དོན་གསལ་སྒྲོན་མེས་མཚོན།རྦ་དཔལ་དབྱངས་དང་ཀ་བ་དཔལ་བརྩེགས་དང་ཅོག་རོ་ཀླུའི་རྒྱལ་མཚན། སློབ་དཔོན་ཤེས་རབ་སྙིང་པོ། སློབ་དཔོན་བཀྲ་ཤིས་དང་དཔལ་གྱི་ལྷུན་པོ། ལྕེ་ཁྱི་འབྲུག་སོགས་ལོ་ཙཱ་བ་ཆེན་པོ་རྣམས་ཀྱིས་བསྟན་བཅོས་མང་དུ་མཛད་པར་མ་ཟད། བཙན་པོ་དང་བཙུན་མོ་ལྷ་སྲས་བཅས་ཀྱིས་ཀྱང་བསྟན་བཅོས་མཛད་པར་གསུངས་ཤིང་། དེ་བདེན་ནམ་ཁྲི་སྲོང་ལྡེ་བཙན་དང་བཻ་རོ་ཙ་ན་ལྕེ་ཁྱི་འབྲུག་ལ་སོགས་པའི་མཚན《དཀར་ཆག་ལྡན་དཀར་མའི་》ནང་བཀོད་འདུག་པས་བརྟག་པར་བྱ་བའི་གནས་སོ། ། 
            སྐབས་དེར་བྱུང་བའི་བོད་ཀྱི་ལོ་ཙཱ་བ་གྲགས་ཆེན་ནི་རྒན་དར་གཞོན་གསུམ་མམ་རབ་འབྲིང་ཐ་གསུམ་དུ་འབོད་པའི་བེ་རོ་ཙ་ན་དང་ལྡན་མ་རྩེ་མང་། ཁ་ཆེ་ཨནནྟ་ལྟོ་གསུམ་ནི་རྒན་གསུམ་དང་། གཉག་ཡེ་ཤེས་གཞོན་ནུ། འཁོན་ཀླུའི་དབང་པོ། རྨ་རིན་ཆེན་མཆོག་གསུམ་ནི་དར་མའམ་འབྲིང་གསུམ་དང་། ཀ་བ་དཔལ་བརྩེགས་དང་ཅོག་རོ་ཀླུའི་རྒྱལ་མཚན། ཞང་ཡེ་ཤེས་སྡེ་སྟེ་ཡོངས་གྲགས་ཀྱི་ཀ་ཅོག་ཞང་གསུམ་ནི་གཞོན་གསུམ་དུ་བགྲང་བ་ཡིན་ལ།  དེར་རྒན་དར་གཞོན་གསུམ་དུ་ཕྱེ་བ་ནི་ལོ་ཙྭ་བའི་ལོ་ཚད་ཀྱི་ཆེ་ཆུང་ཙམ་སྟོན་པ་མ་ཡིན་ཏེ།  དེ་ནི་ལོ་ཙྭ་བ་ཞེས་འཇིག་རྟེན་མིག་ཏུ་གྲགས་པའི་མཁས་པའི་ཡོན་ཚད་མཚོན་བྱེད་དེ་དེང་སང་གི་ཆེད་ལས་མཁས་པའི་མིང་རྟགས་དང་གོ་གནས་མཐོ་དམའ་ལ་ཟེར་བ་དང་མཚུངས་པས། དེ་དག་གི་ལས་འགན་ཡང་རབ་ཀྱིས་ཞུས་ཆེན་དང་འབྲིང་གིས་བར་ཞུས།  ཐ་མས་མཆན་བུའི་ལོ་ཙྭ་བཅས་བྱས་པའི་ཕྱིར་རོ། །
            མདོར་ན་བཙན་པོ་ཁྲི་སྲོང་ལྡེ་བཙན་རིང་རྒྱ་གར་དང་།  རྒྱ་ནག །  ཟ་ཧོར།  ཨུ་རྒྱན།  ཁ་ཆེ་དང་ལི་ཡུལ་སོགས་ནས་མཁས་པ་པཎྜི་ཏ་དང་སློབ་དཔོན་མང་དུ་གདན་དྲངས་རྗེས།   བོད་རང་ལ་རབ་བྱུང་གི་སྡེ་བཙུགས་ནས་སྐད་གཉིས་སྨྲ་བའི་ལོ་ཙྭ་བ་མཁས་པ་མང་པོ་བྱོན་ཏེ།  དམ་པའི་ཆོས་མང་པོ་སྐད་རིགས་གཞན་པ་ལས་བོད་སྐད་དུ་བསྒྱུར་བར་མ་ཟད།   བཙན་པོ་འདིའི་སྐུ་རིང་ལ་མཁས་པ་ཞི་བ་འཚོ་དང་།  རྦ་ཡེ་ཤེས་དབང་པོ།  ཞང་རྒྱལ་གཉེན་ཉ་བཟང་།  བློན་ཁྲི་བཞེར་སང་ཤི་དང་།  ལོ་ཙྭ་བ་སྣ་ནམ་ཞང་ཡེ་ཤེས་སྡེ་དང།  ལྕེ་ཁྱི་འབྲུག་དང་།  ཁ་ཆེ་ཨནནྟའམ་བྲམ་ཟེ་དགའ་བ་(ཞི་བ་འཚོའི་སྐད་བསྒྱུར་པ་ཡིན་)བཅས་ཀྱིས་མདོ་སྡེ་བསྒྱུར་ཏེ་བོད་ཀྱི་ལོ་རྒྱུས་སྟེང་དམ་ཆོས་བསྒྱུར་བའི་བཀས་བཅད་དང་པོའམ་ཡིག་བསྒྱུར་རྩ་དོན་ཐོག་མར་ཚད་ལྡན་ཅན་དུ་གཏན་ལ་ཕབ་པ་ཡིན་ཞིང་།  ཚུལ་དེའང་《སྒྲ་སྦྱོར་བམ་གཉིས་》སུ།“སྔོན་ལྷ་སྲས་ཡབ་ཀྱི་སྤྱན་སྔར་མཁན་པོ་དང་ལོ་ཙྭ་བ་མཁས་པ་འཚོགས་པས།  དྷརྨ་དཀོན་མཆོག་སྤྲིན་དང་ལང་ཀར་གཤེགས་པ་བསྒྱུར་ཏེ། གཏན་ལ་ཕབ་པའི་ལུགས་བཞིན་དུ་སྒྱུར་ཅིག”①ཅེས་བཀོད་པ་བཞིན་ཕྱིས་སུ་བཙན་པོ་ཁྲི་ལྡེ་སྲོང་བཙན་གྱིས་བཀས་བཅད་གཉིས་པ་མཛད་སྐབས།  སྔར་ཡབ་ཀྱི་རིང་ལ་གཏན་ལ་ཕབ་པའི་ལུགས་བཞིན་གསར་སྣོན་དང་ཚད་ལྡན་ཇེ་རྒྱས་སུ་བཏང་བ་ཡིན་འདུག་གོ །
            སྐབས་དེ་དག་ལ་ད་དུང་འཆད་ཉན་གྱིས་དར་སྤེལ་དང་སྒོམ་སྒྲུབ་ཀྱིས་ཉམས་ལེན་མཛད་པའི་སྐྱེས་བུ་མང་དུ་བྱོན་ཡོད་པ་ཡིན་ལ། དེ་ལས་བཅོམ་ལྡན་འདས་ཀྱི་རིང་ལུགས་པ་སྟེ་མཁན་པོ་དང་། མཆིམས་ཕུའི་བྲག་ལ་བཞུགས་པའི་སྒོམ་ཆེན་ཉེར་ལྔ། ཆོས་གྲྭའི་སློབ་དཔོན་དུ་བསྐོས་པ་བཅུ་གསུམ། སློབ་གཉེར་པ་ཉེར་ལྔ་དང་མཚམས་ཀྱི་བནྡེ་རང་ག་མ་བཅས་ལ་བཙན་པོས་འཚོ་བ་བླ་ནས་སྦྱར་བ་དང་། དེ་དག་ལ་འབངས་མི་ཁྱིམ་གཏན་འཇགས་བཅད་པས། དེ་ནས་བཟུང་རིམ་གྱིས་བོད་ཀྱི་དགོན་སྡེ་ལ་ལྷ་རིས་ལྷ་འབངས་གཅོད་པའི་སྲོལ་བྱུང་བ་ཡིན་ནོ། །  
            བཙན་པོ་ཁྲི་སྲོང་ལྡེ་བཙན་ལ་སྲས་བཞི་འཁྲུངས་པ་ཐོག་མར་མུ་ནེ་བཙན་པོ་རྒྱལ་སྲིད་ལ་བསྐོས་ཀྱང་སྲིད་ཡུན་མ་རིང་། དེ་ནས་སྲས་མུ་ཏིག་བཙན་པོའམ་ཡོངས་གྲགས་སུ་སད་ན་ལེགས་མཇིང་ཡོན་ཞུ་བ་མཚན་དངོས་ཁྲི་ལྡེ་སྲོང་བཙན་བྱ་བ་རྒྱལ་སར་བསྐོས། སྤྱིར་བཙན་པོ་འདི་པ་བོད་ཀྱི་ལོ་རྒྱུས་སྟེང་ཆོས་སྲིད་གཉིས་ཀར་མཛད་རྗེས་ཆེ་ཞིང་བོད་ཀྱི་བཙན་པོ་སྐྱིད་པའི་གདུང་རབས་ལྔར་གྲགས་པའི་གྲས་ཡིན་མོད། འོན་ཏེ་《བུ་སྟོན་ཆོས་འབྱུང་》གཙོ་བྱས་པའི་ཕྱིས་ཀྱི་རྒྱལ་དབང་ལྔ་པ་ཆེན་མོ་སོགས་ཀྱིས་ཡབ་སྲས་གཉིས་ཀྱི་མཚན་བསྲེས་ཏེ་བཙན་པོ་འདི་པའི་མཛད་རྗེས་ཟུར་ཙམ་ལས་གླེངས་མེད་ལ། ཆོས་སྲིད་ཀྱི་མཛད་པ་མང་པོ་ཞིག་སྲས་ཁྲི་གཙུག་ལྡེ་བཙན་རལ་པ་ཅན་གྱི་སྟེང་དུ་སྦྱར་འདུག །《བུ་སྟོན་ཆོས་འབྱུང་》དུ་ཁྲི་སྲོང་ལྡེ་བཙན་གྱི་སྐབས་སོང་རྗེས། “དེའི་སྲས་མུ་ནེ་བཙན་པོས་་་་་་དེ་ནས་གཅུང་ཁྲི་ལྡེ་བཙན་པོ་ལོ་བཞི་པ་ལ་རྒྱལ་སྲིད་གཏད་པས་སད་ན་ལེགས་ཞེས་གྲགས་ཏེ་དེས་སྐར་ཆུང་རྒྱལ་སྡེ་བཞེངས། ཆོས་སྲོལ་ཆེར་མཛད་དོ། །”① ཞེས་བཙན་པོའི་མཚན་ཆ་ཤས་ཁྲི་ལྡེ་བཙན་པོ་ཞེས་མཛད་རྗེས་ཚིག་ཟུར་ཙམ་ལས་བཀོད་མེད་ལ། དེའི་འཕྲོར་ཡབ་སྲས་མིང་བསྲེས་ཏེ་“དེ་ལ་སྲས་ལྔ་འཁྲུངས་ཏེ་ཁྲི་ལྡེ་སྲོང་བཙན་རལ་པ་ཅན་”ཞེས་བཀོད་རྗེས། 《སྒྲ་སྦྱོར་བམ་གཉིས་》ཁྲི་རལ་སྐབས་བྱུང་བ་གཞིར་བཞག་གནང་སྟེ་《སྒྲ་སྦྱོར་བམ་གཉིས་》ཀྱི་གླེང་གཞིའི་ཚིག་རྣམས་བར་འདིར་བཅུག་འདུག །འོན་ཀྱང་དེ་ཡང་སྔ་རབས་མཁས་པ་ཐམས་ཅད་ཀྱི་བཞེད་པ་མ་ཡིན་ཏེ། 《ཆོས་འབྱུང་མཁས་པའི་དགའ་སྟོན་》དུ། “དེ་ནས་ཁྲི་ལྡེ་སྲོང་བཙན་རྒྱལ་སར་བསྐོས། །འཇིང་ཡོན་སད་ན་ལེགས་ཞེས་མཚན་དུ་གྲགས། །དཀར་ཆུང་རྡོ་རྗེ་དབྱིངས་ཀྱི་ལྷ་ཁང་བཞེངས། །ལོ་པཎ་མང་མཆོད་དམ་ཆོས་དུ་མ་བསྒྱུར། །ནམ་ཡང་སངས་རྒྱས་བསྟན་པ་མི་བཞིག་པར། །བྲོ་བོར་བ་ཡི་བཀའ་གཙིགས་ཡང་ཡང་བསྩལ། །ལོ་གྲངས་སུམ་ཅུ་རྩ་གཉིས་སྲིད་བསྐྱངས་ཏེ། །དགུང་ལོ་ང་བཞི་པ་ལ་སྦྲགས་ཕུར་འདས། །”① ཞེས་གསལ་པོར་བཀོད་པར་མ་ཟད། བཙན་པོ་འདིའི་རིང་གི་བཀའ་གཙིགས་ཀྱི་ཡི་གེ་རྣམས་ཁ་ཚང་རང་གི་ཆོས་འབྱུང་ནང་དུ་དྲངས་འདུག །
            ཡང་བོད་ཀྱི་ལོ་རྒྱུས་སྔ་ཤོས་ཀྱི་གྲས་མཁས་པ་ལྡེའུས་མཛད་པའི་《རྒྱ་བོད་ཀྱི་ཆོས་འབྱུང་རྒྱས་པ་》ཞེས་པར། “ཁྲི་སྲོང་ལྡེ་བཙན་དང་ཚེ་སྤོང་བཟའ་དམར་རྒྱན་གྱི་སྲས། མུ་ནེ་བཙན་པོ། མུ་ཏིག་བཙན་པོ། ཁྲི་ལྡེ་སྲོང་བཙན།”② ཞེས་སྲས་གསུམ་གྱི་མཚན་བཀོད་པ་ལས་ཁྲི་ལྡེ་སྲོང་བཙན་ཞེས་གསལ་པོར་བཀོད་ཡོད་ལ། འདིར་མུ་ཏིག་བཙན་པོ་ཞེས་པ་ནི་ཡི་གེ་ནོར་བ་སྟེ་ཁྲི་ལྡེ་སྲོང་བཙན་སྐབས་ཀྱི་རྡོ་རིང་ཡི་གེ་ན་“གཅེན་མི་རུག་”ཅེས་འབྱུང་བ་ལྟར་མུ་རུག་བཙན་པོ་ཡིན་དགོས། 《དེབ་སྔོན་》དུ་རྒྱལ་རབས་བགྲང་སྐབས་ཀྱང་། “ཁྲི་སྲོང་ལྡེ་བཙན།མུ་ནེ་བཙན་པོ། ཁྲི་ལྡེ་སྲོང་བཙན། རལ་པ་ཅན།”ཞེས་རྒྱལ་རབས་བཞིའི་ཡབ་སྲས་དབོན་གསུམ་གྱི་མཚན་རྣམས་གསལ་པོར་བཀོད་ཡོད། དེ་མ་ཟད། སྒྲ་སྦྱོར་བམ་གཉིས་རང་ལས། “རྟའི་ལོ་ལ་བཙན་པོ་ཁྲི་ལྡེ་བསྲོང་ཙན་ཕོ་བྲང་གིའི་འོན་ཅང་རྡོ་ན་བཞུགས།་་་་་་ཉི་འོག་གི་མཁན་པོ….. ”①ཞེས་སྒྲ་སྦྱོར་བམ་གཉིས་སམ་བཀས་བཅད་མཛད་པའི་ལོ་དང་བཙན་པོའི་མཚན། མཁན་པོ་དང་ལོ་ཙཱ་བ་བཅས་ཀྱི་མཚན་རེ་རེ་བཞིན་གསལ་པོར་བཀོད་འདུག །དེ་མིན་ཡང་ཁྲི་གཙུག་ལྡེ་བཙན་རལ་པ་ཅན་གྱི་རིང་གི་རྡོ་རིངས་ཡི་གེ་ནའང་“བཙན་པོ་ཡབ་ལྷ་འཕྲུལ་ཁྲི་ལྡེ་སྲོང་བཙན་གྱི་ཞལ་སྔ་ནས།”②ཞེས་རང་གི་ཡབ་ཀྱི་མཚན་གསལ་པོར་རྡོ་ལ་རི་མོ་བརྐོས་ཡོད་པ་འདི་རྣམས་དག་པར་འདུག་གོ།  
            དེས་ན་བཙན་པོ་འདི་པའང་སྔོན་བྱོན་མཁས་དབང་རྣམས་ཀྱིས་གསུངས་པ་བཞིན་ཆོས་སྲིད་ཀྱི་མཛད་རྗེས་དང་ཆོས་སྲོལ་རྒྱ་ཆེར་གནང་མཁན་གྱི་རྒྱལ་པོ་ཞིག་ཡིན་པར་མ་ཟད། ཆོས་ཕྱོགས་སུ་མུ་མཐུད་ནས་ཡབ་ཁྲི་སྲོང་ལྡེ་བཙན་གྱི་ཕྱག་རྒྱུན་བསྐྱངས་ཏེ་གཙུག་ལག་ཁང་བཞེངས་པ་དང་དམ་ཆོས་མི་བཤིག་པར་བྲོ་བོར་བ་སོགས་ཀྱིས་མཚོན་ལོ་པཎ་མང་པོ་གདན་དྲངས་ཏེ་དམ་ཆོས་སྤེལ་བ་ཡིན་འདུག །ཁྱད་པར་དུ་མཛད་རྗེས་འབུར་དུ་ཐོན་པ་མིག་མཐོང་ལག་ཟིན་དུ་ཡོད་པ་ནི་བོད་ཀྱི་ལོ་རྒྱུས་སྟེང་སྐད་གྲགས་ཆེ་ཞིང་ཤུགས་རྐྱེན་ཟབ་པའི་བཀས་བཅད་གཉིས་པའམ་སྐད་གསར་བཅད་མཛད་པ་སྟེ། བཙན་པོའི་བཀས་དངོས་སུ་བསྐུལ་ནས་བཀས་བཅད་ཀྱི་རྩ་དོན་ཡིག་ཆ་གཞུང་ལུགས་དང་ལྡན་པ་《སྒྲ་སྦྱོར་བམ་གཉིས་》དང་ས་བོད་སྐད་གཉིས་ཤན་སྦྱར་གྱི་ཚིག་མཛོད་《བྱེ་བྲག་རྟོག་བྱེད་ཆེན་མོ་》གཉིས་རྩོམ་སྒྲིག་གནང་བ་ནི་ད་ལྟའི་བར་ང་ཚོའི་མཇལ་ཡུལ་དུ་བཞུགས་པ་འདི་ཡིན་ནོ། །  

གསུམ་པ། བཀའ་བསྟན་གྱི་དཀར་ཆག་དང་བཀས་བཅད་སྐོར།
            དེ་ཡང་བསྟན་པ་སྔ་དར་སྐབས་སུ་བོད་ལ་བཀའ་བསྟན་གྱི་དཀར་ཆག་ཆེན་པོ་གསུམ་①ཙམ་བྱུང་བའི་གསུང་རྒྱུན་མཁས་པ་སྔ་རབས་པ་རྣམས་ལ་གྲགས་ཆེ་ནའང་། ད་ལྟ་ང་ཚོའི་མཇལ་ལམ་དུ་གྱུར་པ་ནི་ 《དཀར་ཆག་ལྡན་དཀར་མ་》གཅིག་པུ་ལས་ལུས་མེད། ཡང་དཀར་ཆག་དེ་དག་བཙན་པོ་གང་གི་རིང་བྱུང་ཚུལ་དང་གསུམ་གའི་སྔ་ཕྱི་གང་ཡིན་བཅས་ཀྱི་ཐད་ལ། སྔོན་བྱོན་མཁས་པ་རྣམས་ཀྱང་བཞེད་པ་མི་མཐུན་པར་མ་ཟད། དེང་གི་དཔྱོད་དབང་རྣམ་པའང་རང་རང་ལ་བཞེད་པ་མི་མཐུན་པ་ཡོད། སྔོན་བྱོན་པའི་གསུང་《བུ་སྟོན་ཆོས་འབྱུང་》དང་《མཁས་པའི་དགའ་སྟོན།》 《སུམ་པ་ཆོས་འབྱུང་》སོགས་སུ་བཙན་པོ་ཁྲི་སྲོང་ལྡེ་བཙན་རིང་བྱུང་བར་བཀོད་ལ། སི་ཏུ་ཆོས་ཀྱི་འབྱུང་གནས་ཀྱིས་བརྩམས་པའི་སྡེ་དགེ་བཀའ་འགྱུར་དཀར་ཆག་ཏུ་བཙན་པོ་ཁྲི་ལྡེ་སྲོང་བཙན་སད་ན་ལེགས་ཀྱི་སྐབས་སུ་བྱུང་བར་བཞེད། དཀར་ཆག་དེ་ཉིད་དུ་བསྟན་པ་སྔ་དར་གྱི་དུས་སུ་ཆོ།ས་ཀྱི་རྒྱལ་པོ་སད་ན་ལེགས་མཇིང་ཡོན་གྱི་སྐུ་རིང་ལ། ལོ་ཙཱ་བ་བནྡེ་དཔལ་བརྩེགས་རཀྵྀ་ཏ། ཆོས་ཀྱི་སྙིང་པོ། དེཝེནྡྲ། དཔལ་གྱི་ལྷུན་པོ་སོགས་ཀྱིས་འཕང་ཐང་ཀ་མེད་ཀྱི་གཙུག་ལག་ཁང་དུ་བཞུགས་པའི་གསུང་རབ་རྣམས་ལ། ཚེག་བར་བརྒྱད་བརྒྱད་ལ་ཚིག་རྐང་རེ་རེ། དེ་བཞི་ལ་ཤླཽ་ཀ །དེ་སུམ་བརྒྱ་ལ་སོགས་པ་ལ་བམ་པོའི་ཚད་དུ་བྱས་ཏེ་གྲངས་འདི་དང་འདིའི་ཞེས་བཀོད་པ་《དཀར་ཆག་འཕང་ཐང་མ་》རུ་གྲགས་པ་སྟེ། གངས་ཅན་འདིར་རྒྱལ་བའི་བཀའ་འགྱུར་རོ་ཅོག་ཕྱོགས་གཅིག་ཏུ་བསྒྲིགས་པའི་ཐོག་མ་ནི་འདི་ཡིན་ཞེས་ཡོངས་སུ་གྲགས་ལ། དེའི་རྗེས་སུ་ལོ་ཙཱ་བ་དཔལ་བརྩེགས་དང་འཁོན་ནཱ་གེནྡྲ་རཀྵི་ཏ་སོགས་ཀྱིས་སྟོང་ཐང་ལྡན་དཀར་གྱི་ཕོ་བྲང་ཆེན་པོ་ན་བཞུགས་པའི་གསུང་རབ་ཞུས་ཆེན་མཛད་ཟིན་པ་རྣམས་ཕྱོགས་གཅིག་ཏུ་བསྒྲིགས་ནས་དཀར་ཆག་མཛད་པ་ལ་《ལྡན་དཀར་མ་》རུ་གྲགས་པ་བྱུང་།① ཞེས་རྒྱས་ཙམ་ཞིག་བཀོད་འདུག་ལ། 《དཀར་ཆག་ལྡན་དཀར་མ་》རང་ཉིད་དུ། “བོད་ཀྱི་རྒྱལ་ཁམས་སུ་དམ་པའི་ཆོས་འགྱུར་རོ་འཚལ་གྱི་མཚན་བྱང་དཀར་ཆག་བྲིས་ཤིག་ཅེས་བཅོམ་ལྡན་འདས་ཀྱི་རིང་ལུགས་ཀྱི་འདུན་ས་ནས། འབྲུག་གི་ལོ་ལ་ཕོ་བྲང་ལྡན་དཀར་ན་བཞུགས་པའི་སྟོན། སྒྲ་བསྒྱུར་གྱི་བནྡེ་དཔལ་བརྩེགས་དང་བནྡེ་ཀླུའི་དབང་པོ་ལ་སོགས་པས་དམ་པའི་ཆོས་ཐེག་པ་ཆེ་ཆུང་གི་མདོ་སྡེ་དང་། གཟུངས་ཆེ་ཕྲ་དང་།མཚན་བརྒྱ་རྩ་བརྒྱད་དང་། བསྟོད་པ་དང་། སྨོན་ལམ་དང་། བཀྲ་ཤིས་དང་། འདུལ་བའི་སྡེ་སྣོད་དང་། མདོ་སྡེའི་ཊིཀྐ་དང་། དབུ་མའི་བསྟན་བཅོས་དང་། བསམ་གཏན་གྱི་ཡི་གེ་དང་། རྣམ་པར་ཤེས་པའི་བསྟན་བཅོས་དང་། ཏར་ཀའི་གཞུང་ལ་སོགས་པ་བོད་ཁམས་སུ་ཆོས་འགྱུར་རོ་འཚལ་གྱི་མཚན་བྱང་བམ་པོ་དང་ཤླཽ་ཀའི་གྲངས་སུ་མཆིས་པ་གཏན་ལ་ཕབ་ནས་ཡི་གེར་བྲིས་པ།”ཞེས་དང་། དེའི་མཇུག་བྱང་དུ། “གསུང་རབ་མདོ་སྡེ་དང་བསྟན་བཅོས་ཐམས་ཅད་ལ་ཤླཽ་ཀ་དང་བམ་པོའི་གྲངས་གཏན་ལ་ཕབ་སྟེ་ཞུ་ཆེན་ཟིན་ཏོ་འཚལ་ཐམས་ཅད་འབྲུག་གི་ལོ་ལ་ཕོ་བྲང་ལྡན་དཀར་དུ་མཚན་བྱང་དཀར་ཆག་ཏུ་བཏབ་པ་   རྫོགས་སོ། །”①ཞེས་དཀར་ཆག་སྒྲིག་གནས་ཕོ་བྲང་ཆེན་པོ་ལྡན་དཀར་དང་།སྒྲིག་མཁན་སྒྲ་བསྒྱུར་གྱི་བནྡེ་དཔལ་བརྩེགས་དང་ཀླུའི་དབང་པོ་གཉིས་དང་། སྒྲིག་ལོ་འབྲུག་གི་ལོ་ཞེས་གསལ་པོར་བཀོད་ཡོད་ནའང་། འོན་ཏེ་“བྲིས་ཤིག་ཅེས་”བཀས་སྐུལ་མཁན་བཙན་པོ་སུ་ཡིན་པའི་ཐད་ཚིག་ཟུར་ཙམ་ཡང་མ་སྨྲས་པའི་རྐྱེན་གྱིས་ཕྱིས་ཀྱི་མཁས་པ་རྣམས་ལ་བཞེད་དགོངས་མི་མཐུན་པ་འདྲ་མིན་བྱུང་བ་རེད། དེ་ལ་དེང་གི་དཔྱོད་དབང་ཁང་དཀར་ཚུལ་ཁྲིམས་སྐལ་བཟང་ལགས་ཀྱིས་ཕྱོགས་དུ་མ་ནས་སྒྲུབ་བྱེད་བཙལ་ཏེ་《དཀར་ཆག་ལྡན་དཀར་མ་》བཙན་པོ་ཁྲི་གཙུག་ལྡེ་བཙན་རལ་པ་ཅན་གྱི་སྐབས་སུ་བྱུང་བར་གསུངས་②ཡོད་མོད།འོན་ཀྱང་བསམ་མནོ་གཏང་དགོས་པའི་གནས་ཤིག་འདུག་སྟེ།དཀར་ཆག་རང་ཉིད་དུ་གཙོ་སྒྲིག་གནང་མཁན་ནི་“སྒྲ་བསྒྱུར་གྱི་བནྡེ་དཔལ་བརྩེགས་དང་བནྡེ་ཀླུའི་དབང་པོ་ལ་སོགས་པས་”ཞེས་ལོ་ཙཱ་བ་ཁོང་རྣམ་པ་གཉིས་ཀྱི་མཚན་གསལ་པོར་བཀོད་ཡོད། དེར་བཀོད་པའི་བནྡེ་དཔལ་བརྩེགས་དང་ཀླུའི་དབང་པོ་གཉིས་ནི་ཡོངས་གྲགས་ཀྱི་ཀ་བ་དཔལ་བརྩེགས་དང་འཁོན་ཀླུའི་དབང་པོ་གཉིས་ཡིན་པར་དོགས་པ་མི་དགོས་འདུག། དེས་ན་ཀ་བ་དཔལ་བརྩེགས་ནི་ཁྲི་སྲོང་ལྡེ་བཙན་སྐབས་ཀྱི་ལོ་ཙཱ་བ་ཆེ་དགུའི་ནང་གི་ཆུང་བ་ཀ་ཅོག་ཞང་གསུམ་གྱི་གྲས་ཡིན་ཚུལ་གོང་དུ་སོང་ཟིན་ལ་ཁོང་རྗེ་འབངས་ཉེར་ལྔའི་གྲས་སུའང་བཞུགས། འཁོན་ཀླུའི་དབང་པོ་ནི་ཡོངས་གྲགས་ཀྱི་སད་མི་མི་བདུན་གྱི་གྲས་དང་ལོ་ཙཱ་བ་ཆེ་དགུའི་ནང་གི་བར་པ་གསུམ་གྱི་གྲས་ཡིན་པ་བཅས་ཀྱིས་ཁོང་རྣམ་གཉིས་རྒྱལ་རབས་གསུམ་ལ་དབོན་གྱི་བར་དུ་འཚོ་བཞུགས་མི་སྲིད་ལ། ཡང་གོང་གི་ལུང་དྲངས་པའི་ནང་“བཅོམ་ལྡན་འདས་ཀྱི་རིང་ལུགས་ཀྱི་འདུན་ས་ནས་”ཞེས་སྤྱིར་བཏང་མཁན་པོའི་མིང་ལ་ཁྲི་སྲོང་ལྡེ་བཙན་རིང་གི་སྐད་དོད་ཇི་བཞིན་བྲིས་ཡོད་ལ། ཕྱིས་ཁྲི་ལྡེ་སྲོང་བཙན་སྐབས་《སྒྲ་སྦྱོར་བམ་གཉིས་》སུ་ཐད་དཀར་མཁན་པོ་ཞེས་བྲིས་ཡོད་པ་ལས་ཐ་སྙད་འདི་མཐོང་རྒྱུ་མེད་པ་བཅས་ལ་གཞིགས་ན། 《དཀར་ཆག་ལྡན་དཀར་མ་》ནི་བཙན་པོ་ཁྲི་སྲོང་ལྡེ་བཙན་གྱི་སྐུ་ཚེ་སྨད་དམ་སྲས་ཁྲི་ལྡེ་སྲོང་བཙན་གྱི་སྐུ་ཚེ་སྟོད་དེ་བཀས་བཅད་བར་པ་མ་བྱུང་གོང་ལ་བསྒྲིགས་པ་ཡིན་ཤས་ཆེའོ ། །
            སྤྱིར་བཙན་པོ་ཁྲི་ལྡེ་སྲོང་བཙན་སད་ན་ལེགས་མཇིང་ཡོན་གྱི་སྐུ་རིང་ལ་བཀས་བཅད་གཉིས་པ་མཛད་དེ། བཙན་པོའི་བཀས་བསྐུལ་ནས་ལོ་པཎ་རྣམས་ཀྱིས་《སྒྲ་སྦྱོར་བམ་གཉིས་》རྩོམ་སྒྲིག་གནང་བ་ཡིན་འདུག་མོད། འོན་ཏེ་གོང་དུ་ཞུས་པ་བཞིན་བུ་སྟོན་སོགས་ཀྱིས་བཙན་པོ་ཡབ་སྲས་ཀྱི་མཚན་བསྲེས་པའི་རྐྱེན་གྱིས་ཕྱིས་ལོ་རྒྱུས་མང་པོར་བཀས་བཅད་གཉིས་པ་དང་《སྒྲ་སྦྱོར་བམ་གཉིས་》ནི་བཙན་པོའི་སྲས་ཁྲི་གཙུག་ལྡེ་བཙན་རལ་པ་ཅན་གྱི་སྐབས་སུ་བྱུང་བར་བཞེད་མཁན་བྱུང་། དེའི་སྐོར་《སྒྲ་སྦྱོར་བམ་གཉིས་》རང་ལ་གཟིགས་ན་གསལ་པོར་ཤེས་པར་འགྱུར་བས་འདིར་ཅུང་ཟད་དྲངས་ན། དེ་ཉིད་ལས། “རྟའི་ལོ་ལ་བཙད་པོ་ཁྲི་ལྡེ་སྲོང་བཙན་ཕོ་བྲང་གིའི་འོན་ཅང་རྡོ་ན་བཞུགས།་་་་་ཉི་འོག་གི་མཁན་པོ་ཨཱ་ཙརྱ་ཛི་ན་མི་ཏྲ་དང་། སུ་རནྡྲ་བོ་དྷི་དང་། ཤི་ལེནྡྲ་བོ་དྷི་དང་། དཱ་ན་ཤི་ལ་དང་། བོ་དྷི་མི་ཏྲ་དང་།”ཞེས་རྒྱ་གར་གྱི་མཁན་པོ་ལྔ་དང་། “བོད་ཀྱི་མཁན་པོ་རདྷ་རནྟ་རཀྵི་ཏ་དང་། དྷིརྨ་ཏཱ་ཤཱི་ལ་དང་།”ཞེས་བོད་རང་གི་མཁན་པོ་གཉིས།“ལོ་ཙཱ་བ་མཁས་པར་ཆུད་པ་ཛྙཱ་ན་སེ་ན་དང་། ཛ་ཡང་རཀྵི་ཏ་དང་། མཉྫཱ་ཤྲཱི་ལྦརྨྨ་དང་། རཏྣ་ནྡྲ་ཤྲཱི”ཞེས་བོད་པ་ལོ་ཙཱ་བ་མཁས་པ་མི་བཞི་སྟེ།“དེ་ལ་སོགས་པས་ཐེག་པ་ཆེ་ཆུང་ལས་འབྱུང་བའི་རྒྱ་གར་གྱི་སྐད་ལས་བོད་ཀྱི་སྐད་དུ་བསྒྱུར་ཅིང་མིང་དུ་བཏགས་པ་རྣམས་དཀར་ཆག་ཏུ་བྲིས་ཏེ། ནམ་དུ་ཡང་གཞུང་ལུགས་དེ་ལས་མི་བསྒྱུར་ཞིང་ཀུན་གྱིས་བསླབ་ཏུ་རུང་བར་གྱིས་ཤིག་ཅེས་བཀའ་སྩལ་ནས། སྔོན་ལྷ་སྲས་ཡབ་ཀྱི་རིང་ལ། ཨཱ་ཙརྱ་བོདྷི་སཏྭ་དང་། ཡེ་ཤེས་དབང་པོ། ཞང་རྒྱལ་ཉེན་ཉ་བཟང་དང་། བློན་ཁྲི་བཞེར་སང་ཤི་དང་། ལོ་ཙཱ་བ་ཛྙཱ་ན་དེ་བ་ཀོ་ཥ་དང་། ལྕེ་ཁྱི་འབྲུག་དང་། བྲམ་ཟེ་ཨནནྟ་ལ་སོགས་པས་ཆོས་ཀྱི་སྐད་བོད་ལ་མ་གྲགས་པ་ལས་མིང་དུ་བཏགས་པ་མང་དག་ཅིག་མཆིས་པའི་ནང་ནས་ཁ་ཅིག་ཆོས་ཀྱི་གཞུང་དང་། བྱཱ་ཀ་ར་ཎའི་ལུགས་དང་མི་མཐུན་ཏེ། མི་བཅོས་སུ་མི་རུང་བ་རྣམས་ཀྱང་བཅོས།”① ཞེས་གླེང་གཞིར་བཀོད་པའི་ནང་བཀས་བཅད་མཛད་པའི་ལོ་ནི་རྟ་ལོ་དང་། ཕོ་བྲང་བཞུགས་གནས་འོན་ཅང་རྡོ་དང་བཙན་པོའི་མཚན་ཁྲི་ལྡེ་སྲོང་བཙན་ཞེས་གསལ་བར་མ་ཟད། སྐབས་དེར་བཞུགས་པའི་མཁན་པོ་དང་ལོ་ཙཱ་བ་བཅས་ཀྱི་མཚན་རེ་རེ་བཞིན་གསལ་པོར་བཀོད་འདུག་པ་དེ་ཡིན། ཡང་“སྔོན་ལྷ་སྲས་ཡབ་ཀྱི་རིང་”ཞེས་པ་ནི་ཡབ་བཙན་པོ་ཁྲི་སྲོང་ལྡེ་བཙན་རིང་གི་མཁན་པོ་ཞི་བ་འཚོ་དང་རྦ་ཡེ་ཤེས་དབང་པོ་སོགས་རྒྱ་བོད་ཀྱི་ལོ་པཎ་བདུན་གྱི་མཚན་སྨོས་ཡོད་པ་ལས་ཀྱང་བཙན་པོ་འདི་གཉིས་ཡབ་སྲས་ཡིན་པ་ངོ་འཕྲོད། དེ་མ་ཟད་བཀས་བཅད་མཛད་ཚུལ་ཡང་《སྒྲ་སྦྱོར་བམ་གཉིས་》རང་དུ། “གནའི་མཁན་པོ་ཆེན་པོ་ནཱ་གཱ་རྫུ་ན་དང་། བ་སུ་བནྡྟུ་ལ་སོགས་པས་ཇི་ལྟར་བཤད་པ་དང་། བྱཱ་ཀ་ར་ཎའི་སྒྲའི་ལུགས་ལས་ཇི་སྐད་དུ་འདྲེན་པ་དང་བསྟུན་ཏེ།......བཙན་པོའི་སྤྱན་སྔར་བརྗེ་ཆེན་པོ་དཔལ་གྱི་ཡོན་ཏན་དང་། བནྡེ་ཆེན་པོ་ཏིང་ངེ་འཛིན་ལ་སོགས་པ་ཡང་འཚོགས་ཏེ། རྗེ་བློན་གདན་འཛོམས་པ་ལ་ཞུས་ནས་དྷརྨ་བསྒྱུར་བའི་ཐབས་དང་། རྒྱ་གར་གྱི་སྐད་ལ་བོད་ཀྱི་སྐད་དུ་མིང་བཏགས་པ་རྣམས་གཏན་ལ་ཕབ་སྟེ། བཀས་བཅད་པ།” ②ཞེས་བཀས་བཅད་མཛད་ཚུལ་གསལ་པོར་བཀོད་འདུག་པ་འདི་ནི་སྔར་བཙན་པོ་ཡབ་ཁྲི་སྲོང་ལྡེ་བཙན་རིང་ཕྱོགས་བཞིའི་པཎྜི་ཏ་དང་། ལོ་ཙཱ་བ་མང་པོ་བོད་ལ་ཕེབས་ནས་རང་རང་གི་སྐད་ལས་ཆོས་རྣམས་བོད་སྐད་དུ་བསྒྱུར་བ་ཡིན་སྟབས། མིང་ཚིག་བཀོལ་སྟངས། བརྡ་སྤྲོད་ལུགས། བསྒྱུར་ཐབས་བཅས་ལ་སྔར་ཡབ་ཀྱི་གཏན་འབེབས་ནང་བཞིན་མ་འོངས་ཏེ་བསྒྱུར་ཚུལ་འདྲ་མིན་སྣ་ཚོགས་བྱུང་ནས་ཆོས་ཡང་དག་པར་བསླབ་དཀའ་བར་གཟིགས་ནས། བཙན་པོ་སྐུ་དངོས་ནས་བཀས་བསྐུལ་ཏེ་སྔར་གྱི་བསྒྱུར་ལུགས་རྣམས་གཅིག་གྱུར་དང་ཚད་ལྡན་གྱི་སྒོ་ནས་གཏན་འབེབས་གནང་བའི་རྩ་དོན་ཡིག་ཆ་གལ་ཆེན་《སྒྲ་སྦྱོར་བམ་གཉིས་》བསྒྲིགས་པར་མ་ཟད། སྐད་གསར་དེ་དག་ནམ་ཡང་མི་འགྱུར་བའི་ཆེད་དུ་ས་བོད་ཤན་སྦྱར་གྱི་ཚིག་མཛོད་《བྱེ་བྲག་རྟོག་བྱེད་ཆེན་མོ་》ཞེས་པའང་རྩོམ་སྒྲིག་གནང་བ་ཡིན། ཚུལ་དེའང་དེ་ཉིད་ཀྱི་མཇུག་བྱང་དུ། “ཕོ་བྲང་འོན་ཅང་རྡོར་བོད་དང་རྒྱ་གར་གྱི་མཁན་པོ་ཐམས་ཅད་ཀྱིས་ཆོས་སྐད་གཏན་ལ་ཕབ་སྟེ། རྗེ་བློན་མོལ་ནས་རེག་ཟིག་ཏུ་མཛད་པ་སྐད་གསར་གྱི་མིང་སྔོན་མ་ཐོགས་པ་དང་། གཏན་ལ་མ་ཕབ་པ་ལ་མཁས་པ་རྣམས་འཚོགས་ཏེ་མིང་དུ་བཏགས་ཤིང་གཏན་ལ་ཕབ་སྟེ། ལྷ་བཙན་པོ་ཁྲི་སྲོང་ལྡེ་བཙན་གྱིས་བསྐུལ་ནས་བཀས་བཅད་དེ་མི་བཅོས་པར་གཞག་པ་རྫོགས་སོ། །”① ཞེས་འབྱུང་ལ། གོང་གསལ་ཡིག་ཆ་《སྒྲ་སྦྱོར་བམ་གཉིས་》དང་《བྱེ་བྲག་རྟོག་བྱེད་ཆེན་མོ་》གཉིས་བོད་ཀྱི་ཆོས་ལུགས་དང་ལོ་རྒྱུས་ཐོག་ཤིན་ཏུ་གལ་ཆེ་བའི་ནུས་ཤུགས་དང་གོ་གནས་བཟུང་ཡོད་ལྷབས། སྔ་རབས་མཁས་པ་རྣམས་ཀྱིས་ཀྱང་གལ་ཆེ་བར་བརྩིས་ནས་བཀའ་བསྟན་འགྱུར་དང་མཉམ་པའི་གཅེས་སྤྲས་གནང་སྟེ་ཁ་ཚང་བསྟན་འགྱུར་པར་མའི་ནང་བཞུགས་ཡོད་པ་འདི་ལགས་སོ།། །། 

       རྩོམ་ཡིག་འདི་2000ལོར་རྒྱལ་སྤྱིའི་བོད་རིག་པའི་དཔྱད་གླེང་གྲོས་ཚོགས་སྐབས་དགུ་པ་ཧོ་ལན་ཊིར་འཚོགས་པའི་ཐོག་སྒྲོག་སྦྱང་ཞུས་པ་དང་། 2003ལོའི་《ཀྲུང་གོའི་བོད་རིག་པ་》ཅེས་པའི་དུས་དེབ་ཨང་དང་པོའི་ཐོག་བཀོད་པ་ཡིན་ལ་དགོས་དབང་གིས་ཁོ་བོའི་མིང་ངོ་མ་བཀོད་མེད།
            ① མི་རིགས་དཔེ་སྐྲུན་ཁང་གིས་བསྐྲུན་པའི་《ཆོས་འབྱུང་མཁས་པའི་དགའ་སྟོན་》སྟོད་ཆའི་ཤོག་ངོས་166-169བར་གསལ།
            ① སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པའི་《དེབ་ཐེར་སྔོན་པོ་》སྟོད་ཆའི་ཤོག་ངོས་63པར་གསལ།   
            ② ཆོས་འབྱུང་རྣམས་སུ་ཡི་གེ་འདྲ་མིན་འབྱུང་ཡང་བཀའ་འགྱུར་རང་དུ་《དཔང་སྐོང་ཕྱག་བརྒྱ་པ་》ཞེས་འཁོད་པ་དག་པའོ །
            ① མི་རིགས་དཔེ་སྐྲུན་ཁང་གིས་བསྐྲུན་པའི་《ཆོས་འབྱུང་མཁས་པའི་དགའ་སྟོན་》སྟོད་ཆའི་ཤོག་ངོས་168པར་གསལ།   ② ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པའི་《བུ་སྟོན་ཆོས་འབྱུང་》ཤོག་ངོས་181པར་གསལ།
            ① སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པའི་《དེབ་ཐེར་སྔོན་པོ་》སྟོད་ཆའི་ཤོག་ངོས་64པར་གསལ།  
            ② ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པའི་《སུམ་པ་ཆོས་འབྱུང་》ཤོག་ངོས་293པར་གསལ།
            ① ནང་པའི་ཆོས་འབྱུང་རྣམས་ཞལ་མཐུན་ལ་བོན་གྱི་ 《བསྟན་འབྱུང་》དུ་བཤད་ཚུལ་གཞན་ཡོད།   
            ② མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པའི་《ཆོས་འབྱུང་མཁས་པའི་དགའ་སྟོན་》སྟོད་ཆའི་ཤོག་ངོས་182པར་གསལ།
            ① མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པའི་《ཆོས་འབྱུང་མཁས་པའི་དགའ་སྟོན་》སྟོད་ཆའི་ཤོག་ངོས་183པར་གསལ།   ② ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པའི་《བུ་སྟོན་ཆོས་འབྱུང་》ཤོག་ངོས་182པར་གསལ།
            ① ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པའི་《གུ་བཀྲའི་ཆོས་འབྱུང་》ཤོག་ངོས་l45པར་གསལ།   
            ② མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པའི་《ཆོས་འབྱུང་མཁས་པའི་དགའ་སྟོན་》སྟོད་ཆའི་ཤོག་ངོས་372པར་གསལ།  
            ③ སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པའི་《སྡེ་དགེའི་བཀའ་འགྱུར་དཀར་ཆག་》ཤོག་ངོས་375པར་གསལ།   ④ལྷ་ས་དང་སོག་ཡིག་པར་མའི་མཇུག་བྱང་སྡེ་དགེ་པར་མ་དང་མཚུངས་ལ།སྣར་ཐང་དང་ཅོ་ནེ་ལི་ཐང་གཡུང་ལོ་པར་མ་བཅས་ལ་མཇུག་བྱང་མེད།
            ① སྡེ་དགེ་བཀའ་འགྱུར་པར་མའི་མདོ་ཡ་པོད་གྱི་《དཔང་སྐོང་ཕྱག་བརྒྱ་པ》ཞེས་པའི་ལྡེབ་5པར་གསལ།
            ① བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པའི་《ཆོས་འབྱུང་མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུད་》ཤོག་ངོས་173པར་གསལ།
            ① མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པའི་《ཆོས་འབྱུང་མཁས་པའི་དགའ་སྟོན་》སྟོད་ཆའི་ཤོག་ངོས་310པར་གསལ།
            ① མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པའི་《ཆོས་འབྱུང་མཁས་པའི་དགའ་སྟོན་》སྟོད་ཆའི་ཤོག་ངོས་358པར་གསལ།
            ① གྲངས་འདྲེན་མི་མཐུན་པ་མང་བ་ཟུར་དུ་གསལ།   
            ② མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པའི་《ཆོས་འབྱུང་མཁས་པའི་དགའ་སྟོན་》སྟོད་ཆའི་ཤོག་ངོས་358པར་གསལ།
            ① མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པའི་《ཆོས་འབྱུང་མཁས་པའི་དགའ་སྟོན་》སྟོད་ཆའི་ཤོག་ངོས་363པར་གསལ།
            ① མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པའི་《ཆོས་འབྱུང་མཁས་པའི་དགའ་སྟོན་》ཞེས་པའི་སྟོད་ཆའི་ཤོག་ངོས་364པར་གསལ།
            ① ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པའི་《བུ་སྟོན་ཆོས་འབྱུང་》ཤོག་ངོས་182པར་གསལ།
            ①སྡེ་དགེའི་བསྟན་འགྱུར་ལས་སྣ་ཚོགས་ཅོ་པོད་ཀྱི་《སྒྲ་སྦྱོར་བམ་གཉིས་》སུ་གསལ།
            ① ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པའི་《བུ་སྟོན་ཆོས་འབྱུང་》ཤོག་ངོས་187པར་གསལ།
            ① མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པའི་《ཆོས་འབྱུང་མཁས་པའི་དགའ་སྟོན་》སྟོད་ཆའི་ཤོག་ངོས་406ནས་407བར་གསལ།   ② བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པའི་《མཁས་པ་ལྡེའུས་མཛད་པའི་རྒྱ་བོད་ཀྱི་ཆོས་འབྱུང་རྒྱས་པ་》ཤོག་ངོས་358པར་གསལ།
            ① སྡེ་དགེའི་བསྟན་འགྱུར་ལས་སྣ་ཚོགས་ཅོ་པོད་ཀྱི་《སྒྲ་སྦྱོར་བམ་གཉིས་》སུ་གསལ།   
            ② ལྷ་སའི་གཙུག་ལག་ཁང་གི་མདུན་གྱི་རྡོ་རིང་ཤར་ངོས་ཡིག་ཕྲེང་34པར་གསལ།
            ① ཡོངས་གྲགས་སུ་《དཀར་ཆག་མཆིམས་ཕུ་མ་》དང་།《འཕང་ཐང་མ།》 《ལྡན་དཀར་མ་》གསུམ་ལ་ཟེར།
            ① སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པའི་《སྡེ་དགེའི་བཀའ་འགྱུར་དཀར་ཆག་》ཤོག་ངོས་375པར་གསལ།
            ① སྡེ་དགེའི་བསྟན་འགྱུར་ལས་སྣ་ཚོགས་ཇོ་པོད་ཀྱི་《དཀར་ཆག་ལྡན་དཀར་མ་》རུ་གསལ།   
            ② ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པའི་《ཁང་དཀར་ཚུལ་ཁྲིམས་སྐལ་བཟང་གི་གསུང་རྩོམ་ཕྱོགས་བསྒྲིགས་》ཞེས་པའི་ཤོག་ངོས་84པར་གསལ།
            ①② སྡེ་དགེའི་བསྟན་འགྱུར་ལས་སྣ་ཚོགས་ཅོ་པོད་ཀྱི་《སྒྲ་སྦྱོར་བམ་གཉིས་》སུ་གསལ།
            ① སྡེ་དགེའི་བསྟན་འགྱུར་ལས་སྣ་ཚོགས་ཅོ་པོད་ཀྱི་《སྒྲ་སྦྱོར་བམ་གཉིས་》སུ་གསལ།

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1