གཙོ་ངོས།>> ཁྲིམས་ལུགས།>>ཁྲིམས་ལུགས་ཤེས་བྱ།

སྒྲོལ་མ་ཚེ་བརྟན། རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། ༢༠༡༨ལོའི་ཟླ་བ་༠༤ཚེས་༢༣ཉིན།

༄༅།། སྤྱོད་ལམ་དང་ཁྲིམས་ལུགས།


སྒྲོལ་མ་ཚེ་བརྟན།


        ན་ཆེན་གསེར་གྱི་ཚེ་སྲོག་གིས་བལྟམས་པའི་ལུས་ཕུང་དང་མི་ཚེ་འདི་ནི་མི་བུ་ཞིག་གི་རིན་བྲལ་གྱི་རྒྱུ་ནོར་ཉག་ཅིག་ཡིན། དེ་ནི་སུ་དང་གང་གིས་རྩེད་ཆས་སུ་སྤྱད་པའམ་ཡང་ན་གཙིགས་སུ་མ་བཀུར་ན། མི་བུ་དེ་ནི་ཆོས་ཕྱོགས་ནས་བཤད་ན་དད་པ་མེད་པ་དང་སྲིད་ཁྲིམས་ཀྱི་ངོས་ནས་བཤད་ན་ཁྲིམས་འགལ་རང་བཞིན་ཡིན་པས་ཁྲིམས་ལྟར་ཐག་གཅོད་ནན་མོ་བྱ་ཆོག་ལ་བྱའང་དགོས།
        ན་ནིང་གི་ད་ཚོད་ཅིག་ལ་ངས་སྐད་འཕྲིན་བར་སྟོང་ནས་བརྙན་ཐུང་ཞིག་མཐོང་བྱུང་། དེ་ནི་གནས་ག་གེ་མོའི་གྲུ་ག་ག་གེ་མོའི་སྐྱེས་པ་ཆེ་གེ་མོ་ཞིག་གིས་སྐྱེས་མ་ཞིག་ལ་གཅར་རྡུང་བྱེད་པའི་རང་གཟུགས་ངོ་མ་རེད། བལྟས་ཚོད་ཀྱིས་ངས་འདི་ལྟར་དྲན་བྱུང་། ཨ་ཧོ། སྙིང་རྗེ་ཟེར་བ་གཏན་ནས་མི་འདུག་སྙམ།
        ཞི་བདེ་ཡི་ཁ་གཡང་དང་འདྲ་མཉམ་གྱི་མྱུ་གུ་འབུས་བཞིན་པའི་དུས་དེ་རིང་། ད་དུང་སྤྱི་ཚོགས་ཀྱི་གྲུ་ག་ག་གེ་མོ་ན་འདི་ལྟ་བུའི་དོན་དག་མང་པོ་སྦ་གསང་དམ་པོར་བྱས་ཡོད་པ་བརྙན་ཐུང་འདི་ལས་དམར་རྗེན་དུ་མངོན་ཐུབ།
        འདི་ནི་སྤྱི་ཚོགས་ཤིག་གི་ངོ་བོ་རེད་ཅེས་བརྗོད་ན་ཅུང་ཟད་འུད་བརྗོད་དུ་འགྲོ་མོད། སློབ་གསོ་ཡི་ཉི་འོད་ཆུང་ས། ང་རྒྱལ་གྱི་ཀི་སྒྲ་མཐོ་ས། གཡོ་སྒྱུ་ཡི་མིག་ཟུང་དྭངས་ས། ཁྲག་དོག་གི་མཁའ་དབུགས་བཙན་སའི་གནས་ག་གེ་མོ་ན། དྲང་མོར་མི་འགྲོ་གསེག་ནས་འགྲོ་ཞེས་པ་ལྟར། གླང་རྒན་སྨྱོན་པར་ཆུ་བཏུང་དུ་འཇུག་པའི་རང་བཞིན་ཅན་གྱི་མི་སྐོར་ཞིག་གིས་རླབས་ཆེ་བའི་འཛུགས་སྐྲུན་གྱི་བྱས་རྗེས་དང་སྤྱི་ཚོགས་རིང་ལུགས་ཀྱི་ལས་དོན་ལ་གཏོར་བརླག་གིས་བྱ་ངན་བཟོས་དང་བཟོ་བཞིན་འདུག
        སྤྱོད་ལམ་ནི་སྤྱི་ཚོགས་དེའི་ངོ་བོ་རུ་འཛིན་པ་དང་ཁྲིམས་ལུགས་ནི་སྤྱི་ཚོགས་དེའི་རྒྱབ་རྟེན་དུ་གནས་ན་འདྲ་མཉམ་དང་ཞི་བདེའི་འཚོ་བ་བདེ་སྐྱིད་ལྡན་པ་ཞིག་ཅིས་ཀྱང་ངེས།
        ཡུན་དུ་གནས་པའི་སྤྱི་ཚོགས་ཀྱི་གྲུ་ག་ཞིག་ནས་སྤྱོད་ལམ་དང་ཁྲིམས་ལུགས་གཉིས་བར་ལ་ཕན་ཚུན་རམ་འདེགས་དང་ཕན་ཚུན་རྒྱབ་རྟེན་དུ་ལངས་ན། གོང་ནས་བཤད་པའི་བརྙན་ཐུང་འདི་ལྟ་བུ་ཉིན་མོའི་སྐར་མ་ཡི་རང་གཟུགས་སུ་འགྱུར་ངེས། དེ་ལས་ལྡོག་སྟེ་མིག་སྔའི་སྤྱི་ཚོགས་སུ་དོན་དག་འདི་ལྟ་བུ་ཇེ་མང་ནས་ཇེ་མང་རེད།
        སུ་ཞིག་ལ་རང་དབང་གི་ཁོར་ཡུག་ལེགས་པོ་ཞིག་འཐོབ་འདོད་ན་སྤྱོད་ལམ་ཁྲིམས་ལུགས་དང་བསྟུན་དགོས། སུ་ཞིག་གིས་བདེ་སྐྱིད་ཀྱི་འཚོ་བ་ཞིག་རོལ་འདོད་ན་སྤྱོད་ལམ་ཁྲིམས་ལུགས་དང་བསྟུན་དགོས། སུ་ཞིག་གིས་མཐུན་སྒྲིལ་གྱི་དར་ཆ་མཐོ་རུ་བསྒྲེང་འདོད་ན་སྤྱོད་ལམ་ཁྲིམས་ལུགས་དང་བསྟུན་དགོས།
        ཡིན་ན་ཡང་སྤྱོད་ལམ་ཁྲིམས་ལུགས་དང་བསྟུན་ཏེ་ནག་ཉེས་ཅི་ཡང་མེད་པར། རང་ཟས་རང་གིས་ཟ་བ་ལས་གཞན་གྱི་སྐལ་ཏིལ་འབྲུ་ཙམ་ཡང་ཟོས་མ་མྱོང་པའི་མི་བུ་སྐོར་ཞིག་ལ་གང་བྱུང་དུ་བརྙས་བཅོས་དང་གཅར་རྡུང་ཐེབས་པ་ཅི། བསམ་མེད་དྲན་མེད་དུ་མ་ཉེན་ཁ་གཡོག་གི་རླུང་འཚུབ་གཡུག་པ་ཅི། དེ་ནི་ཁྲིམས་ལུགས་ཀྱི་ཤེས་བྱ་མ་ཤེས་པས་ལན་པ་ཡིན་ནམ། ཡང་ན་སྤྱོད་ལམ་གུ་དོག་གི་རང་གཤིས་ཀྱིས་ལན་པ་ཡིན། ཡང་ན་གནས་དེའི་ཁྲིམས་ལུགས་ལ་གོད་ཆག་ཐེབས་སོང་པས་ལན་པ་ཡིན།
        ཁྲིམས་ལུགས་ནི་སྤྱི་ཚོགས་ཀྱི་བྱ་བའི་དྲང་བདེན་འབྱེད་པའི་རྒྱ་མ་དང་ཐིག་ཤིང་ཡིན་པས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་ཁོར་ཡུག་འདི་ནས་མི་བུ་སུ་ཞིག་གིས་ཁྲིམས་ལུགས་རང་དོན་དུ་མི་སྤྱོད་པར་མི་དམངས་ལ་ཕན་པ་དང་། རྒྱལ་ཁབ་ལ་ཞབས་འདེགས་ཞུ་བ། འཇིག་རྟེན་ལ་བདེ་འཇགས་ཤིག་ཡོང་བའི་ཚབ་ཏུ་སྤྱོད་པ་ཚུལ་ལྡན་གྱིས་ཁྲིམས་ལུགས་བདག་སྐྱོང་བྱེད་པ་དང་ཁྲིམས་ལུགས་བཀོལ་མཁས་པ། ཁྲིམས་ལུགས་ཀུན་དང་མཐུན་པར་དྲིལ་བསྒྲགས་བྱེད་དགོས།
        ཁྲིམས་ལུགས་ནི་མི་བུ་མ་རབས་ཅན་ལ་ཆད་པ་གཅོད་བྱེད་དང་། མི་བུ་ཡ་རབས་ལ་སྲུང་སྐྱོང་བྱེད་མཁན་ཡིན་པས། ནམ་ཡིན་ཡང་གོང་གི་བརྙན་ཐུང་ལྟ་བུ་ཕྱིས་སུ་མི་འབྱུང་བའི་ཆེད་དུ་སྤྱོད་ལམ་ཡ་རབས་སུ་ཕྱོགས་ནས་ཁྲིམས་ལུགས་ཀྱིས་མི་བུ་དང་། སྲོག་ཆགས། འཇིག་རྟེན་གྱི་ཡོད་ཚད་ལ་རོགས་རམ་བྱེད་པ་དང་སེམས་ཅན་ཐམས་ཅད་ལ་བདེ་སྐྱིད་བསྐྲུན་པའི་སྨོན་ལམ་ལན་མང་འདེབས།
        གོང་དུ་བཤད་པའི་བརྙན་ཐུང་ལས་བྱུང་བའི་སྐྱེས་པ་དང་སྐྱེས་མ་གཉིས་མི་བཤད་པར། དེའི་མཐའ་སྐོར་དུ་ཡོད་པའི་རླངས་འཁོར་ཁ་ལོ་བ་དང་། ཡང་ན་ལམ་འགྲོ་བ། ཨ་ཤུ་རེ་གོ མིག་ཟུར་རེ་བལྟས་ནས་གང་མྱུར་གྱིས་བུད་འགྲོ སྤྱོད་ལམ་ཡ་རབས་ཟེར་བ་ཅི་ཡིན། མི་གཞན་ལ་རོགས་རམ་ཟེར་བ་ཅི། སྐྱེ་འགྲོ་སྡུག་བསྔལ་ལས་སྐྱོབ་པ་གང་། དྲང་བདེན་དང་གནས་ལུགས་ཟེར་བ་ཅི། ཞི་བདེ་དང་བདེ་སྐྱིད་ཟེར་བ་གང་ལ་གོ
        འགྲམ་པར་ཁུ་ཚུར། མགོ་ལ་རྡོག་ཐོ། གདོང་ལ་མཆི་ཞགས། ཁ་ནས་དམོད་ཚིག མི་ལུས་རིན་ཆེན་གསེར་ཡིན། སྟེང་ན་ལུས་ལྷ་སྐྱེས་ལྷ། དད་པ་ཡོད་པའི་ཆོས་ལྡན་པ་ཞིག་གི་ངོས་ནས་བཤད་ན་ཁྱོད་ཀྱིས་རྡུང་བ་སངས་རྒྱས་ཀྱི་སྐུ་རེད། མི་ལ་རང་དབང་དང་རང་བདག་གི་ཁེ་དབང་ཡོད། སྲིད་ཁྲིམས་ཀྱི་ངོས་ནས་བཤད་ན་ཁྱོད་ཀྱིས་ལས་པ་དེ་དག་ནི་ཁྲིམས་འགལ་གྱི་སྤྱོད་པ་རྩུབ་པོ་ཤ་སྟག་རེད། ། 

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1