གཙོ་ངོས།>> སློབ་གསོ།>>སློབ་གསོའི་ཉམས་མྱོང་།

ཐོས་ཡངས་ཀྱིས་བསྒྱུར། རྩོམ་སྒྲིག་པ།ཡོང་ཁུངས།བོད་ཀྱི་སློབ་གསོ། སྤེལ་དུས། ༢༠༡༨ལོའི་ཟླ་བ་༠༤ཚེས་༢༥ཉིན།

༄༅།། ཨ་རིའི་སློབ་གསོའི་མཐོང་ཐོས།

ཐོས་ཡངས་ཀྱིས་བསྒྱུར།

        ད་སྐབས། རིག་གནས་ལས་བརྒལ་བའི་ཕན་ཚུན་བརྗེ་རེས་བྱེད་པ་ཇེ་མང་ནས་ཇེ་མང་ཡིན། ཕན་ཚུན་བར་གྱི་མི་འདྲ་བ་རྒྱུས་ལོན་བྱས་ན། ང་ཚོ་རིག་གནས་མི་འདྲ་བར་གདོང་གཏོད་དུས་ཐག་གཅོད་ཀྱི་ནུས་པ་མཐོར་འདེགས་བྱེད་པར་ཕན་ལ། ལྷག་པར་དུ་འཛམ་གླིང་ཅན་གྱི་རྒྱབ་ལྗོངས་སུ། རྒྱལ་སྤྱིའི་མཐོང་རྒྱ་ལྡན་ཚེ་ང་ཚོས་དེ་ལས་བཟང་པོའི་འཛམ་གླིང་ས་ཆ་སོ་སོའི་སློབ་གསོའི་འཕེལ་ཕྱོགས་རྟོགས་པ་དང་། གོ་ལ་ཧྲིལ་བོའི་སློབ་གསོའི་འཕེལ་རྒྱས་ཀྱི“ས་ཁྲ”ཁོང་དུ་ཆུད་ཐུབ། དེ་ལས་ཀྱང་རང་ཉིད་ཀྱི་གནས་ས་དང་མ་འོངས་འཕེལ་རྒྱས་ཁྲོད་ཀྱི་གནས་ཐིག་གཏན་འཁེལ་བྱེད་ཐུབ། ཡིན་ལུགས་ཤེས་ན། དེ་ཡིན་པ་ཤེས་ལ། དེ་དེ་བཞིན་ཡིན་པའང་ཤེས་པས། ང་ཚོ་བསམ་བློ་ནས་བྱ་སྤྱོད་ལ་སྤུས་ཚད་སྟེང་ནས་ཐོད་རྒལ་ཞིག་ཡོད། རང་དབང་གི་བསིལ་རླུང་ནམ་ཡང་ལྡང་བ་ནི་ཨ་རིའི་སློབ་གསོས་སྲུང་འཛིན་བྱེད་པའི་འདུ་ཤེས་ཤིག་ཡིན། དེས་ན། ཨ་རིའི་སློབ་གསོའི་རང་དབང་དེ་གང་ནས་མཚོན་གྱིན་ཡོད་ཅེ་ན།
གཅིག སློབ་སྒྲུབ་རྣམ་པ་ནི་སྣ་མང་མཉམ་སྒྲུབ་བྱེད་པ་ཞིག་ཡིན།
        ཨ་རི་ནི་གནས་སྤོར་གྱི་རྒྱལ་ཁབ་ཅིག་ཡིན་ལ། རྒྱལ་ཕྲན་མཉམ་འབྲེལ་ལམ་ལུགས་ཀྱི་རྒྱལ་ཁབ་ཅིག་ཀྱང་ཡིན། རིགས་རུས་མི་འདྲ་བ་འདྲེས་སྡོད་བྱེད་པའི་དངོས་ཡོད་གནས་ཚུལ་དང་ཁུལ་སོ་སོའི་སློབ་གསོའི་འཕེལ་རྒྱས་ཀྱི་ཆ་མི་སྙོམས་པའི་རྐྱེན་གྱིས་ཨ་རིའི་སྤྱི་དམངས་ཀྱིས་སློབ་གསོར་འཛིན་པའི་ལྟ་ཚུལ་ལའང་ཁྱད་པར་ཆེན་པོ་ཡོད། ས་ཁུལ་མི་འདྲ་བ་དང་། མི་ཚོགས་མི་འདྲ་བ། རིམ་པ་མི་འདྲ་བའི་སློབ་གསོའི་དགོས་མཁོ་ལྟར་ཨ་རིས་རབས་དང་རིམ་པའི་སྲིད་ཇུས་གཏན་འཁེལ་བྱས་ཡོད་དེ། kནས་སློབ་རིམ12(ཨ་རིས་ལག་བསྟར་བྱེད་པ་ནི་བྱིས་སྙོར་ཁང་དང་བཅས་པའི་ལོ་བཅུ་གཉིས་ཀྱི་འོས་འགན་སློབ་གསོ་ཡིན་ཏེ། kནི་བྱིས་སྙོར་ཁང་དང་། སློབ་ཆུང་སློབ་རིམ1-5པ། དམའ་འབྲིང་སློབ་རིམ6-8པ། མཐོ་འབྲིང་སློབ་རིམ9-12ཡིན།)པའི་སློབ་སྒྲུབ་རྣམ་པ་ནི་སྣ་མང་མཉམ་སྒྲུབ་བྱེད་པ་ཞིག་ཡིན།
        བྱེ་བྲག་ཏུ་བཤད་ན། འཐེན་ཤུགས་སློབ་གྲྭའི་སྡེ་ཁག་གིས་ཁྱད་ཆོས་ལྡན་པའི་སློབ་སྒྲུབ་ཀྱིས་སློབ་མ་བསྡུ་ལེན་བྱེད་པ་ཡིན་ལ། འཐེན་ཤུགས་སློབ་གྲྭས་སློབ་མར་རང་གི་དགའ་ཕྱོགས་ལྟར་ཐུན་མིན་སློབ་ཚན་འདེམས་པའི་གོ་སྐབས་སྤྲོད་ཅིང་། དམིགས་བསལ་བཀའ་འཁྲོལ་སློབ་གྲྭ་ནི། ད་ལྟ་ཨ་རིའི་དུས་རབས་གསར་པའི་སློབ་གྲྭའི་མ་དཔེ་ལྟ་བུར་གྱུར་ཡོད། སློབ་གྲྭ་འདིར་ཕྱོགས་གཅིག་ནས་གཞུང་སྒྲུབ་སློབ་གྲྭའི་དྲང་སྙོམས་དང་དྲང་གཞག སློབ་རིན་དམའ་བའི་དགེ་མཚན་ཡོད་པ་དང་། ཕྱོགས་གཞན་ཞིག་ནས་སྒེར་བཙུགས་སློབ་གྲྭས་བདག་གཉེར་གྲུབ་འབྲས་གཙིགས་འཛིན་བྱེད་པའི་དགེ་མཚན་ཡང་ཡོད་པ་རེད། དུས་མཚུངས་སུ་སྣ་ཚོགས་གསར་གཏོད་ཀྱི་སློབ་གསོ་ཚོད་ལྟ་བྱེད་པར་སྐུལ་སྤེལ་བྱེད་བཞིན་ཡོད། རིགས་གསུམ་པ་ནི་སྒེར་བཙུགས་སློབ་གྲྭ་ཡིན། རིགས་བཞི་པ་ནི་གཞུང་བཙུགས་སློབ་གྲྭ་སྟེ། དབྱེ་ན་ལོ་ཧྲིལ་བོའི་སློབ་གྲྭ་དང་ཟླ་བརྒྱད་ཅན་གྱི་སློབ་གྲྭ་སྟེ་རིགས་གཉིས་ཡོད། རིགས་ལྔ་པ་ནི་ཁྱིམ་ཚང་སློབ་གྲྭ་ཡིན།
        རྣམ་པ་མང་པོའི་སློབ་སྒྲུབ་ཀྱིས་ཨ་རིའི་སྤྱི་དམངས་ལ་གདམ་གསེས་རང་དབང་བྱིན་ཡོད་ལ། སློབ་མ་ཐམས་ཅད་ཀྱིས་སློབ་གསོ་མྱོང་བའི་ཁེ་དབང་ཡང་ཁག་ཐེག་བྱས་ཡོད། ཨ་རིའི་སློབ་གསོའི་དོ་དམ་ལམ་ལུགས་ནི་དབང་བགོ་ལམ་ལུགས་ཀྱི་སློབ་གསོའི་དོ་དམ་ཞིག་ཡིན། སློབ་གསོའི་སྲིད་འཛིན་དབང་ཆ་གཙོ་བོ་ཁུལ་སོ་སོ་ན་ཡོད། ཁུལ་སོ་སོས་གཙོ་བོ་སློབ་ཁུལ་སློབ་གསོ་ཨུ་ཡོན་ལྷན་ཁང་གིས་སློབ་ཁུལ་དེའི་སློབ་གསོའི་ལས་དོན་འགན་ཁུར་ནས་དོ་དམ་བྱེད་བཞིན་ཡོད། སློབ་གྲྭས་རང་གི་གནས་ཚུལ་དངོས་དང་བསྟུན་ནས་དོ་དམ་བྱེད་པ་ལས། གཅིག་གྱུར་གྱི་རྣམ་པ་ཞིག་གིས་ཚད་བཀག་ཐེབས་ཀྱིན་མེད། འདིས་སློབ་གསོར་ཚད་མཐོ་བའི་སྟེང་ནས་བཅིངས་པ་ལས་ལྷོད་གྲོལ་བཏང་ཡོད།
གཉིས། སློབ་ཚན་བཀོད་སྒྲིག་ནི་དོན་དངོས་དང་འཚམ་ལ་འབྲེལ་ཆགས་པ་ཡིན།
        ཨ་རིས་སྒེར་གཤིས་ཅན་གྱི་སློབ་ཁྲིད་བྱེད་པ་དེར་གོང་བཀུར་བྱེད་དེ། སློབ་གསོའི་བཅའ་ཁྲིམས་སུ་བྱིས་པ་ཐམས་ཅད་ལ་རིན་མེད་དང་གཞི་རྩའི་སྟེང་ནས། མི་སྒེར་གྱི་འདོད་བློ་ལྟར་སློབ་གསོ་མྱོང་བའི་དབང་ཆ་ཡོད་པ་གཏན་ཁེལ་བྱས་ཡོད། དེ་བས། ཨ་རིའི་སློབ་གསོས་སློབ་ཚན་བཀོད་སྒྲིག་ཐད་ལའང་རྩལ་ཤུགས་གང་ལེགས་བཏོན་ཡོད་པ་རེད། ཨ་རིའི་སློབ་གྲྭ་ཆུང་འབྲིང་ལ་རྒྱལ་ཡོངས་གཅིག་གྱུར་གྱི་སློབ་ཁྲིད་རྩ་གནད་མེད་ལ། རྒྱལ་ཡོངས་རང་བཞིན་གྱི་གཅིག་གྱུར་སྒོས་རྩོམ་སྒྲིག་བྱས་པའི་བསླབ་དེབ་ཀྱང་མེད། འདིའི་དབང་གིས་ཁུལ་སོ་སོའི་སློབ་གསོར་ཡང་བར་སྟོང་ཞིག་བྱིན་ཡོད། དེའི་ཕྱིར་ཁུལ་སོ་སོས་ལོ་རིམ་རེ་རེར་སློབ་ཁྲིད་ཀྱི་དམིགས་ཚད་གཏན་ཁེལ་བྱས་ཡོད། སློབ་ཁུལ་རེ་རེའམ་ཐ་ན་སློབ་གྲྭ་རེ་རེར་བསླབ་དེབ་མི་འདྲ་བ་བདམས་པའི་དབང་ཆ་ཡོད་ལ། སློབ་གྲྭས་སློབ་ཚན་དང་འཚམ་པའི་སློབ་ཁྲིད་སྒྲིག་འཛུགས་ཀྱི་རྣམ་པ་ཐག་གཅོད་བྱས་ཆོག བསླབ་ཚན་དགེ་རྒན་ལ་བསླབ་དེབ་འདེམ་པ་དང་སློབ་ཁྲིད་ཀྱི་སྒྲིག་འཛུགས་རྣམ་པ་ཇི་ལྟ་བུ་ཞིག་སྤྱོད་པར་རང་དབང་ལྡན། སློབ་མས་ཀྱང་རང་ཉིད་ཀྱི་དགའ་ཕྱོགས་ལྟར་དགེ་རྒན་དང་སློབ་ཚན་འདེམ་ཆོག ས་གནས་མི་འདྲ་བར་བཙུགས་པའི་སློབ་ཚན་གཙོ་བོ་དག་ནི་ཕལ་ཆེར་གཅིག་འདྲ་ཡིན་ཞིང་། ལོ་རིམ་འཕར་བ་དང་བསྟུན་ནས་གཏིང་ཇེ་ཟབ་དང་རྒྱ་ཇེ་ཆེར་སྐྱེད་བཞིན་ཡོད།
        གླེང་དགོས་པ་ཞིག་ནི། ཨ་རིའི་སློབ་གྲྭ་ཆུང་འབྲིང་གི་སློབ་གསོའི་འདུ་ཤེས་དང་སློབ་གསོའི་བྱེད་ཐབས། ལྷག་པར་དུ་སློབ་ཁྲིད་ལམ་ལུགས་ནི་དེའི་མཐོ་རིམ་སློབ་གྲྭར་སྦྲེལ་མཐུད་བྱས་ནས་གཅིག་རྒྱུན་གཅིག་འཛིན་བྱས་ཡོད། ཨ་རིའི་སློབ་ཆུང་སློབ་གསོས་གཞི་རྩའི་སྟེང་རོལ་རྩེད་ཀྱི་ཞོར་ལ་སློབ་གསོ་གཏོང་ཐབས་དེ་ལག་ཏུ་བསྟར་བ་ཞིག་ཡོད་དེ། བྱིས་པ་རྣམས་རྩེད་མོ་རྩེ་རྒྱུར་གཙོར་བྱས་ནས། རོལ་རྩེད་ཀྱི་ཁྲོད་ནས་སློབ་སྦྱོང་བྱེད་པ་ཡིན། སློབ་སྦྱོང་གི་ནང་དོན་ནི་དབྱིན་ཡིག་དང་ལུས་རྩལ། ལག་བཟོ་ཆུང་ཆུང་བཅས་གཙོ་བོ་ཡིན། རྩིས་རིག་ནི་ཧ་ཅང་སླ་མོ་ཡིན་ཏེ། སློབ་ཆུང་ལོ་རིམ་གསུམ་པའི་སློབ་མ་ཞིག་གིས་གྲངས་གནས་གཉིས་ཅན་གྱི་སྣོན་འཕྲིའི་འདྲི་གཞི་ཞིག་ལ་དུས་ཚོད་ཡུན་རིང་བཀོལ་བ་དང་། ལས་བྱ་ཡང་ཕལ་ཆེར་ཕྱེད་ཙམ་ནོར་འདུག་ཀྱང། འདི་ནི་ཨ་རི་ནས་བཤད་ན་གནས་ཚུལ་ཡ་མཚན་པ་ཞིག་གཏན་ནས་མ་ཡིན་ནོ། །
        ཨ་རིའི་སློབ་གསོས་སློབ་ཚན་སློབ་ཁྲིད་ཀྱིས་འཚོ་བ(འཚོ་གནས། འཕེལ་རྒྱས)ལ་ཞབས་ཕྱི་སྒྲུབ་པའི་འདུ་ཤེས་དང་དུ་བླངས་ནས། སློབ་ཚན་བཀོད་སྒྲིག་གི་སྟེང་ནས་མིའི་འཕེལ་རྒྱས་གཞི་རྩར་བཟུང་ཡོད། ཁུལ་སོ་སོའི་སློབ་གྲྭ་ཆུང་འབྲིང་གི་སློབ་ཁྲིད་གཙོ་བོ་ལ་སྐད་ཡིག་དང་རྩིས་རིག ཚན་རིག སྤྱི་ཚོགས་རིག་པ། ཕྱི་སྐད། ལུས་རྩལ། སྒྱུ་རྩལ་བཅས་བསླབ་ཚན་སྣ་ཁ་བདུན་ཡོད། གཞན་རོགས་འདེགས་བསླབ་ཚན་ཡང་ཡོད་དེ། དཔེར་ན། གློག་ཀླད། ཁ་ལོ་སྒྱུར་བ། འཕྲུལ་ཆས་བཀོལ་སྤྱོད། རི་མོ་འབྲི་བ། རོལ་ཆས། པར་ལེན་སོགས་ཀྱི་སློབ་ཚན་ལྟ་བུའོ། ། མཐོ་འབྲིང་གི་སློབ་ཚན་བཀོད་སྒྲིག་ནི་དེ་བས་ཀྱང་རང་གཤིས་ཅན་གྱི་སློབ་གསོའི་ཁྱད་ཆོས་མངོན་ཏེ། སློབ་གྲྭ་ཐམས་ཅད་ཀྱིས་སློབ་སྐར་ལུགས་བཀོལ་བཞིན་ཡོད་པ་དང་། སློབ་གྲྭས་སློབ་མའི་ཆུ་ཚད་དང་དགའ་ཕྱོགས་ལྟར་ངེས་སྦྱོང་དང་འདེམ་སྦྱོང་གི་བསླབ་ཚན་བཀོད་སྒྲིག་བྱེད་ཅིང་། སློབ་ཁུལ་གྱིས་ལོ་རེར་དག་བཅོས་བྱས་པའི་མཐོ་འབྲིང་སློབ་ཚན་གྱི་དཀར་ཆག་ལ་ཤོག་ངོས་ཉིས་བརྒྱར་ཉེ་བ་ཡོད། འདེམ་ཆོག་པའི་སློབ་ཚན་ལ་སྣ་ཁ་ཉིས་བརྒྱ་ལྷག་ཡོད་པ་རེད། སློབ་མས་རང་གི་དགའ་ཕྱོགས་དང་ཆུ་ཚད་ལྟར་བསླབ་ཚན་འདེམ་ཆོག་པ་མ་ཟད། བསླབ་ཚན་གྱི་དཀའ་སླའི་ཚད་ཀྱང་སྙོམས་སྒྲིག་བྱེད་ཆོག
        ཨ་རིའི་སློབ་གྲྭ་ཆུང་འབྲིང་གིས་སློབ་མའི་ཕྱོགས་ཡོངས་འཕེལ་རྒྱས་འབྱུང་བར་ཧ་ཅང་གཙིགས་སུ་འཛིན་ཏེ། སློབ་ཆུང་རིམ་པ་ནས་མགོ་བརྩམས་ཏེ་སློབ་གསོའི་སློབ་ཁྲིད་ཀྱི་འཆར་གཞི་མི་འདྲ་བ་ལག་ཏུ་བསྟར་ནས་རིམ་པ་མི་འདྲ་བ་དང་རིགས་སྣ་ཚོགས་ཀྱི་སློབ་མའི་རང་གཤིས་ཀྱི་ཁྱད་ཆོས་ལ་བསྟུན་པའི་སྐྱེད་སྲིང་བྱེད་བཞིན་ཡོད། འདི་ནི་ཨ་རིའི་མཐོ་རིམ་སློབ་གསོས་སྣེ་འཁྲིད་བྱས་པར་འབྲེལ་བ་དམ་པོ་ཡོད་པ་རེད། ཨ་རི་ན་སློབ་གྲྭ་ཆེན་མོས་སློབ་མ་སྡུད་སྐབས་བསླབས་འབྲས་ལ་བལྟ་བ་མ་ཟད། དེའི་ཕྱོགས་བསྡུས་སྤུས་ཚད་ལའང་བལྟ་བ་རེད། དཔེར་ན་སློབ་མའི་སྦྱངས་འབྲས་ཀྱི་ཆ་སྙོམས་སྐར་གྲངས་དང་། SATདང་ཡང་ནACTཡི་རྒྱུགས་འབྲས། མི་སྒེར་གྱི་ནུས་རྩལ། མགོ་ཁྲིད་ཀྱི་ནུས་པ། སྡེ་ཁུལ་ཞབས་ཕྱིའི་རྣམ་འགྱུར་སོགས་ནི་སློབ་ཆེན་གྱིས་སློབ་མ་སྡུད་སྐབས་སུ་བལྟ་དགོས་པའི་ཆ་རྐྱེན་ཡིན།
གསུམ། མཐར་ཐུག་གི་དམིགས་འབེན་ནི་མིའི་འཕེལ་རྒྱས་ཡིན།
        “སློབ་གསོས་ཁྱོད་ཀྱིས་སྒྲུབ་འདོད་པའི་ལས་དེ་གང་ཡིན་པ་རོགས་བྱས་ནས་རྒྱུས་ལོན་བྱེད་རིགས་ཤིང་། དེའི་རྗེས་སུ་ཁྱོད་ཀྱིས་རང་གཤིས་མི་ཚེ་གང་བོར་སྒྲུབ་རིན་ཡོད་པའམ་དོན་སྙིང་ཡོད་པའི་ལས་དེ་ཧུར་ཐག་གིས་སྒྲུབ་པ་དེ་རེད། དེ་ལྟ་མིན་ན་ཁྱོད་ཀྱིས་མི་ཚེ་ནི་ཡ་ང་བར་རོལ་བ་ལས་མ་འདས།”ཞེས་ཧིན་རྡུའི་མཚན་ཉིད་རིག་པ་སྨྲ་བ་ཁེ་ལི་ཞི་ན་མུའུ་ཐེས《ང་ཚོར་ཇི་ལྟ་བུའི་སློབ་གསོ་མཁོ་བ་རེད》ཅེས་པའི་རྩོམ་ཡིག་ལས་འདི་ལྟར་གདམས་ཡོད། སློབ་གསོ་ངོ་མ་ནི་མི་གཤིས་ཅན་གྱིས་ཕྱུག་ཅིང་རྣམ་ཤེས་ཡོད་པའི་སློབ་གསོ་ཞིག་ཡིན་འོས་ཏེ། སློབ་གསོའི་ཆོས་ཉིད་ཁོང་དུ་ཆུད་པ་དང་། སློབ་གསོའི་ཆོས་ཉིད་ལ་བརྩི་འཇོག་བྱེད་པ། མི་གཞི་རྩར་བྱེད་པའི་སློབ་གསོ་ཞིག་དང་། སློབ་མ་བདེ་ཐང་ངང་འཚར་ལོངས་འབྱུང་བར་ཞབས་ཕྱི་སྒྲུབ་པའི་སློབ་གསོ་ཞིག་དང་། རྒྱལ་ཁབ་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཞབས་ཕྱི་སྒྲུབ་པའི་སློབ་གསོ་ཞིག་ཡིན་དགོས་སོ། །
        བྱིས་དུས་དྲན་ཚེ། ཁྱིམ་བདག་དང་དགེ་རྒན་གྱིས་རྒྱུན་དུ“ཁྱོད་ལག་ཆགས་ན་ཅི་ཞིག་བསྒྲུབ་འདོད”ཅེས་འདྲི། ཞིབ་ཏུ་བསམ་ན། དྲི་བ་དང་ཅི་ཞིག་བསྒྲུབ་པའི་འབྲས་བུའི་བར་དུ་འདུན་མ་དེ་དངོས་ཡོད་དུ་འགྱུར་བའི་སྦྲེལ་ཟམ་ཞིག་མེད་པ་དང་། གོམ་པ་རིམ་བགྲོད་ཀྱི་མི་ཚེའི་འཆར་འགོད་ཅིག་དང་། སློབ་མར་ཉམས་ཞིབ་ཀྱི་ཕྱོགས་ནས་མུ་མཐུད་དུ་རང་ཉིད་ངོས་འཛིན་པ་དང་། རང་གི་མི་ཚེའི་འབྱུང་འགྱུར་གསལ་བོར་བྱེད་པའི་སྣེ་ཁྲིད་ཅིག་མེད་པ་རེད། དེ་ལས་ཀྱང་གལ་ཆེ་བ་ནི་ནར་སོན་པའི་བརྒྱུད་རིམ་ནང་བྱིས་པ་རྣམས་ལ་ངང་གིས་སྨིན་པའི་དུས་ཚོད་སྤྲད་དེ། ཁོ་ཚོར་དལ་མོར་ལས་འགན་ཁུར་དུ་བཅུག་སྟེ། ཁོ་ཚོའི་དོན་སྙིང་ལྡན་པའི་ཚོར་བ་དང་གནས་པའི་ཚོར་བ་དེ་འདེགས་པའི་རིན་ཐང་ལྟ་བ་ཞིག་མེད་པ་དེ་ཡིན།
        ཕྱོགས་ཡོངས་འཕེལ་རྒྱས་དང་རང་གཤིས་འཕེལ་རྒྱས་གཉིས་མཉམ་དུ་བྱེད་པ་ནི་ཨ་རིའི་སློབ་གྲྭ་ཆུང་འབྲིང་སློབ་གསོའི་དམིགས་ཡུལ་གཙོ་བོ་ཡིན་ཏེ། ཕྱོགས་ཡོངས་འཕེལ་རྒྱས་ནི་མི་གཤིས་ཡག་པོ་ཞིག་འཛོམ་པར་བྱེད་པའི་སློབ་གསོའི་སྟེང་ནས་མངོན་པ་དང་། རང་གཤིས་འཕེལ་རྒྱས་ཀྱིས་སློབ་མ་རང་ཉིད་ལ་ཤེས་བྱ་འཛོམས་པ་དང་། ནུས་པ་ཡོད་པ། རིན་ཐང་ལྟ་བ་ལྡན་པ་བཅས་སུ་གཏོང་བ་ཡིན། ཨ་རིའི་སློབ་གྲྭ་ཆུང་འབྲིང་གིས་སློབ་མ་ཚང་མ་གཅིག་མཐུན་གྱིས་གཏན་འཁེལ་བྱས་པའི་ཁྱད་འཕགས་ཀྱི་ཚད་གཞི་ལ་སླེབས་དགོས་པའི་རེ་བ་མི་འདོན་པར། སློབ་མར་རོགས་རམ་བྱས་ཏེ་སྣ་མང་ཕུན་ཚོགས་ཀྱི་བྱ་འགུལ་ཁྲོད་མི་ཚེའི་ཉམས་ཞིབ་སྣ་ཚོགས་མྱངས་ཏེ། རང་ཉིད་དགའ་བའི་ལས་རིགས་ཀྱི་ཁ་ཕྱོགས་འཚོལ་དུ་འཇུག་པ་དང་། སློབ་མ་ཚོས་སློབ་གྲྭར་བསླབས་པའི་ཤེས་བྱ་ནི་རང་ཉིད་དགའ་བའི་སློབ་ཚན་ཡིན་ལ། རང་ཉིད་ཀྱི་ལས་རིགས་ཀྱི་ཆེད་དུ་གྲ་སྒྲིག་བྱེད་པའང་ཡིན་ནོ། །
        ཨ་རིས་སློབ་མའི་ཀུན་སྤྱོད་བསམ་ཚུལ་དང་། སྤྱི་དམངས་འདུ་ཤེས། སྤྱི་ཚོགས་ཁུར་སེམས་བཅས་ཀྱི་སྐྱེད་སྲིང་ནི་སྤྱི་ཚོགས་དང་མཉམ་སྐྱོད་མཉམ་དར་བྱེད་པ་རེད། ཨ་རིའི་སློབ་ཆེན་གྱིས་སློབ་མ་སྡུད་སྐབས་སློབ་མ་དེས་མི་གཞན་ལ་རིན་མེད་ཞབས་ཕྱི་བསྒྲུབས་ཏེ་བྱས་རྗེས་བཞག་ཡོད་མེད་ཀྱི་བརྒྱུད་རིམ་ལ་བལྟ་བ་གཙིགས་སུ་འཛིན་པ་རེད། སློབ་གྲྭ་ཕྱོགས་ནས་ཁོ་ཚོས་བསྡུས་པའི་སློབ་མ་ནི་མ་འོངས་པར་སྤྱི་ཚོགས་ལ་བྱས་རྗེས་འཇོག་པའི་མི་རུ་འདོད་བཞིན་ཡོད། རིན་ཐང་ལྟ་བ་འདིས་ཨ་རི་ནས་མི་རབས་ནས་མི་རབས་ལ་གཏིང་ཟབ་པའི་ཤན་ཤུགས་ཐེབས་ཡོད་པ་རེད། ད་ལྟ། འོས་ལས་སྙིང་སྟོབས་ནི་ཨ་རིའི་སྤྱི་ཚོགས་སུ་གཞན་ན་མེད་པའི་རིག་གནས་ཀྱི་ནང་དོན་ཞིག་ཏུ་གྱུར་ཡོད། སློབ་འབྲིང་ནས་བཟུང་ཨ་རིའི་སློབ་གྲྭས་སློབ་མ་རྩ་འཛུགས་བྱས་ཏེ་སྤྱི་ཚོགས་སུ་ཞུགས་ཏེ། རྣམ་པ་སྣ་ཚོགས་ཀྱི་འོས་ལས་བྱ་འགུལ་བསྒྲུབ་ཏུ་འཇུག་པ་མ་ཟད། སློབ་སྐར་དུ་རྩི་བ་རེད། འོས་ལས་སྒྲུབ་པ་ནི་ཨ་རིའི་སློབ་མའི་ངེས་སྦྱོང་སློབ་ཁྲིད་ཅིག་ཡིན། སྤྱི་ཚོགས་ལག་ལེན་གྱི་བྱ་འགུལ་འདི་ལྟ་བུའི་ཁྲོད། སློབ་མའི་གནས་པའི་ཚོར་པ་དང་། ལས་འགན་ཁུར་སེམས། དོན་སྙིང་ལྡན་པའི་ཚོར་པ། རིན་ཐང་ཚོར་པ་རིམ་བཞིན་བསྐྱེད་དེ་ཤུགས་དྲག་ཏུ་གཏོང་བཞིན་ཡོད་དོ། །

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1