གཙོ་ངོས།>> ཞིབ་འཇུག>>རྒྱལ་རོང་ཞིབ་འཇུག

ཐུབ་བསྟན་ཕུན་ཆོགས། རྩོམ་སྒྲིག་པ།ཡོང་ཁུངས།ཀྲུང་གོའི་བོད་ལྗོངས་དྲ་བ། སྤེལ་དུས། ༢༠༡༨ལོའི་ཟླ་བ་༠༤ཚེས་༢༦ཉིན།

༄༅།། འབེ་ལོ་ཚེ་དབང་ཀུན་ཁྱབ་ཤར་རྒྱལ་མོ་རོང་དུ་ཕེབས་པའི་ཟིན་བྲིས་ལ་དཔྱད་པ།

 ཐུབ་བསྟན་ཕུན་ཆོགས།
དང་པོ།  འབེ་ལོ་ཚེ་དབང་ཀུན་ཁྱབ་ཀྱི་ལོ་རྒྱུས་གནད་བསྡུས།
          འབེ་ལོ་ཚེ་དབང་ཀུན་ཁྱབ་ནི་རབ་བྱུང་བཅུ་གཉིས་པའི་ས་ཁྱི་སྤྱི་ལོ་1718ལོའི་ཟླ་བ་བཅུ་གཉིས་པའི་ནང་། ཡབ་འབེ་སྒྲོལ་མ་མགོན་དང་། ཡུམ་བསོད་ནམས་སྒྲོལ་མ་གཉིས་སུ་སྲས་སུ་བོད་ཡུལ་མདོ་ཁམས་སྒང་དྲུག་ལས་མདོ་ཁམས་ཟལ་མོ་སྒང་དང་། སྨར་ཁམས་ཀེ་རེ་སྒང་གི་བར་ནུབ་ཟླའི་ཆུ་ཀླུང་ཆེན་པོའི་ངོགས་འགྲམ་གདན་ས་ཆེན་པོ་འོག་མིན་ཀརྨའི་གཙུག་ལག་ཁང་དང་ལེ་དབར་ཕྱེད་ཙམ་དང་། བཀྲ་ཤིས་ཟུར་མང་དགོན་དང་ལེ་དབར་ཙམ་འགྱང་བའི་བར་ལག་འབེ་རྫ་ཉིན་དམ་ཐོབ་སྒང་ཞེས་ལྷའི་དགེ་བསྙེན་འབེ་རྒྱལ་ཆབ་ལ་ལྗོང་བཀྲམ་གྱིས་བདེ་བར་སྐྱོང་བའི་ཡུལ་དེར་སྐུའཁྲུངས།  
          ཁམས་སྤྲུལ་ངག་དབང་ཀུན་དགའ་བསྟན་འཛིན་ནས་མཚན་ཀརྨ་རྡོ་རྗེ་ཞེས་གནང་། དགུང་ལོ་བདུན་གྱི་ཐོག་ཟུར་མང་ཀརྨ་བསྟན་འཛིན་དབང་ཕྱུག་གི་དྲུང་དུ་ཡོངས་རྫོགས་དགེ་བསྙེན་གྱི་སྡོམ་པ་ཞུས་ཏེ་མཚན་ཀརྨ་ཀུན་ཁྱབ་ཏུ་གསོལ།  དེ་ནས་བཟུང་ཡི་གེ་འབྲི་ཀློག་ནས་བཟུང་བསླབ་གཉེར་གནང་།  དགུང་ལོ་དགུའི་སྟེང་བཀྲ་ཤིས་ཟུར་མང་དགོན་དུ་མྱེས་རིན་པོ་སངས་རྒྱས་རིན་ཆེན་གྱི་དྲུང་དུ་བསྐྱལ་ནས་ཀར་ལུགས་ཀུན་རིག་གི་སྒྲུབ་དཀྱིལ་སོགས་ཆ་ག་ཆོས་སྤྱོད་ཕལ་ཆེར་བློའཛིན་གནང་།  དགུང་ལོ་བཅུ་གཉིས་ཀྱི་ཐོག་ཏུ་ཁུ་བོ་ནས་དགུ་མཐའི་ས་རིས་ཀྱི་རི་མོ་བསླབ་པར་མཛད་ཅིང་བྱེད་རྩིས་ཀྱི་ལྔ་བསྡུས་དང་ཞལ་ལུང་གྲུབ་རྩིས་ཀྱི་རི་མོ་བསླབ་སྟེ་ལི་ཐུ་རྩོམ་བསྒྲིག་གནང་།  དགུང་ལོ་བཅུ་གསུམ་པའི་ཟླ་བ་དང་པོར་ཁུ་བོའི་དྲུང་ནས་ཞ་ལུའི་བཤད་སྦྱར་སྟེང་ནས་སྒྲ་ཀ་ལཱ་པའི་ས་རིས་ཀྱི་རི་མོ་བསླབས་པས་བྱང་ཆུབ་པར་གྱུར།  ཞར་བྱུང་དུ་སྡེབ་སྦྱོར་རིན་འབྱུང་དང་ངོ་མཚར་རྟོགས་བྱེད་ཀྱི་རི་མོ་བསླབས།   དེ་ལོའི་བྱེད་གྲུབ་ཀྱི་ལི་ཐུ་ཉ་སྟོང་གི་གཟའ་ལྔ་བཅས་གཞུང་ལྟར་བཟོས།  དགུང་རང་ལོ་བཅུ་བཞི་པར་ལྷ་ལུང་རི་ཁྲོད་དུ་བསྟན་འཛིན་སྤྲུལ་སྐུ་དང་ཁུ་བོ་བཅས་པའི་དྲུང་དུ་ཟླ་ཤས་བསྡད། གཞུང་དང་རིག་གནས་འགའ་ཞིག་ལ་བསླབ་གཉེར་གནང་།  དགུང་ལོ་བཅོ་ལྔ་པའི་ཆུ་བྱི་སྤྱི་ལོ་1732སོན་སྐབས། བདུད་རྩི་དིལ་ཏུ་ཆོས་འབྱུང་ཕེབས་པར་ཞལ་དཁྱིལ་ཐོག་མར་མཇལ་ཞིང་ཕྱག་དབང་ཐོབ།    དེ་ནས་རྡོ་ནང་དུ་ཕེབས་ནས་ཟླ་བ་དྲུག་ཏུ་བསྡད།  ཐུན་མཚམས་རྣམས་སུ་སྔགས་འཆང་སྙིང་པོའི་དྲུང་ནས་ཨ་རཱ་གའི་གཏོ་སྐོར་གྱི་ལུང་རྣམས་ཞུས། དགུང་ལོ་བཅུ་དྲུག་པའི་ཆུ་གླང་སྤྱི་ལོ་1733སོན་སྐབས་སི་ཏུ་ཆོས་འབྱུང་ཀརྨ་ལྷ་སྟེང་ཕེབས་པར་མཇལ། ལྷ་སྟེང་གི་གཙུག་ལག་ཁང་དུཐོག་མར་འཇམ་དབྱངས་བརྟན་པའི་འཁོར་ལོའི་རྗེས་གནང་ནས་བཟུང་སྒྲུབ་ཐབས་རྒྱ་མཚོའི་རྗེས་གནང་རྣམས་དང་།   ཀར་ལུགས་བདེ་མཆོག་ལྷ་ལྔ་དང་ཕག་མོ་ལྷ་ལྔ་ཀུན་རིག་གི་དཀྱིལ་འཁོར་གྱི་དབང་རྣམས་ཞུས།     དགུང་ལོ་བཅུ་བདུན་པའི་ཤིང་སྟག་སྤྱི་ལོ་1734ལོར། ཟུར་མང་དགེ་ལྡན་ངེས་ལེགས་གླིང་གི་ཁྲི་སྤྲུལ་བློ་བཟང་རྣམ་རྒྱལ་ལ་ཕར་སྒྲ་ཀ་ལཱ་པའི་ས་རིས་ཀྱི་རི་མོར་བསླབས།  ཚུར་ལ་ཕུག་ལུགས་པའི་སྐར་རྩིས་འགའ་རེ་ཚུར་བསླབས། དགུང་ལོ་བཅུ་དགུ་བའི་མེ་འབྲུག་སྤྱི་ལོ་1736ལོར་དང་ཁུ་བོ་གཞོན་པ་འོད་ཟེར་ཡང་སྐུ་གཤེགས་པའི་ཕྱག་རྫས་རྣམས་དགེ་ཕྱོགས་ལ་འགྲོ་ངེས་བྱས།  དེ་ནས་དཔལ་སྤུངས་སུ་ཕེབས་ནས་རྗེ་དབོན་ཀརྨ་དང་།  བསམ་གཏན་སྐུ་མཆེད་མཇལ།  ལོ་དེར་དཔལ་སྤུངས་སུ་བཞུགས་ནས་མགོན་པོ་བེར་གྱི་བསྐང་གསོལ་ཆེན་མོ་དེ་བློའཛིན་བྱས། ཀར་ལུགས་ཀྱི་འདོན་ཆོག་རྣམ་ལ་བྱང་ཆུབ་པར་བསླབས། དགུང་ལོ་ཉེར་གཅིག་ས་རྟ་ལོའི་སྤྱི་ལོ་1738པའི་གནམ་ལོ་གསར་ཚེས་ཀྱི་དབོ་ཟླའི་ནང་དེར་༧འཇམ་མགོན་བླ་མ་མཁན་སློབ་སྦྲགས་མ་དང་། རྗེ་དབོན་ཀརྨ་ནས་ཀྱི་གསང་སྟེ་སྟོན་པ་མཛད་དེ་གྲངས་ཚང་བའི་དགེ་འདུན་གྱི་དབུས་སུ་ཚིག་གསུམ་གྱི་བསྙེན་པར་རྫོགས་པ་ཐོབ།   མིང་སྔར་གྱི་དེ་ལ་ཚེ་དབང་སྦྱར་ཏེ་ཀརྨ་ཚེ་དབང་ཀུན་ཁྱབ་ཅེས་མིང་གཞན་ལས་རིང་བ་འདི་གནང་།    
          དེ་ནས་སི་ཏུའི་རིན་པོ་ཆེའི་མདུན་ནས་ཞྭ་དམར་སྤྱན་སྔའི་ཡིག་ཆ་ལྟར་རླུང་སེམས་གཉིས་མེད་ཀྱི་ཁྲིད་དང་།  པཎ་ཆེན་གྱི་ཡིག་ཆ་ལྟར་སྒྲོལ་དཀར་ཚེ་ཁྲིད་དང་། རིག་འཛིན་ཆེན་པོའི་བདེ་ཆེན་ཞིང་སྦྱོང་གི་ཁྲིད་རྣམས་དང་། སྙན་ངག་མེ་ལོང་མའི་དོགས་གཅོད་ཐར་ཐོར་ཞུས། དེ་ནས་རྒྱལ་མོ་རོང་གི་ཚ་ཀོར་རྒྱལ་པོས་འབོད་པ་ལྟར་རྒྱལ་རོང་དུ་གདུལ་བྱ་ཕེབས།   དགུང་ལོ་རང་ལོ་ཉེར་གཉིས་པའི་ས་ལུག་སྤྱི་ལོ་1739ལོསརྒྱལ་རོང་བསམ་གཏན་དགོན་དང་།  ཁྲོ་ཆུ་ཤུ་བྷ་དགོན་སོགས་སུ་ཕེབས།  དགོན་སྡེ་དེ་དག་གི་གྲྭ་བཙུན་རྣམས་རབ་བྱུང་གི་སྡོམ་གནང་ཞིང་།  ཀར་ལུགས་པའི་འདོན་ཆོས་རྣམས་བློ་འཛིན་བྱེད་བཅུག  རྒྱལ་རོང་དུ་སྡོད་རིང་རྣམས་སུ་ཤི་འདྲེས་བརློམས་པའི་སྐྱ་སེར་མང་པོ་གདོན་ནད་གྲོལ་བར་བྱས། གདུལ་བྱ་ཕལ་ཆེར་ལ་དབང་ལུང་དང་། ཆོས་ཁྲིད་གནང་། སླར་དཔལ་སྤུངས་སུ་ཕེབས་ཏེ་བསྟན་དོན་ཁོ་ནས་དུས་འདའ་བར་མཛད།   
          དབོན་ཀརྨ་བསམ་འཕེལ་སྐུ་གཤེགས་སྐབས་དབོན་གཏན་ལྕགས་རར་པར་སྐུ་མདུན་བཅར་ནས་ཐུགས་གསོས་རྟ་ཞིག་ཕུལ། ལོ་དེའི་དཔྱིད་ཀར་རྗེ་དབོན་ཀརྨའི་དྲུང་ནས་ཆགས་མེད་པའི་སྦྱོར་དཀྱིལ་བཅུ་གཉིས་ཀྱི་དབང་དང་། ཉིད་ཀྱིས་མཛད་པའི་སྡོམ་གསུམ་གྱི་ལུང་རྣམས་ཞུས། དེ་ནས་སླར་ཡང་ཛམ་ཐང་དང་རྒྱལ་རོང་སོགས་སུ་ཕེབས་ཏེ་ཡུལ་སོ་སོའི་གདུལ་བྱ་རྣམས་སྨིན་པོར་གྱི་ལམ་ལ་བཀོད་པས་དད་གུས་ཚད་མེད་ཐོབ། དུས་དེར་ཆི་འདུ་ཧའི་འགྲུལ་པ་ཡུན་ནན་དུ་སོང་བའི་ངག་ལས་༧སྐུ་ཞབས་རྣམ་གཉིས་འཇང་ཡུལ་དུཕེབས་པའི་(ས་སྟག་1758ལོར་ཡིན་པར་འདྲ)སྐད་ཆ་གསལ་པོ་ཐོས། དེ་ནས་ཕུན་ཚོགས་རྫོང་དུ་རྣམ་རྒྱལ་སྟེང་གི་ཀར་དགོན་བཙུགས། བཙུན་ཁྲལ་བརྒྱབསྔུས། ཀར་ལུགས་པའི་འདོན་ཆོག་སྤྱི་རྒྱུག་ཉེར་མཁོ་རྣམས་དང་། ཀར་གླིང་ཞི་ཁྲོ་ཐོས་གྲོལ་གྱི་དབང་ལུང་བྱས། བེར་ནག་ཅན་གྱི་མགོན་ཁང་བཙུགས།  རྟེན་གཏོར་ཟངས་མ་བརྡུང་སྟེ་དངུལ་གྱི་རྒྱན་སོགས་བཅོས།   དེ་དང་སྟབས་གཅིག་ཏུ་རྒྱལ་རོང་ཤུ་སྙ་དགོན་གྱི་རྟེན་གཏོར་ཡང་བཅོས།   
          དགུང་ལོ་ཞེ་གཅིག་པའི་ས་ཡོས་སྤྱི་ལོ་1759ལོར་སྒ་སྐྱེ་རྒུ་མདོར་ཕེབས་སྐབས་དཔལ་ཐང་ནས་འདན་གཞུང་དུཆས་ཏེ་དྲན་ཐང་དུ་དཔོན་བསོད་ནམས་མགོན་པོ་དང་མཇལ། དེ་ནས་མེ་རེ་དགོན་གྱི་ཁང་པ་ཞིང་སོགས་རྩིས་བླངས་ཏེ་རྣམ་རྒྱལ་གླིང་དུ་སླེབས།   དུས་དེར་རྗེ་དབོན་ཀརྨ་ཞིང་དུ་གཤེགས་པའི་སྐད་ངན་ཐོས། དེ་ནས་ཚོས་ལ་བརྒྱུད་དེ་ཤར་དཔལ་སྤུངས་དགོན་དུ་འཇམ་མགོན་བླ་མ་དང་མཇལ།  ཐོག་མ་ཉིད་ནས་རྒྱ་རྩིས་གསར་འགྱུར་སྐོར་གྱི་ཚེ་རྩིས་སོགས་ཀྱི་དཔེ་ཆ་གནང་སྟེ་རྩིས་སྐོར་གྱི་དྲི་བཤད་འགའ་རེ་གནང་བྱུང་།   འབྲས་རྩིས་སྐོར་དང་བག་རྩིས་སྐོར་སོགས་གསར་བསྒྱུར་ཞུས། དེ་ནས་རྒྱ་ཡི་མཁས་པ་ཆེན་པོ་རོ་སྤུ་གསན་གསིན་གྱིས་བསྒྲིགས་པའི་ས་དཔྱད་སྐོར་དཔེའུ་རིས་བཅས་ཀྱི་སྐོར་པུསྟི་ཀ་གཅིག་ཀྱང་གསར་འགྱུར་ཞུས། གཞན་ས་དམིགས་སྐོར་གྱི་པུསྟི་གཅིག་གི་མཛུབ་ཁྲིད་ཀྱང་གནང་།   
          འདི་ཡན་ཀུན་ཁྱབ་ཉིད་ཀྱིས་མཛད་པའི་རང་རྣམ་ལ་གཞིར་བཟུང་ནས་བཀོད་པ་ཡིན། འདི་མན་ཡུལ་མི་དང་དགོན་པའི་བླ་སྤྲུལ་དག་གིས་ངག་སྒྲོས་ལྟར་ཅུད་ཟད་སྤྲོས་པར།   བླ་མ་འདི་ནི་རིགས་ལམ་ཤུགས་མཉེས་པོ་ཡིན་སྟབས་དུས་རྒྱུན་སི་ཏུ་ཆོས་འབྱུང་ལ་ཡང་རིགས་ལམ་གྱིས་རྩོད་པ་སློང་གི་ཡོད་པ། མཆེད་གྲོགས་ཉམས་ལེན་ཅན་རྣམས་ལའང་རྟག་པར་ཉམས་སད་པའི་ཆེད་དུ་ངན་སྨྲས་དང་། ཁ་བཤད་སོགས་ཀྱིས་ཉམས་ལེན་གནང་སྨིན་ཡོད་མེད་བརྟག་ཅིང་ཡོད་པར་ཟེར།  སི་ཏུ་ཆོས་འབྱུང་སྐུ་གཤེགས་པ་དང་སྐུ་གདུང་མཆོད་རྟེན་བཞེངས་རྒྱུའི་ལ་ཐུགས་བརྩོན་ཆེན་པོར་གནང་། སི་ཏུའི་རང་རྣམ་གྱི་རྩོམ་འཕྲོ་དེའི་མཇུག་བསྐྱངས། ཁོངེ་གིས་མཛད་པ་གཙོ་བོར། སྐུ་ཚེ་གང་པོ་སི་ཏུ་ཆོས་འབྱུང་གི་ཕྲིན་ལས་པ་གཙོ་བོར་གནང་ཞིང་། རྩིས་དང་། སྒྲ་རིག་པ། རིགས་ལམ་སོགས་ལ་ལྷག་པར་མཁས། གསུང་ཅོམ་སྐོར་ལ། ཀརྨ་ཚང་ཆོས་འབྱུང་རབས་འབྱམས་ནོར་བུའི་ཟླ་ཤེལ། ཀུན་རིག་དང་། མི་འཁྲུགས་སོགས་ཀྱི་ཆོ་བ་ཁི་རྣམ་བཤད་སྣ་ཚོགས། གྲུབ་མཐའ་སོ་སོའི་བཞེངས་ཚུལ་གྱི་རྣམ་གཞག  པཎ་ཆེན་དཔལ་ལྡན་ཡེ་ཤེས་དང་གླེང་མོལ་བྱས་པའི་ཟིན་བྲིས་སོགས་བརྗོད་བྱ་ཐུན་གྱི་ཁྱད་ཆོས་ཡོད་པའི་གསུང་རྩོམ་འགའ་ཞིག་བཞུགས་ཡོད།   ཕུག་ལུགས་རྩིས་ཀྱི་བསྟན་བཅོས་བེ་དཀར་ལ་དགག་པ་དང་། གཡུ་ཐོག་རྣམ་ཐར་བཀའ་རྒྱ་མ་ལ་དགག་པ་བཅས་ཡོད་འདུག་ཀྱང་ཡོད་པ་ད་ལྟར་ཐོབ་དཀའ་བར་གྱུར་འདུག  
          ཁོ་བོའི་བླ་མའི་གསུང་རྒྱུན་ལྟར་ན།   སི་ཏུའི་ཡང་སྲིད་པདྨ་ཉིན་བྱེད་དབང་པོ་སྐུ་འཁོར་རྣམས་དང་འབྲེལ་ཡག་པོར་མ་ཆགས་པར་དགོན་པ་ལས་ཟུར་དུ་ཐོན་ཏེ་དགོན་པའི་སྟོད་ཕྱོགས་དེར་ཆུ་མིག་འགོ་མ་ཟེར་བའི་ཆུ་འགོ་ཞིག་ཡོད་པ་དེའི་གོང་དེ་བར་ཞིག་སྐུ་མཚམས་བཞུགས་ཏེ་སྐུ་ཚེ་མཇུག་དེར་རྫོགས་འདུག ཁོང་དགོང་མོར་གཟིམ་པའི་སྐབས་སུ་རི་འགོ་དེ་མར་དགོན་པའི་ཆུ་ཁར་མགོ་གཏད་དེ་གཟིམ་ཞིང་ཡོད་པར། དགོན་པའི་བླ་གྲྭ་གཞན་རྣམས་ཀུན་ཁྱབ་ཀྱིས་དགོན་པ་ལ་མཐུ་བཏང་ཞིང་ཡོད་པར་དོགས་ནས།  དགོན་པ་འདི་ཁྱོད་རང་གི་བླ་མའི་དགོན་པ་ཡིན་སྟབས་མཐུ་ཟོར་མནན་གཏད་སོགས་བྱ་མི་རུང་པའི་བསླབ་བྱ་བྱས་པར།   ཁོང་གིས་ཁོ་བོ་མི་ཚེ་གཅིག་ལ་ང་རང་གི་རྩ་བའི་བླ་མ་ལ་རྐུབ་བསྟན་མ་མྱོང་།   དེས་ན་ད་ལྟ་བླ་མའི་སྐྱ་གདུང་དགོན་ནང་དུ་བཞུགས་སྟབས་ངས་མགོ་བོ་དེར་གཏད་དེ་ཉལ་ཞིང་ཡོད་ཅེས་གསུངས་པ་རེད། ཅེས་བཤད་སྲོལ་ཡོད་འདུག  སྐུ་གཤེགས་པའི་རྗེས་སུ་སྐྱ་གདུང་རྗེ་ཉིད་ཀྱི་ཕ་ཡུལ་ཟུར་མང་རྡོ་དགོན་དུ་ཡར་གདན་འདྲེན་ཞུས་པ་རེད་འདུག
          དེ་ལྟར་སི་ཏུ་ཆོས་འབྱུང་སྐུ་གཤེགས་པའི་རྗེས་སུ་ཡང་སྲིད་སྐུ་འཁོར་དང་མ་འཆམ་པ་དང་།  ལྷག་པར་པདྨ་ཉིན་བྱེད་དབང་པོ་ལ་སི་ཏུ་ཆོས་འབྱུང་ལྟ་བུའི་ཐུགས་རིག་གི་རྣམ་དཔྱོད་མེད་པ་དགོངས་པའི་ཐུགས་མ་དགྱེས་པར་བྱུང་ཚུལ་ལ་བརྟགས་ན།  ཁོང་སི་ཏུ་ཆོས་འབྱུང་སྐུ་གཤེགས་རྗེས་དུས་ཡུན་རིང་ཙམ་ཞིག་ཞལ་བཞུགས་ཡོད་པར་གསལ། དེས་ན་ཕལ་ཆེར་སྤྱི་ལོ་1790པའི་ནང་ཙམ་ཞིག་ལ་སྐུ་གཤེགས་ཡོད་པར་འདྲ།          
གཉིས་པ། འབེ་ལོ་ཉིད་ཀྱི་ཟིན་བྲིས།
          (སྤྱི་ལོ་1738 )དེ་ནས་རྒྱལ་མོ་རོང་གི་ཚ་ཀོར་རྒྱལ་པོས་བླ་མ་དང་ལྷ་རྗེ་འབོད་པའི་མི་རྣམས་བྱུང་ཞིང་། བདག་དེར་བླ་མ་ལ་སོང་གསུངས་ཏེ་ཕ་ཡུལ་དུ་ཕ་མ་ལ་འཕྲད་སར་སོང་། མདའ་ནགས་དགོན་མཆོག་རིག་འཛིན་ཚང་དུ་སླེབས།  སྔར་ལུགས་ལྟར་ཉེ་དག་ཕྲན་ཚེགས་བས་མི་གྲལ་དུབརྩི་བ་ནི་ག་ལ་ཡོད།  རྗེ་སྟོད་ཚེ་དབང་གྲགས་པ་དང་མཇལ།  སྔར་བདག་གི་སློབ་དཔོན་ཡིན་ཀྱང་། དེ་ནས་འཆི་མེད་མཛོད་ཀྱི་རྟགས་བསྡུ་དང་།  རྒྱ་རྩིས་གསར་མའི་སྐོར་རྣམས་ཕར་ཕུལ་བས་དགྱེས་ཚོར་ཆེན་པོ་མཛད།  ཁོང་གིས་བདག་ཇོ་རུ་ཨ་གེ་སར་ཡོང་བ་མཁྱེན་པའི་བཀུར་བཟོས་ཆེན་པོ་གནང་ཞིང་གནས་བཅུའི་ཐང་སྐུ་ངོ་མཚར་ཅན་གྱི་རྫོང་བ་བཏབ་པ་སོགས་མཛད། དེ་ནས་རང་ཁྱིམ་དུ་ཕ་མ་དང་འཕྲད་ལ་དེ་ནས་སློབ་དཔོན་ཆོས་གྲགས་མཇལ་སྟེ་ཕྱི་ཕྱག་འཚལ། དེ་ནས་རྔོག་གཞུང་དུ་ཟུར་མང་དྲུང་སྤྲུལ་རིན་པོ་ཆེ་དང་མཇལ། དེ་ནས་རིམ་བཞིན་དངུལ་མདར་རྗེ་དབོན་བསམ་གཏན་དང་མཇལ། དེ་དུས་སྡེ་དགེ་བླ་མ་ཕུན་ཚོགས་བསྟན་པ་བཞུགས་འདུག་ཀྱང་མཇལ་ཕྱག་སོགས་མ་བྱས།  དེ་ནས་དཔལ་སྤུངས་སུ་སླེབ།  དེ་སྐབས་སྐུ་ཞབས་གཉིས་ལྷ་ལུང་ཁུག་ཏུ་དཔོན་བསོད་ནམས་མགོན་པོས་སྤྱན་དྲངས་པར་བཞུགས། དེ་ནས་ཞག་ཤས་ནས་སྐུ་ཞབས་ལྷན་རྒྱས་ཀྱང་ཕེབས་བྱུང་ཞིང་། རྒྱ་ཡི་ལི་ཐུའི་སྐོར་རྣམས་ཞུས།  གནས་བརྟན་བཅུ་དྲུག་གི་རིག་གཏད་སོགས་མཁོ་དབང་ཁ་ཤས་ཞུས། དེ་ནས་ཡབ་སྲས་གཉིས་ཀརྨ་ལྷ་སྟེང་དུ་ཕེབས་སོང་།  རྔེ་དབོན་ཀརྨའི་དྲུང་ནས་མ་མགོན་དང་འཁོར་ལྔའི་རྗེས་གནང་སོགས་ཞུས།   (སྤྱི་ལོ་1738 )དེ་ནས་ཟླ་བ་དགུ་པའི་ཚེས་གསུམ་ལ་ངེད་དང་ལྷ་རྗེ་ཚེ་རིང་དབང་རྒྱལ་བཅས་རྒྱལ་རོང་དུ་སོང་། རོག་གཏམ་དུ་སྡེ་དགེ་འདི་པ་བཞུགས་འདུག་པ་མཇལ། འགྲོ་རྫོང་སོགས་གནང་།  དེ་དུས་འདི་པ་ཁྲི་ཟུར་ཡིན། དེ་ནས་ཧོར་ཁོག་བརྒྱུད་དེ་རྡོ་སྨད་དུ་སླེབ། དཔོན་མགོན་པོ་ལྷུན་གྲུབ་དང་འཕྲད། རྗེས་གནང་ཞིག་ཞུས་སོང་། དེ་ནས་འཛམ་ཐང་ནས་བརྒྱུད་དེ་རྒྱལ་མོ་རོང་གི་སྡེ་འགོར་སླེབ། ཚ་ཀོ་རྒྱལ་པོའི་བསུ་མ་ཡིན་ཟེར་བའི་ཕྱར་ནག་ཅན་གཉིས་བྱུང་། དེ་ནས་ཕུན་ཚོགས་རྫོང་དུ་སླེབ། རྒྱལ་པོ་ཚེ་དབང་ནི་རྒྱ་ནག་བྲག་སྒོར་ཕེབས་སོང་འདུག ཁོང་གིས་དཔལ་ཇོ་མོ་ནང་པའི་བསྟན་པ་རྒྱ་ཆེར་འཛུགས་པའི་སྐབས་སུ་འདུག་མོད།  བླ་མ་ཀུན་དགའ་ལགས་ཀྱང་རྒྱབ་སོར།(རྒྱབ་སོར་ནི་རྗེས་སུ་ཞེས་པའི་ཡུལ་སྐད་ཡིན།)བདག་གིས་དབང་ལུང་རྣམས་ཞུས་ཤིང་བཀའ་དྲིན་ཅན་ཡིན་ན་ཡང་ཐུགས་དམ་སྨར་བ་ཙམ་ལས་གྲུབ་མཐའི་གནད་ནི་ཅི་ཡང་མཁྱེན་གི་མི་འདུག  ངག་དབང་ཕྲིན་ལས་སྐུ་སྐྱེ་ནི་གང་ཡང་ཤེས་མཁན་ཡིན་རྒྱུར་འདུག་ཅིང་། ཇོ་ནང་པའི་སྔགས་ཆོག་རྣམས་ཀྱི་འདོན་ལག་ལེན་ནི་འཇམ་རྡོར་དང་ཞང་ཐར་སོགས་དྲག་རྒྱུར་འདུག་ཅིང་།  ཇོ་ནང་པའི་མདོ་སྔགས་ཀྱི་གནད་ཇི་བཞིན་མཁྱེན་མཁན་ནི་འཇམ་མགོན་བླ་མ་ཁོ་ནར་འདུག་པ་ཁོ་རང་ཆོས་མ་ཤེས་པའི་བླུན་ལས་ཁོ་ནར་གོ་བྱུང་ངོ་།། གཞིས་གཉེར་བས་སྣེ་ལེན་འབྲིང་སྟོད་ཙམ་བྱས།   
          དེ་ནས་ལྕོག་རྩེའི་ཕོ་བྲང་ནས་རིམ་པར་སོ་མང་མཁར་དུ་སླེབས།  སྣེ་ལེན་བཟང་པོ་མི་བྱེད་པའི་ཐོག་ཏུ་སྟོང་སྒྲོབ་ཆེན་པོས་བསྡིག་བཞིན་དུ་ཁང་པ་གོག་པོ་ཞིག་ཏུ་ཞག་མ་ལྔ་ཙམ་དུ་བཞག ལྷ་རྗེ་ནི་ཐུགས་རྒྱལ་ཆེར་བཞེངས། དེ་ནས་ཕོ་བྲང་དུ་འགྲོ་ཆོག་པར་བྱུང་ཞིང་སྐབས་དེར་རྒྱལ་པོ་ཡང་ཤིན་ཏུ་བསྙུན་ཚབས་ཆེ་སྐོར་རེད་འདུག  དེ་ནས་ལྷ་རྗེས་རྒྱལ་པོ་ལ་རྩ་ལྟ་སྨན་སྦྱིན་འདྲ་པྱེད་པའི་སྐབས་བྱུང་སོང་བེར་རྒྱལ་པོས་བླ་མ་འདི་སུ་ཡིན་སོགས་བཀའ་འདྲི་གནང་བར་ལྷ་རྗེས་བླ་མ་ཟེར་བ་འདི་བན་གཟུགས་ཤིག་རེད།  དཔལ་སྤུངས་པའི་གྲྭ་པ་དང་སི་ཏུ་ཚང་གི་སློབ་མ་འདྲ་ནི་ཡིན།  སྤྱིར་འདི་རིགས་བདག་གི་ངོ་ཤེས་པ་དང་རྒྱུས་མེད་ཞུས་འདུག དེ་ནས་ངེད་ལ་རྒྱལ་པོའི་སྐུ་རིམ་ཚེ་སྒྲུབ་གྱིས་ཟེར་བར་དཔལ་སྤུངས་ཀྱི་གྲྭ་བ་རྣམས་ཀྱིས་ཚེ་དཔག་ལྷ་དགུ་བྱས་ན་དགའ་ཟེར་བས། དེའི་ནུབ་མོ་ཚེ་དཔག་ལྷ་དགུའི་སྒྲུབ་དཀྱིལ་དེ་བློ་ལ་བཟུང་། ཞག་བདུན་དུ་ཚར་གཉིས་རེ་བཏང་། དེ་ནས་རྒྱལ་པོ་ལ་ཞག་བདུན་དུ་དབང་རེ་བསྐུར།  ལྷ་རྗེ་དང་ངེད་བཅས་ཀྱི་ཕ་ཡུལ་གང་ཡིན་སོགས་ཡང་ཡང་འདྲི་འདུག་པ་ངེད་ཀྱི་རྒྱུ་མཚན་སྔ་སོར་ལྷ་རྔེ་རང་གི་ཞུས་འདུག་པ་དེ་རང་ཞུས་དག་ཕེར་ངེས་དང་།  ལྷ་རྗེ་ལ་བསྟོད་ར་ཡང་ཆེ་ཞུས།  རྒྱལ་པོ་ཡང་བསྙུན་དྭངས་སོང་།  དེ་ནས་ཟླ་བ་དགུར་ཕོ་བྲང་དུ་བསྡད་དེ་སྐུ་རིམ་འདྲ་གང་དགོས་བསྒྲུབ།  རྒྱལ་པོ་སྐུ་ཡོན་ཆེ་བར་བརླམ་འདུག་ཅིང་།  བདུད་འདུལ་བའི་ཞིང་སྐྱོང་སྐོར་ལ་འདོད་གསོལ་འདྲ་བརྩམས་པ་འགའ་རེ་ཡང་མཛད་འདུག  སྤྱིར་ཐུགས་རིག་ནི་ཤིན་ཏུ་བཟང་བར་འདུག་པས་ཡུལ་དེ་ན་སློབ་དཔོན་མཁས་པ་མེད་པ་མ་གཏོགས་སྐུ་ཡོན་རྒྱ་ཆེར་ཡོང་རིགས་སུ་འདུག་གོ  ཡང་རྒྱལ་པོས་ཁོ་བོ་སློབ་གཉེར་འདྲ་ནི་མཁས་པ་ཡིན་རྒྱུ་དང་།  ནང་དོན་སྐོར་གྱི་ཉམས་ལེན་མེད་ཚུལ་གསན་འདུག་པས། གཏམ་དེ་སུ་ཞིག་གིས་སྨྲས་པ་ཡིན་རུང་དྲང་པོའི་གཏམ་དུ་སྣང་ཞིང་། རྒྱལ་པོ་ནས་ཕྱག་ཆེན་གྱི་ཁྲིད་དགོས་གསུངས་བྱུང་བར་བདག་ལ་ནང་དོན་སྐོར་གྱི་ཉམས་མྱོང་འདྲ་མེད་ཚུལ་དང་།  འོན་ཀྱང་རྒྱལ་པོའི་གསུང་མི་བཟློག་པའི་ཕྱིར་ཕྱག་ཆེན་གྱི་ཁྲིད་ཞུས་ན་ཆོག་ཚུལ་དང་བཅས། ཐུན་མོང་མིན་པའི་སྔོན་འགྲོ་རྣམས་ཀྱི་ཁྲིད་ཞུ་རྩིས་ཀྱི་ཐོག་མར་སྐྱབས་འགྲོའི་ཁྲིད་དང་བཤད་པ་ཅི་ཤེས་ཀྱི་རྒྱས་བཤད་ཉིན་རེ་ཐུན་རེ་ཙམ་བཤད།   མདོ་སྔགས་ཀྱི་ཆོས་ཐམས་ཙད་སྐྱབས་འགྲོར་འདུས་ཚུལ་དང་། སྙིང་པོའི་ཉམས་ལེན་རྣམས་ཀྱང་དོན་དམ་པའི་སྐྱབས་འགྲོ་ཡིན་ཚུལ་སོགས་དང་།  དེ་ནས་སེམས་བསྐྱེད་ཀྱི་ཁྲིད་ཀུན་རྫོབ་དང་དོན་དམ་སེམས་བསྐྱེད་ཀྱི་དབྱེ་བ་ཀུན་རྫོབ་ལ་ཡང་སྨོན་འཇུག་གཉིས་དང་།  ཐེག་པ་ཆེན་པོའི་རྩ་བ་ཡིན་ཚུལ་དང་། སེམས་བསྐྱེད་དང་བྲལ་བའི་གསང་སྔགས་ཀྱིས་གནོད་སྦྱིན་དང་སྲིན་པོ་འགྲུབ་ཚུལ་དང་།  དོན་དམ་སེམས་བསྐྱེད་ཡིན་ཚུལ་སོགས་ཞག་པོ་བཅོ་ལྔ་སྐོར་བཤད།  དེ་སྐབས་ལུང་འདྲེན་རྣམས་བློ་ལ་བཟུངས་ཏེ་ངེས་པར་སྦྱོངས། རྒྱལ་པོས་ཀྱང་སྐྱབས་འགྲོའི་དོན་རྣམས་བློ་ཡུལ་དུ་ཤར་བའི་རྟོགས་འབུལ་འདྲ་མཛད་བྱུང་། སེམས་བསྐྱེད་སྐོར་གྱི་ཞིབ་ཆ་བྱེད་ལོང་མ་བྱུང་།  ཐེག་ཆེན་ཤིང་རྟ་གཉིས་ཀྱི་སེམས་བསྐྱེད་ཀྱི་ཆོ་གའི་ཁྱད་པར་སོགས་བོད་སྤྱིའི་ལུགས་དེ་འདྲའི་རྗེས་ཟློས་ཙམ་བྱེད་པ་ལས་དེ་སྐབས་ཞབས་པད་བསྟེན་ཡུན་ཐུང་བས་མདོ་ཕྱོགས་ཀྱི་སློབ་གཉེར་ཞུ་བ་མ་བྱུང་སྟབས་སྨན་པ་རང་ལའང་ལྗགས་རིང་པོ་ཡོད་གི་མེད་ཟེར་བའི་དཔེ་དེ་ཡིན། དབྱངས་འཆར་དུས་སྦྱོར་གྱི་མོ་རྩིས་པས་ལེགས་ཉེས་ཐོག་ཏུ་འཁེལ་བ་ཤ་སྟག་བྱུང་།    
          དེ་ནས་རང་ལོ་ཉེར་གཉིས་(ས་ལུག173 )པར་ཁམས་སུ་བསམ་གཏན་དགོན་དུ་བོས་པར་སོང་། དེ་ནས་ཁྲོ་ཆུ་ཤུ་སྙ་དགོན་དུ་སླེབ། བཙུན་ཁྲལ་དྲུག་ཅུའི་སྐོར་བསྔུས་འདུག་པ་རྣམས་རབ་བྱུང་བྱས་ཤིང་།   ཀར་ལུགས་པའི་འདོན་ཆོས་རྣམས་བློ་འཛིན་བྱེད་བཅུག   བདག་གིས་ཚེ་རིང་མའི་བསྒྲུབ་པ་ཆགས་མེད་པའི་ལུགས་ལྟར་ཟླ་བ་གཉིས་ཙམ་བྱས་རྟགས་མཚན་ཡང་ལེགས་རབ་བྱུང་།   ལར་གྱི་རྒྱལ་རོང་དུ་སྡོད་རིང་རྣམས་སུ་ཤི་འདྲེས་བརློམས་པའི་སྐྱ་སེར་མང་པོ་དང་།  འཕར་བ་དང་བྱ་གླག་གིས་བ་ཟོག་དང་ཕག་ཕྲུག་དང་།  རེའུ་ལ་འཚེ་བ་རྣམས་ལ་བཀའ་བགོ་རེ་ཙམ་བྱས་པས་ཀྱང་འཕྲལ་དུ་ཕན་པ་དང་།  སྲུང་ནུས་པ་སོགས་སྦྲང་མ་སེར་ཆུང་དང་།  མོ་སྟོན་ཕག་མགོ་སོགས་ཀྱི་གནའ་སྒྲུང་གི་རྗེས་སུ་བྱེད་པ་ཁོ་ན་བྱུང་ཞིང་ཟང་ཟིང་གི་དངོས་པོ་ཆར་འབབ་པ་ལྟར་གྱུར་མོད་ས་ཕྱོགས་དེའི་སྐྱེ་བོ་རྣམས་༧འཇམ་མགོན་བླ་མའི་ཕྲིན་ལས་འཇུག་པའི་སྐལ་བཟང་ཅན་བདག་གི་བློ་ཡི་པདྨོ་སད་པའི་རྐྱེན་ཙམ་གྱུར་པ་ཡིན་ཤས་ནི་ཆེ།བ  དག་ལ་དེ་འདྲའི་ནུས་པ་ཅི་ལ་ཡོད།   
          དེ་ནས་ཡང་སོ་མོ་མཁར་དུ་རྒྱལ་པོ་ནོར་བུའི་དྲུང་དུ་སོང་། ཚེ་རིང་མའི་བཀའ་གཏད་སོགས་མཁོ་དབང་འགའ་རེ་བྱས། ལོ་ཁ་ཤས་ནང་ཀཿ་ཐོག་པའི་གྲ་རྫུན་བླ་མའི་མིང་ཅན་རྣམས་ཀྱིས་མི་ཆོས་བླ་མའི་རྫུན་གྱིས་རྒྱལ་པོ་དབུ་བསྐོར་ཏེ་དཔལ་ཡུལ་པའི་ཆོས་བརྒྱུད་རྣམས་ཀཿ་ཐོག་པའི་ཆོས་བརྒྱུད་ལ་བསྒྱུར་བའི་སྐབས་སུ་འདུག་པ་ལྷ་རྗེ་ངེད་བཅས་གྲོས་བྱས་ཏེ་བཀའ་བརྒྱད་བདེར་འདུས་དང་། བླ་མ་དགོངས་འདུས།     རད་གླིང་གུར་དྲག་དང་ཕུར་པ་རྣམས་ཀྱི་བྲིས་སྐུ་རྒྱལ་པོའི་བོད་ཚད་རེ་བཞེངས་པར་བསྐུལ།  བདག་གིས་རབ་གནས་ཞུས་པས་མཁའ་ལ་འཇའ་སྤྲིན་ཤར་བ་དང་།  བྱ་རྒོད་ལྡིང་བ་རྣམས་བྱུང་།   ཐང་སྐུའི་རྒྱབ་ཏུ་སྔར་སྲོལ་ལྟར་ལོ་དར་བཞིན་སྒྲུབ་མཆོད་ཆག་མེད་འཛུགས་དགོས་པའི་མནའ་ཚིག་གིས་ཡི་གེ་ལ་བདག་གི་ཐེལ་ཙེ་ཡོད་པ་ཞིག་བྲིས།  ཉང་ལུགས་བཀའ་བརྒྱད་བདེར་འདུས་དང་།  རད་གླིང་དྲག་དམར།  རད་གླིང་ཕུར་པ།   བླ་མ་དགོངས་འདུས་ཀྱི་འཆར་ཀའི་ཟོར་བཟློག་དང་། ཀར་གླིང་གི་ཞི་ཁྲོ་རྣམས་ཀྱི་བཀའ་རྒྱ་བཀྲོལ་སྟེ་དཔལ་ཡུལ་པའི་གྲྭ་རྒྱུན་རྣམས་ལ་ཡབ་མེས་ཀྱི་སྲོལ་ལྟར་དེ་རྣམས་ཀྱི་སྒྲུབ་མཆོད་འཛུག་བཅུག   དེ་སྐབས་བདག་ཁྲག་རླུང་འདྲ་མོ་ཞིག་གིས་ཅུང་ཟད་ན། དཔལ་ཡུལ་པའི་བླ་གྲ་རྣམས་ཐུགས་དགེས་ཆེན་པོས་ཆང་། ཕག་ཤ  ཁུར་བ་རྣམས་དང་།  དངུལ་དང་རས་སོགས་ཀྱི་རྙེད་བཀུར་དུ་མའི་དངོས་གྲུབ་ཀྱང་བྱུང་།   
དེ་ནས་སླར་ཁྲོ་ཆུ་པ་སྟོད་ནས་བརྒྱུད་ཁྲོ་ཆུ་ཤུ་བྷ་དགོན་དུ་སླེབ། བཙུན་ཆུང་རྣམས་ལ་དབང་ལུང་ཕྲན་ཚེགས་བྱས། བར་དེར་རྒྱལ་པོ་སྐྱ་མཆེད་ནང་འཁྲུགས་ཤོར་བར་ཆེད་དུ་ཧུའི་དྭ་ཞིང་རྣམས་ཀྱིས་འདུམ་བྱས་པ་ལ་རྒྱལ་པོ་ཚེ་དབང་གིས་མ་བརྩིས་པས་རྒྱ་དམག་ཕྱུར་ཏེ་རྒྱལ་པོ་ཚེ་དབང་དཀྲོངས་ནས་ཏཱ་ཞིང་གཉིས་ཀྱི་ནང་སོ་ཀུན་དགའ་ཆོས་འཕེལ་རྒྱལ་ཆས་བཞེས་ཏེ་ཚེ་དབང་གི་མལ་དུ་བཞུགས་དགོས་པའི་བཀའ་ལུང་སྦྱར་འདུག་པས་བསླབ་པ་ཡར་ཕུལ་དགོས་པས་ངེད་རང་ཤོག་གསུང་པའི་བོང་(བང)ལི་བྱུང་བས་སོ་མང་མཁར་དུ་རྒྱལ་པོ་ནོར་བུ་མཇལ།   
          ནང་སོའི་བསླབ་པ་ཡར་བླངས་དཀོན་མཆོག་སྐྱབས་ཞེས་བཏགས་ཏེ་རྫི་འགགས་ཏུ་ཕེབས་སོང་།    ཇོ་ནང་པའི་བསྟན་པ་ནི་བྱང་ཕྱོགས་ཤམྦྷ་ལར་འཕུར་ཏེ་ཀཿ་དཔལ་གྱི་བསྟན་པའི་མེ་རོ་བསླངས།   དེ་ནས་རྒྱལ་པོ་ཐུགས་བཞེད་ལྟར་ལོ་ཉི་ཤུ་སྐོར་གྱི་གཟའ་ལྔའི་ཉ་སྟོང་གི་ལི་ཐུ་བཅོས།  དབྱངས་འཆར་ཚེས་རྩིས་ལ་བསྟེན་པའི་སྐུ་གེགས་སོགས་བརྩིས།   བདུད་འདུལ་བའི་གཏེར་བྱོན་ཐུགས་རྗེ་ཆེན་པོ་ནམ་མཁའ་རྒྱལ་པོའི་རིལ་བུ་སྒྲུབ་པའི་ལྟ་གོན་ལ་ཨ་མ་གཅིག་སོགས་ཀྱི་ཕབ་རྟ་བྱས་ཏེ་རིལ་བུ་བསྒྲིལ།  བུམ་བསྒྲུབ་ཀྱི་གྲལ་དུ་ཕྱིན་པས་དབང་ལུང་མ་ཐོབ་པའི་དོན་གྱིས་ཞིང་སྐྱོང་གི་ཆོ་འཕྲུལ་རྨིས་ལྟས་འཚུབས་པས་ཞིང་སྐྱོང་གི་གསོལ་ཀ་ཞིག་བཏང་།  གཏེར་སྟོན་འདི་ལ་མོས་པ་ཆེར་མེད་ཅིང་གཏེར་ཆོས་ལ་བརྟགས་ཏེ་ཟོབ་ཆོས་ཤིག་སྙམས་པ་ཡང་ཤར་མོད།  དེ་དུས་ཅུང་ཟད་ངེད་བློ་གྲོས་ཀྱི་ན་ཚོད་བྱིས་པར་གྱུར་པས་ལན་འདུག་ཅིང་ཕྱིས་རྗེ་བཙུན་དཔའ་བོ་སྤྲུལ་པའི་སྐྱ་དང་མཇལ་སྐབས་ཁྱོད་ཀྱི་བསམ་པ་དེ་ཤིན་ཏུ་རྣམ་སྨིན་ལྕི་བས་བཤགས་དགོས་གསུངས་ཏེ་ཡིད་ཀྱིས་བཤགས་པ་ཕུལ།  བཛྲ་གུ་རུ་དང་ཐོད་ཕྲེང་རྩལ་གྱི་ངེས་དོན་གྱི་རྩལ་བཤད་འདི་བྱས་པས་རྗེ་དཔའ་བོ་རིན་པོ་ཆེ་འང་ཐུགས་ཤིན་ཏུ་དགེས་པ་རང་མཛད་སོང་།  
          དེ་ནས་འཇམ་མགོན་བླ་མ་ལྷོ་སྨད་དུཕེབས་པ་དང་། སྡེ་དགེའི་སྐུ་ཚབ་མགོན་པོ་བཀྲ་ཤིས་ཆི་འདུ་ཧུར(རྒྱ་ནག་ཁྲེན་ཏུར)འགྲོ་ལམ་ཚ་ཁོར་ནས་བཏོད་བྱུང་པས་བོད་དུ་འགྲོ་བའི་དགོངས་པ་ཞུས་ཏེ་སྡེ་དགེའི་སྐུ་ཚབ་དང་ངེད་བཅས་ལ་སྟོན་མོ་དང་གནང་སྦྱིན་རྒྱས་པར་གནང་སྟེ་རིམ་པས་རྫི་འགགས་ཏུ་སོང་། ལམ་དུ་ལྕོག་རྩེ་རྒྱལ་པོ་ལ་དབང་བཀའ་ཞིག་བྱས་གནང་སྦྱིན་བཟང་པོ་མཛད་བྱུང་།  རྫི་འགག་ཏུ་སླེབ།   རྒྱལ་པོ་དཀོན་མཆོག་སྐྱབས་དང་མཇལ།  ཞག་བཅུ་སྐོར་བསྡད།  
          དེ་ནས་རྒྱལ་པོ་ཁག་བཞིའི་སྐྱེལ་མི་སོགས་སུམ་བརྒྱ་སྐོར་བྱས་ཏེ་མགོ་ལོག་སྨད་བརྒྱུད་ནས་རྡོ་སྨད་ཀ་ནང་ཟེར་བ་ཞིག་ཏུ་འཇམ་མགོན་བླ་མ་དང་རྗེ་དབོན་ནོར་བུ་བསམ་འཕེལ་བཅས་མཇལ། རྒྱལ་རོང་ཕྱོགས་ནས་བྱུང་བའི་དཀོར་རྫས་རྣམས་ཆུད་ཟོས་མེད་པར་ཚང་མ་སྐུ་མདུན་དུ་ཕུལ།  བདག་རྡོ་སྨད་དུ་བསྡད། འཇམ་མགོན་བླ་མ་སྨར་དུ་ཕེབས་སོང་། དེ་ནས་མི་རིང་བར་འཇམ་མགོན་བླ་མ་ཡང་ཕེབས་བྱུང་། དེར་ཀརྨ་པ་ཞྭ་དམར་ནག་དང་རིག་འཛིན་ཆེན་པོ་འཇམ་མགོན་སི་ཏུ་བཅས་ཀྱི་མཚན་དང་འདོད་གསོལ་སོགས་ལེགས་སྦྱར་བྱས་པའི་ཝརྟུ་པའི་ཡི་གེར་བྱས་པའི་ཀླུང་རྟའི་པར་ཞིག་འདུག་པ།  གཉེར་པ་དགེ་ལེགས་ཀྱིས་འདི་ཀུན་ཁྱབ་ཀྱིས་བོད་སྐད་དུ་བསྒྱུར་ནུས་ཞེས་ཞུས་འདུག་པར་༧སྐུ་ཞབས་ནས་ཁོ་ལ་དེ་འདྲའི་སྒྲ་ཡི་བྱང་ཚད་མེད་འགྲོ་གསུངས་པར།  བདག་གིས་ལེགས་པར་དཔྱད་དེ་མཐའི་ཤ་ལོ་ཀ་གཅིག་མ་གཏོགས་བོད་སྐད་དུབསྒྱུར་བས་འཇམ་མགོན་བླ་མས་བསྔགས་བརྗོད་ཅུང་ཟད་གནང་འདུག  སྐབས་དེར་དཔོན་མོ་ཚང་དུ་སོག་བཟློག་པའི་ཀིང་ཀང་གི་དགྲ་མནན་ཞིག་བྱས། དེ་ནས་སྐུ་ཞབས་དྲུང་ནས་མགོན་པོ་བེར་ལྕམ་དྲལ་དང་། རྣམ་སྲས། ཞིང་སྐྱོང་། དམ་ཅན། སྲིན་མགོན་སྔགས་བདག་རྣམས་ཀྱི་རྗེས་གནང་དང་། རིན་འབྱུང་ནང་ནས་ཤཱཀྱ་རཀྵི་ཏའི་མན་ངག་སྐོར་གྱི་རྗེས་གནང་རྣམས་ཞུས། བླ་མ་དཔལ་སྒྲུབ་ཀྱིས་བཞེད་ངོར།  ཇོ་བོ་རྗེའི་ལུགས་ཀྱི་མི་འཁྲུག་གི་སྒྲུབ་ཐབས་ཀྱི་རྣམ་བཤད་ཉུང་ངུ་འདི་བརྩམས་པས་རྗེ་དབོན་ནོར་བུ་བསམ་འཕེལ་གྱིས་བདག་ལ་བསྔགས་བརྗོད་དུ་མ་གནང་།  དེ་ནས་སྐུ་ཞབས་སྒར་པ་རྡོ་སྟོད་ནས་ཡིད་ལྷུང་དང་ཁྲོ་ལ་བརྒྱུད་ཕེབས་པ་དང་བསྡེབས་ནས་དཔལ་སྤུངས་སླེབ། རྗེ་དབོན་ཀརྨ་མཇལ་ཏེ་དངུལ་རྡོ་ཚད་སོགས་ཕུལ།  ཐུགས་དགྱེས་ཚོར་དཔག་མེད་མཛད།
          དེ་ནས་ཕ་ཡུལ་དུ་ཕ་མ་དང་གཉེན་འབྲེལ་བ་རྣམས་དང་འཕྲད་པར་འགྲོ་གཤམས་ཀྱིས། འཇམ་མགོན་བླ་མའི་དྲུང་དུ་ཁོ་བོ་ལ་བོ་གདོང་པའི་རྒྱུད་སྡེ་སྤྱི་རྣམ་ཞིག་གི་གོ་ཁྲིད་ཅིག་ཞུ་ཞིང་དེ་ནས་ཟུར་མང་དུ་སྡོད་ཅིང་བར་བར་དུ་སྐུ་མདུན་ལ་མཇལ་བར་སླེབ་ཡོང་ཞུས་པས།  རྗེ་ཡི་ཞབས་ནས་ད་ནས་བཟུང་འདིར་འདུག་དགོས་ཚུལ་དང་། སྒྲ་ཙནྡྲའི་འགྲེལ་པའི་ཕྱེད་ཙམ་བརྩམས་གྲུབ་འདུག་པའི་གླེགས་བམ་མཇལ་ཀ་གནང་སྟེ་འདི་སློབ་ན་ལེགས་ཚུལ་སོགས་ཐུགས་ལ་བཏགས་པའི་བཀའ་མཆིད་དུ་མ་དང་བཅས་སྨོན་ལམ་ཕྱག་རིས་ཤིག་གནང་བར་པཎྜི་ཏ་ཚེ་དབང་ཀུན་ཁྱབ་ཅེས་པའི་མིང་སྐམ་བཅས་གནང་འདུག་ཅིང་། འདི་ཙམ་ནས་ནང་ལྟར་དུ་འཛམ་གླིང་རྒྱལ་པོ་སེང་ལུའི་མགོ་ཚུགས་པ་ཡིན། དེ་ནས་ཀེ་སྟོད་བརྒྱུད་དེ་འོང་།   རྗེ་ཁམས་སྤྲུལ་རིན་པོ་ཆེ་དང་མཇལ།  དགྱེས་ཚོར་ཆེན་པོ་གནང་། བྱ་བཏང་སྤྲུལ་པའི་སྐུ་དང་མཇལ།  མདའ་ནགས་ཚང་དུ་སླེབ་ཀྱང་རྒྱུ་ཆས་ཅི་ཡོད་དྲི་མ་ཙམ་ལས་གཞན་མི་འདུག དེ་ནས་རྗེ་སྟོད་དུ་ཞང་པོ་ཚེ་དབང་གྲགས་པ་དང་མཇལ།  རྒྱ་རྩིས་དང་རིག་གནས་སྐོར་གྱི་སྐད་ཆས་དུས་འདའ་བ་བྱུང་། དེ་ནས་དྲིན་ལྡན་གྱི་ཕ་མ་གཉིས་སོགས་དང་ཐུག  ཞག་པོ་ཉི་ཤུའི་སྐོར་བསྡད།  དེ་ནས་དྲིན་ལྡན་གྱི་ཕ་མ་ཡང་མཐོ་རིས་སུ་གཤེགས་སོང་།   
          དེ་ནས་ཤར་ཕྱོགས་རྒྱལ་མོ་རོང་དུ་བླ་མ་ཀུན་དགའ་ལགས་ཀྱི་དྲུང་ནས་༧རྗེ་བཙུན་སྒྲོལ་མགོན་ཞབས་ཀྱི་གསུང་འབུམ་རྣམས་ཀྱི་ལུང་དང་།   འཇིགས་མཛད་དྲུག་ཅུ་པའི་ཕྱག་ལེན་དང་དབྱངས་གདངས་སློབ་པ་ལ་སོང་གསུངས་པ་ལྟར་རྫ་སྟོད་ནས་སྙི་ཁོག་བརྒྱུད་དེ་རྡོ་སྟོད་སྨད་དུ་སླེབ། རྡོ་སྟོད་དཔོན་རྙིང་འབུམ་ཐེར་བོ་ཆུང་བའི་རུ་ནང་དུ་བསྡད་འདུག་པ་རྗེ་དབོན་བླ་མའི་བཀའ་བཀོད་ལྟར་དུས་མཐར་ཁྱི་འཁྱམས་ཕུད་པ་ལྟར་བྱས། མགུ་ལོག་དཔོན་དམག་ཟོར་དང་རིག་འཛིན་ལྷ་མོ་ལྕམ་དྲལ་དང་།  དཔོན་སྲས་ཚེ་དབང་ནོར་བུ་ལ་དབང་ཀ་ཁ་ཤས་བྱས།   རྡོ་སྨད་བླ་མ་དཔལ་གྲུབ་དང་དཔོན་མོ་གཉིས་དགྱེས་ཚོར་དཔེ་མེད་མཛད་འདུག  དེ་ནས་འཛམ་ཐང་བརྒྱུད་དེ་རྒྱལ་རོང་དུ་རིམ་པར་སོང་། རྒྱལ་པོའི་བསུ་བ་རྣམས་རིམ་པར་སླེབ། ཕུན་ཚོགས་རྫོང་དུ་རྒྱལ་པོ་དཀོན་མཆོག་སྐྱབས་དང་མཇལ། ས་གཡོས་ཤིག་བྱུང་།  ཁྲོ་སྐྱབས་ནས་བཟུང་པའི་མི་ཞིག་གིས་རྒྱལ་པོའི་བླ་གཡུ་དང་དངུལ་བུམ་སོགས་མང་པོ་ཁྱེར་ཏེ་བྲོས་སོང་བར་བདག་གིས་ཀརྨ་ཆགས་མེད་པའི་ལུགས་ཀྱི་རྐུན་མ་མགོ་འཁོར་བྱས་པས་ཞག་བདུན་སྟེང་མི་དེ་མགོ་འཁོར་བྱུང་། ཡང་མོ་སྟོན་ཕག་མགོས་རྒྱལ་པོའི་བླ་གཡུ་བཏོན་པའི་རྣམ་ཐར་དེ་དྲན། དེ་ནས་རྒྱལ་པོ་ལ་བདེ་གླིང་གཏེར་བྱོན་ཚེ་བསྒྲུབ་རྡོ་རྗེ་རྒྱ་མདུད་ཀྱི་དབང་བརྒྱ་ཞིག་བྱས། དེ་ནས་ཀུན་བཟང་དབང་པོའི་དབོན་པོ་བླ་མ་ཀུན་དགའ་རྣམ་རྒྱལ་གྱི་དྲུང་༧ཇོ་ནང་སྒྲོལ་མགོན་ཞབས་ཀྱི་གསུང་འབུམ་རྣམས་ཀྱི་ལུང་དང་། སྒྲུབ་ཐབས་རིན་འབྱུང་གི་དབང་ཕལ་མོ་ཆེ་ཞིག་དང་། རྒྱལ་ཐང་ལུགས་ཀྱི་གཅོད་དབང་གི་ཁྲིད་རྣམས་ཞུས། དེར་ཆི་འདུ་ཧུའི་འགྲུལ་པ་ཡུ་ནན་དུསོང་བའི་ངག་ལས་7སྐུ་ཞབས་རྣམ་གཉིས་འཇང་ཡུལ་དུ་ཕེབས་པའི་    (ས་སྟག་1758ལོར་ཡིན་པར་འདྲ)སྐད་ཆ་གསལ་པོ་ཐོས། རྒྱལ་པོའི་སྐུ་རིམ་དུ་གྲོ་ལོད་དདང་། ཏྲཀྵད་ཀྱི་ལས་ཟོར་བཅས།  བླ་མ་འཇམ་པའི་རྡོ་རྗེའི་དྲུང་ནས་དུས་འཁོར་གྱི་ཕྱག་ལེན་དང་།  འཇིགས་མཛད་དྲུག་ཅུ་པ།  མདེལ་ཐུང་བཞི་བཅས་ཀྱི་ཕྱག་ལེན་ཞུས་ཤིང་། ཕྱག་ལེན་དེ་དག་གི་འདྲ་འབག་བཅས་བསྒྲུབས།  རྭ་པའི་འཇིགས་མཛད་སྙན་རྒྱུད་ཀྱི་ཁྲིད་ཡིག་ལྷ་དབང་གྲགས་པའི་རེག་ཟིག་མ་དང་། རྗེ་དྲུང་ཡེ་ཤེས་རྒྱ་མཚོའི་རེག་ཟིག་གཉིས་ཀྱི་སྟེང་ནས་ཞིབ་པར་ཞུས།  བསྒྲུབ་ཆེན་རྟ་ཁལ་མའི་ཕྱག་ལེན་དང་འདྲ་འབག་ཀྱང་ཞག་ཤས་བསྒྲུབས།  རྭ་པའི་འཇིགས་མཛད་སྙན་རྒྱུད་ཀྱི་སྐོར་འདི་རྣམས་རྭ་པའི་ཞལ་ངོ་ནང་བརྒྱུད་རང་ཡིན་ཅིང་། ཕྱིས་ཀྱི་སྤྱི་བརྟོལ་ཅན་དག་གིས་བྱས་པའི་རྭ་ཁྲིད་མཁའ་འགྲོའི་སྙན་རྒྱུད་དུགྲགས་པའི་བསླུ་ཆོས་དེ་འདྲ་ལ་ཉམས་ལེན་བྱས་ཀྱང་གར་ཡང་མི་ཕྱིན་ནོ།  
          དེ་ནས་ཕུན་ཆོགས་རྫོང་དུ་རྣམ་རྒྱལ་སྟེང་གི་ཀར་དགོན་བཙུགས།   བཙུན་ཁྲལ་བརྒྱ་བསྡུས། བདག་གིས་རབ་བྱུང་བྱས། ཀར་ལུགས་པའི་འདོན་ཆོག་སྤྱི་རྒྱུག་ཉེར་མཁོ་རྣམས་དང་། ཀར་གླིང་ཞི་ཁྲོ་ཐོས་པོར་གྱི་དབང་ལུང་བྱས། བེར་ནག་ཅན་གྱི་མགོན་ཁང་བཙུགས། རྟེན་གཏོར་ཟངས་མ་བརྡུང་སྟེ་དངུལ་གྱི་རྒྱན་སོགས་བཅོས།   དེ་དང་སྟབས་གཙིག་ཏུ་རྒྱལ་རོང་ཤུ་སྟ་དགོན་གྱི་རྟེན་གཏོར་ཡང་བཅོས།  རྒྱལ་པོ་ནོར་བུས་ཁོ་བོ་ཤོག་གསུང་མོད་ཀྱང་།  དུས་དེང་སེང་སྤྲུལ་པའི་སྐུ་དང་།  གྲུབ་ཐོབ་སོགས་ཀྱི་མིང་ཆེན་པོ་ཞིག་དང་ལྡན་ཞིང་། མངོན་ཤེས་སད་སུད་ཡོད་པའམ། མེད་ཀྱང་ཡོད་པ་ལྟར་བྱེད་པ་སོགས་དགོས་ཀྱིན་འངུག་པས་ཁོ་བོས་ཤེས་ཚོད་འདིས་ས་ཆེན་པོ་ཞིག་གཤག་ཐུབ་མི་འོང་བསམ་ནས་མ་སོང་བས་རྒྱཔ་པོ་ཅུང་ཟད་མ་བཪྙེས་འདྲ་ཡང་རྒྱ་དངུལ་རྡོ་ཚད་སོགས་གནང་སྦྱིན་ཆེན་པོ་བྱུང་།  དེ་ནས་རིག་འཛིན་གཏེར་བདག་གླིང་པའི་རྒྱལ་སྲས་རིན་པོ་ཆེ་རྣམ་རྒྱལ་གྱི་སློབ་མ།  བླ་རྒན་འགྱུར་མེད་ཆོས་དབང་ལས། སྨིན་གླིང་པའི་བསྒྲུབ་ཐབས་འདོད་འཇོ་བུམ་བཟང་གི་དབང་ཕལ་མོ་ཞིག་དང་། འཇམ་དཔལ་གཤིན་རྗེ་དྲེགས་པ་འཇོམས་བྱེད་ཀྱི་དབང་ལུང་རྣམས་ཞུས། ཉེ་གནས་ནོར་རྒྱལ་ལ་ཞུད་ཀ་ཅུང་ཟད་བརྒྱབ་པ་ལ། རོང་བླ་གུར་དྲག་དུང་ཕྱུར་སོང་བ་ཡིན་ཟེར་བ་ཞིག་གིས་དབང་འདྲ་བྱས་ཀྱང་ཅུང་ཟད་ཙམ་ཡང་མ་ཕན།  བདག་གིས་གཅོད་ཐུན་མཐའ་གཏད་བྱས་པས་སིངས་ཀྱིས་གྲག་སོང་། རོང་པོ་ཀརྨ་རིག་འཛིན་ལ་ཕུར་པ་ཇོ་མོ་ལུགས་ཀྱི་དབང་རྣམས་ཞུས། ཡང་འགྱུར་མེད་ཆོས་དབང་དྲུང་ནས་གཏེར་སྟོན་བྱང་ཆུབ་པའི་གུར་དྲག་ཡེ་ཤེས་རབ་འབར་གྱི་དབང་ཆེན་དེ་ཡང་ཞུས།  སྐྱོ་མ་སྐྱོ་ཡི་ཡུལ་དེར་ངོར་ལུགས་ཀྱི་དགོན་ཆུང་བདུན་འདུག་པ་རྒྱལ་པོས་ཀར་ལུགས་བྱས་ན་ལེགས་གསུངས་ཀྱང་དེ་རིགས་ལ་7འཇམ་མགོན་བླ་མ་ཐུགས་དགེས་མི་ཡོང་བསམ་སྟེ་བཏང་སྙོམས་སུ་བཞག དེ་དུས་རྒྱལ་སྲས་རིན་ཆེན་སེང་གེ་འདི་ཁོ་བོར་ཚ་བོ་བྱེད་རྒྱུར་རྒྱལ་པོས་གནང་བ་ཡིན། རྒྱལ་པོས་གནང་སྦྱིན་དུ་མ་བསྟབས་བྱུང་ཞིང་དེ་ནས་རྡོསྨད་དུ་འབྱོར། བླ་མ་དཔལ་གྲུབ་ལ་གྲུབ་ཐོབ་བརྒྱད་ཅུ་རྩ་བཞི་སོགས་ཀྱི་དབང་ཕུལ།  དཔོན་མོ་བསྙུང་བ་ངེད་དང་དཔལ་གྲུབ་ཀྱིས་གཅོད་ཚོགས་བྱས་པས་འཕྲལ་དུ་བསྙུན་དྭངས་བར་གྱུར།  རྙིང་མའི་བླ་མ་ནང་དོན་གྱི་བདག་པོར་སྙེམས་པ་གུར་དྲག་གི་བསྙེན་པ་ཐེམ་པ་ཡིན་ཟེར་བ་མང་པོས་རཏྣའི་གུར་དྲག་གི་བསྒྲུབ་བཟློག་སྔགས་རྒྱུན་བཅས་སྔ་ཕྱི་འགའ་མཛད་འདུག་ཀྱ只་བསློང་བ་ཙམ་ཡང་ཡོང་གི་མི་འདུག  ངེད་ཀྱི་གཅོད་རྒྱུད་འདི་ཨ་མ་ལབ་མ་ནས་བཟུང་འཇམ་མགོན་བླ་མའི་བར་དུ་གྲུབ་ཐོབ་ཀྱི་བརྒྱུད་པ་ཟང་མར་གྱུར་པའི་བྱིན་རླབས་ཀྱི་བབས་སུ་སྣང་བ་ལས།  ཁོ་བོ་ལ་རྒྱུན་ཁྱེར་ཙམ་བྱེད་པ་ལས་གཞན་པའི་གཅོད་སྐོར་ཉམས་ལེན་ནི་མེད་ཅིང་།  ཡོད་ཀྱང་ཅི་ལ་ཡོད།  ཐོག་མར་ཕཊ་སྒྲས་འཁོར་བའི་འཁྲིས་ཐག་ནི་མ་ཆོད།  བར་དུ་ཕཊ་ཀྱིས་བདག་འཛིན་ངན་པ་འདི་ནི་མ་ཆོད། དུས་ཀུན་ཏུ་ཕཊ་སྒྲས་གཟུང་འཛིན་གྱི་གཉིས་སྣང་ཆོད་པ་ནི་ལྟ་ཅི་སྨོས།    མདོར་ན་གཅོད་རྒྱུའི་སྙེམ་རྟོག་ཅེས་པ་མཉམ་བཞག་གི་འཛིན་སྟངས་ལ་ཟེར་བས། མཉམ་བཞག་མེད་པ་ལ་འཛིན་སྟངས་ག་ལ་ཡོད།  དེ་བས་ན་བདག་གི་གཅོད་འདི་ནི་སྨོན་པ་སེམས་བསྐྱེད་ཙམ་དུའང་འགྲོ་གིན་མི་འདུག་ཅིང་ཟབ་མོ་བདུད་ཀྱི་གཅོད་ཡུལ་གྱི་ཤུན་ལྤགས་ཕྱི་མ་ལས་ཆེས་ཕྱི་མར་གྱུར་པ་འདི་གར་འདུག    དེ་ནས་རྡོ་སྟོད་དཔོན་མོ་རིག་འཛིན་ལྷ་མོ་དང་འཕྲད་ཅིང་གསོལ་རས་འདྲ་བཟང་པོ་གནང་བྱུང་། དེ་ནས་ཁྲོ་ཚང་བྲང་བརྒྱུད་དེ་དཔལ་སྤུངས་སུ་སླེབས།
          རྩོམ་པ་པོ་ངོ་སྤྲོད།
          ཐུབ་བསྟན་ཕུན་ཚོགས། (1956-)སྐྱེས་ཡུལ་ཁམས་སྡེ་དགེ།  ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་བོད་རིག་པ་ཞིབ་འཇུག་གླིང་གི་དགེ་རྒན་ཆེན་མོ་ཡིན།
 

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1