གཙོ་ངོས།>> ཞིབ་འཇུག>>ལོ་རྒྱུས།

ས་འགོ་སྤྲུལ་སྐུ་ནོར་བུ་དྲི་མེད། རྩོམ་སྒྲིག་པ།ཡོང་ཁུངས།ཁམས་པའི་དྲ་བ། སྤེལ་དུས། ༢༠༡༨ལོའི་ཟླ་བ་༠༤ཚེས་༢༦ཉིན།

༄༅།། ཁམས་བྲག་མགོ་བ་གནས་བྲག་གི་ལོ་རྒྱུས་མཐོང་བ་དོན་ལྡན།

        

        ཁམས་ཕྱོགས་སུ་གསུང་གི་གནས་ཆེན། བ་ཐིམ་ཤིང་རྒྱལ་བའི་དབེན་གནས་ཞེས་གྲགས་པའི་མཚན་སྙན་ཕྱོགས་བཅུར་ཁྱབ་པའི་གནས་རི་འདིའི་ལོ་རྒྱུས་མདོ་ཙམ་བརྗོད་ན། སྤྱིར་རྒྱལ་སྲས་རིགས་གསུམ་མགོན་པོས་བྱིན་གྱིས་བརླབས་ཤིང་། ཁྱད་པར་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔའི་ཐུགས་རྗེ་ཤར་བའི། ཁམས་ཀྱི་གནས་ཆེན་ལྔའི་ནང་ཚན། གསུམ་པ་གནས་བྲག་ནི། པདྨ་བཀའ་ཡི་ཐང་ཡིག་ལས། མཁའ་འགྲོའི་ཕུག་པར་ཟླ་བ་བཞི་ཞེས་པ་ལྟར། སློབ་དཔོན་སངས་རྒྱས་གཉིས་པ་རྫུ་འཕྲུལ་གྱི་སྟོབས་ཀྱིས་བྱོན་ནས་གནས་དེར་ཟླ་བ་བཞིར་བཞུགས་ནས་གསུང་གི་གནས་སུ་བྱིན་གྱིས་བརླབས། དེ་ཡང་བ་གནས་ཞེས་པའི་མིང་ཐ་སྙད་ནི། ལོ་ཆེན་བཻ་རོ་ཙ་ན་རྒྱལ་མོ་ཚ་བ་རོང་དུ་ཕེབས་སྐབས་ཁོང་གི་དབང་རྟེན་གྱི་གཟུངས་མ་ཡིད་འཛིན་དབང་མོའམ། མཁའ་འགྲོ་མ་སུ་ཀ་སིདྡྷི་བ་མོའི་གཟུགས་སུ་སྤྲུལ་པ་ཉིད། དགོས་པའི་དབང་གིས་གནས་དེའི་ཤིང་སྡོང་ཞིག་ལ་ཐིམ་ནས་ཤིང་གི་གཟུགས་སུ་འགྲོ་དོན་མཛད་པས་ན། བ་ཐིམ་ཤིང་རྒྱལ་བའི་དབེན་གནས་ཞེས་སུ་གྲགས། ལོ་ཆེན་བཻ་རོ་ཙ་ནས་གནས་འདིའི་ཕུ་མདའ་རྣམས་སུ་ཟབ་མོའི་ཆོས་སྐོར་མང་པོ་གཏེར་དུ་སྦས་ནས་ཟླ་བ་བདུན་དུ་སྒྲུབ་པ་མཛད་ཅིང་གནས་རི་བྱིན་གྱིས་བརླབས་སོ།། གནས་འདི་ལ་སྤྱན་རས་གཟིགས་ཀྱི་གནས་རི་དང་། ཕྱག་ན་རྡོ་རྗེའི་གནས་རི། འཇམ་པའི་དབྱངས་ཀྱི་གནས་དང་གསུམ་ལས། སྤྱན་རས་གཟིགས་ཀྱི་གནས་རི་ཨོ་རྒྱན་ཤེལ་གྱི་སྒྲུབ་ཕུག་གི་འདབས་སུ།  ཁྲོ་རྒྱལ་སྨེ་བརྩེགས་ཀྱི་སྒྲུབ་ཆུ་ཡན་ལག་བརྒྱད་དང་ལྡན་པར། དཔལ་ན་ག་ཀླུ་འདུལ་དང་། སྨྲ་བའི་སེང་གེ། སྤྱན་རས་གཟིགས། ཚེ་དཔག་མེད། ཞི་ཁྲོ་དམ་པ་རིགས་བརྒྱ་སོགས་ཀྱིས་བྱིན་གྱིས་བརླབས་པའི་སྒྲུབ་ཆུ་འདི་ཉིད། བཏུང་བ་ཙམ་གྱིས་གྲིབ་དང་རྒྱལ་ཤུགས་སྐྱི་གནོད་པ་སེལ་བ། ཤེས་རབ་འཕེལ་བ། ངན་སོང་གི་སྐྱེ་སྒོ་ཁེགས་པ། དུས་མིན་འཆི་བའི་འཇིགས་པ་ལས་སྐྱོབས་པ་སོགས་ཡོན་ཏན་དུ་མ་དང་ལྡན་པའི་སྒྲུབ་ཆུ་དང་། འཕགས་མཆོག་ཐུགས་རྗེ་ཆེན་པོའི་ཡང་སྙིང་། གསུང་མཆོག་ཡི་གེ་དྲུག་མ་རང་བྱོན་དུ་ཤར་ཡོད། སྒྲུབ་ཕུག་གི་སྟེང་ཕྱོགས་སུ་ལྷ་ལུང་དཔལ་གྱི་རྡོ་རྗེ་བཞུགས་ནས་བྲག་རི་བྱིན་གྱིས་བརླབས་པར། ངོ་མཚར་རྡོ་ཡི་མཆོད་རྟེན་བྲག་ལ་འབུར་དོད་དུ་ཤར་ཡོད། སྒྲུབ་ཕུག་གི་གཡོན་དུ་མཁར་ཆུ་དཔལ་གྱི་དབང་ཕྱུག་གི་སྐྱེ་མཐའ། གཏེར་སྟོན་མ་ཏི་རཏྣའི་ཟབ་གཏེར་སེང་གདོང་བདུད་འདུལ་དྲག་མོའི་ཆོས་སྐོར་སྤྱན་དྲངས་པའི་གཏེར་སྒོ་དང་། འཇའ་ཚོན་བྲག་ཏུ། རིག་འཛིན་ཆོས་རྒྱལ་གླིང་པའི་ཟབ་གཏེར། རྫོགས་ཆེན་ལྟ་བ་ཡང་གསང་དང་། པདྨའི་རྣམ་ཐར་དྲི་མེད་འོད་ཟེར། སེང་ཧ་དམར་མོ་སོགས་གཏེར་དུ་དྲངས་པའི་གཏེར་སྒོ་ཡོད། བྲག་གི་ངོས་སུ་མཁའ་འགྲོ་མ་སེང་གེའི་གདོང་པ་ཅན་གྱི་སྐུ་དང་། མཁན་སློབ་ཆོས་གསུམ་གྱི་སྐུ་རང་བྱོན་ཡོད། མདུན་ངོས་སུ་ལྷ་ལུང་དཔལ་གྱི་རྡོ་རྗེའི་ཆིབས་མཛོའི་རྨིག་རྗེས་དང་། གཡོན་ཟུར་དུ་གཡུང་དྲུང་བོན་གྱི་བོན་ལྷ་ཚེ་དབང་རིག་འཛིན་དང་། ཁྲོ་རྒྱལ་སྟག་ལྷ་མེ་འབར་གྱི་སྐུ་རང་བྱོན་དུ་ཤར་ཡོད། གཞན་ཡང་རྟ་མགྲིན་སྒྲུབ་ཕུག་ཏུ་གྲུབ་ཆེན་ལྒ་ལོ་པས་དཔལ་རྟ་མགྲིན་གྱི་སྒྲུབ་པ་མཛད་པས། རྟ་ཕག་ཡབ་ཡུམ་གྱིས་བྱིན་གྱིས་བརླབས་པའི་གནས་ཁྱད་པར་ཅན་ནོ། །  ཕྱག་ན་རྡོ་རྗེའི་གནས་རི་ན། ལོ་ཆེན་བཻ་རོ་ཙ་ནའི་སྒྲུབ་ཕུག་དང་། ཕྱག་ན་རྡོ་རྗེའི་སྐུ་བྱོན་དང་ཚེ་ཆུ་འཆི་མེད་དཔལ་སྟེར་སོགས་ཡོད་དོ།།  འཇམ་པའི་དབྱངས་ཀྱི་གནས་རིའི་ངོས་སུ། དུས་ཆེན་རྣམས་སུ་རོལ་མོ་སྣ་ཚོགས་ཀྱི་སྒྲ་རང་གྲགས་པ་དང་། དད་ལྡན་གྱི་སྐྱེ་བོ་འགའ་རེས། ཨ་ར་པ་ཙའི་སྔགས་སྒྲ་ཐོས་པ་དང་། ལྷའི་ཞལ་མཐོང་པ་སོགས་ཀྱི་ལོ་རྒྱུས་ཡོད་དོ།།  ལྷ་ཤིང་མདོ་དུ་དུར་ཁྲོད་ནི། འཕགས་ཡུལ་ནས་དུར་ཁྲོད་ཆེན་པོ་བརྒྱད་དང་དངོས་མཉམ་ཡིན་པ། དབྱིག་གཉེན་སྤྲུལ་པ་མཆོག་སྤྲུལ་ཚུལ་ཁྲིམས་བཟང་པོ་དང་། གཏེར་ཆེན་ལས་རབ་གླིང་པ་སོགས་གྲུབ་བརྙེས་ཀྱི་རིག་འཛིན་མང་པོས་བྱིན་གྱིས་བརླབས་པའི་དུར་ཁྲོད་ཡིན་ནོ།། གཞན་ཡང་ཁྲོ་ཆུའི་བྲག་གི་དབུས་སུ་ཨོ་རྒྱན་གྱི་སྒྲུབ་ཕུག་ནང་དུ། གར་དབང་ཆོས་རྒྱལ་གླིང་པའི་ཕྱག་རྗེས་དང་། ཞི་ཁྲོ་ལྟ་བ་རང་གྲོལ་དང་། མགོན་པོ་མ་ནིང་སྡེ་ལྔ་རྣམས་ཀྱི་ཆོས་སྐོར་སྤྱན་དྲངས་པའི་གཏེར་སྒོ་དང་། ཁྲོ་ཆེན་བཅུའི་སྒྲུབ་ཕུག་སོགས་ཡོད། གནས་གསར་དུ་རིག་འཛིན་ཆོས་རྒྱལ་གླིང་པས་ཟབ་གཏེར་གུ་རུ་དང་རྟ་མགྲིན་ཕུར་པ་སྤྱན་དྲངས་པའི་གཏེར་སྒོ་དང་། གནས་མདུན་དུ་ལྷ་ལུང་དཔལ་གྱི་རྡོ་རྗེའི་ཞབས་རྗེས་དང་ཆབས་མཛོའི་རྨིག་རྗེས། གཏེར་ཆེན་སངས་རྒྱས་གླིང་པའི་གཏེར་སྒོ་སོགས་ཡོད། ལུང་པའི་མདའ་ན་ལོ་ཆེན་བཻ་རོ་ཙ་ནའི་སྐུ་རྗེས་དང་། སྒྲུབ་ཆུ་བྱིན་ལྡན་རྣམས་བཞུགས་སོ།། དེ་ལྟར་འཕགས་པ་རིགས་གསུམ་མགོན་པོའི་གནས་རི། ཁམས་ཕྱོགས་གསུང་གི་གནས་ཆེན་འདིའི་ཕྱོགས་བཞི་དབུས་ལྔར། གནས་ཕྲན་དང་སྒོ་སྲུང་གི་ལྔ་རུ་གྲགས་པ་ནི། ལུང་བྱང་ལས། ཤར་ན་ཤེལ་གྱི་མཆོད་རྟེན་བརྒྱ་རྩ་བརྒྱད།།  སྒོ་སྲུང་ལས་གཤིན་ནག་པོ་འཇིགས་ལ་རྔམས།། ལྷོ་ན་གསེར་གྱི་མཆོད་རྟེན་བརྒྱ་རྩ་བརྒྱད།། སྒོ་སྲུང་གཤིན་རྗེ་གཤེད་པོ་གདུང་དམར་ཅན།། ནུབ་ན་བྱི་རུའི་མཆོད་རྟེན་བརྒྱ་རྩ་བརྒྱད།། སྒོ་སྲུང་དཔལ་ལྡན་ལྷ་མོ་རེ་མ་ཏི།། བྱང་ན་ལྕགས་ཀྱི་མཆོད་རྟེན་བརྒྱ་རྩ་བརྒྱད།། སྒོ་སྲུང་བཙན་རྒོད་སྤུན་གསུམ་དྲག་ཤུལ་ཅན།། དབུས་ན་མཆོང་གི་མཆོད་རྟེན་བརྒྱ་རྩ་བརྒྱད།། སྒོ་སྲུང་གཟའ་བདུད་ནག་པོ་དྲག་ཤུལ་ཅན།། གནས་མཆོག་འདི་རུ་འབྲེལ་བའི་བྱིན་རླབས་ནི།། ཚེ་དང་སྒྲུབ་པ་མཉམ་དུ་འཇའ་ལུས་འགྲུབ།། ལོ་ཟླར་བསྒྲུབས་ན་བྱིན་རླབས་དངོས་གྲུབ་ཐོབ།། གནས་འབྲེལ་ཙམ་གྱིས་སྐྱེ་བདུན་ངན་སོང་མེད།། གསོལ་བ་བཏབ་ན་ཚེ་ཡི་བར་ཆད་སེལ།། ཕྱི་མ་པདྨ་འོད་དུ་སྐྱེ་བར་འགྱུར།། ཞེས་གསུངས་པ་ལྟར་གནས་འདིའི་ཡོན་ཏན་མང་དུ་ཡོད་དོ། །

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1