གཙོ་ངོས།>> རྩོམ་རིག>>དཔྱད་རྩོམ།

བཀྲ་བྷ། རྩོམ་སྒྲིག་པ།ཡོང་ཁུངས།ཀྲུང་གོའི་བོད་ལྗོངས་དྲ་བ། སྤེལ་དུས། ༢༠༡༨ལོའི་ཟླ་བ་༠༥ཚེས་༠༢ཉིན།

༄༅།། བོད་ཀྱི་དེང་རབས་རྩོམ་རིག་གི་སྤྲོས་བརྗོད་བྱེད་སྟངས་སྐོར་གླེང་བ།

          [ནང་དོན་གནད་བསྡུས།] མི་གང་དང་གང་ཞིག་གི་འཚོ་བའི་གོ་རིམ་དང་ནང་དོན་དག་གང་དང་གང་ཞིག་ལ་འགྱུར་ལྡོག་བྱུང་བའི་གོ་རིམ་ཡི་གེའི་རྣམ་པར་སྤེལ་ནས་བརྗོད་པ་ལ་སྤྲོས་བརྗོད་ཟེར།   སྤྲོས་བརྗོད་ཀྱི་བྱེད་ལས་ནི་ཡུལ་མཚམས་སྦྱོར་བྱེད་པ་དང་།  མི་སྣ་མཚམས་སྦྱོར་བྱེད་པ་དང་།  དོན་དག་གི་གོ་རིམ་ངོ་སྤྲོད་བྱེད་པ་དང་།  མྱོང་ཚོར་མཚམས་སྦྱོར་བྱེད་པ་དང་།  གླེང་མོལ་རྩོམ་ལ་སྒྲུབ་བྱེད་འགོད་པ་སོགས་ཡིན་ལ།  ནང་གསེས་སུ་རིམ་བརྗོད། ལྡོག་བརྗོད།  གསབ་བརྗོད།  མཉམ་བརྗོད་བཅས་བཞི་ཡོད་དོ།།
          [གནད་འགག་མིང་བརྡ།] རིམ་བརྗོད། ལྡོག་བརྗོད། གསབ་བརྗོད། མཉམ་བརྗོད།    
དང་པོ། སྤྲོས་བརྗོད་ཀྱི་གོ་དོན་དང་བྱེད་ལས།
          མི་གང་དང་གང་ཞིག་གི་འཚོ་བའི་གོ་རིམ་དང་དོན་དག་གང་དང་གང་ཞིག་ལ་འགྱུར་ལྡོག་བྱུང་བའི་གོ་རིམ་དེ་ཡི་གེའི་རྣམ་པར་སྤེལ་ནས་བརྗོད་པ་ལ་སྤྲོས་བརྗོད་ཟེར་བ་དང་།  དེ་ནི་མི་སྣ་དང་ཁོར་ཡུག་དོན་དག་སོགས་མཚམས་སྦྱོར་བྱེད་པ་ལ་གོ་ནའང་ཆོག་པ་ཡིན། སྤྲོས་བརྗོད་ལ་ཆ་མཚོན་ན།  རྩོམ་མཁན་གང་དང་གང་ཞིག་གིས་བརྗོད་པར་འདོད་པའི་དོན་དག་དང་བསམ་བློ།  ལྟ་བ་དང་ལངས་ཕྱོགས་གང་དང་གང་ཞིག་ཡི་གེའི་རྣམ་པར་སྐབས་ཆེས་རྒྱུགས་ཆེ་བའི་བརྗོད་ལུགས་ཤིག་ཡིན་ལ། དོན་གྱི་བྱུང་བ་བརྗོད་པའི་བརྩམས་ཆོས་ལ་སྤྲོས་བརྗོད་གཙོ་བ་མ་ཟད། གླེང་མོལ་རྩོམ་ཡིག་དང་།  མཚམས་སྦྱོར་རྩོམ་ཡིག  ཡིད་ཀྱི་འགྱུར་བ་མཚོན་པའི་བརྩམས་ཆོས་སོགས་ཀྱང་སྤྲོས་བརྗོད་ཟེར་བའི་བརྗོད་སྟངས་འདི་དང་གཏན་ནས་འབྲལ་ཐབས་མེད།  རྩོམ་པའི་ལས་ལ་ཞུགས་པའི་ཉམས་མྱོང་ལྟར་ན།  སྤྲོས་བརྗོད་ཀྱི་བྱེད་ལས་ནི་ཡུལ་མཚམས་སྤྱོར་བྱེད་པ་དང་།  མི་སྣ་མཚམས་སྦྱོར་བྱེད་པ་དང་།  དོན་དག་གི་གོ་རིམ་ངོ་སྤྲོད་བྱེད་པ་དང་།  མྱོང་ཚོར་མཚམས་སྦྱོར་བྱེད་པ་དང་།  གླེང་མོལ་རྩོམ་ཡིག་ལ་སྒྲུབ་བྱེད་འགོད་པ་དང་།  རྟོགས་དཔྱོད་སྙན་ཞུ་སོགས་ཀྱི་སྐབས་སུ་གནས་ཚུལ་དང་བྱ་བའི་གོ་རིམ་ངོ་སྤྲོད་བྱེད་པ་རྣམས་སོ།།
          སྤྲོས་བརྗོད་ཟེར་བའི་རྗོད་བྱེད་ཚིག་གི་བརྗོད་ལུགས་འདི་ཉིད་ཀྱི་བྱེད་ལས་ནི་གཤམ་གསལ་ལྟར།  
          གཅིག ཡུལ་མཚམས་སྤྱོར་བྱེད་པ།  
          རྩོམ་ཡིག་ཁྲོད་དུ་ཡུལ་གྲུ་ཞིག་གི་གནས་ཚུལ་མདོར་བསྡུས་ནས་མཚམས་སྦྱོར་བྱེད་སྐབས། ཀློག་པ་པོ་རྣམས་ཀྱིས་ཡུལ་གྲུ་དེ་ཉིད་ཀྱི་གནས་ཚུལ་ཕྱོགས་ཡོངས་ནས་རྟོགས་དགོས་ན།  ཡུལ་གྲུ་དེའི་ལོ་རྒྱུས་དང་གནས་ཚུལ་ངོ་སྤྲོད་མི་བྱེད་ཐབས་མེད་ཡིན།  རྩོམ་ཡིག་ཁྲོད་དུ་མིའམ་ཁོར་ཡུག་ངོ་སྤྲོད་རྙོག་དྲ་མེད་པ།  འཛིན་པར་བདེ་བ་ཞིག་བྱེད་ན་སྤྲོས་བརྗོད་ཀྱི་ཐབས་ལ་མི་བརྟེན་ཀ་མེད་ཡིན།  དཔེར་ན། སྒྲུང་རིང་《སྲིན་པོ་གཡུ་རྔོག་དང་ཉི་མ་ལྷ་ས》ཞེས་པར་ཇག་པ་ལམ་ཉལ་ཞེས་པའི་དེའུ་འབུར་དེ་དང་སྲིན་པོ་གཡུ་རྔོག་ཞེས་པའི་གནས་རི་ཆེན་པོ་དེ་གཉིས་ངོ་སྤྲོད་བྱེད་སྐབས་སྤྲོས་བརྗོད་ཀྱི་ལམ་ནས་འདི་ལྟར་བརྗོད་ཡོད།  
          “ཨ་ཕྱི་སྒྲོལ་མ་ཡོད་སའི་དེའུ་འབུར་ཆུང་ཆུང་དེ་ལ་ཇག་པ་ལམ་ཉལ་ཟེར་ཞིང་། བྲག་དམར་ཁྱུང་མགོན་གྱི་ནང་འཁོར་ཞིག་གཉན་ཆེན་ཐང་ལྷའི་མངའ་ཁོངས་སུ་ཇག་ལ་འགྲོ་སྐབས། ལམ་ནས་གཉིད་དེ་ནམ་ལངས་པས་ཡུལ་འདིར་གཏན་དུ་ལུས་པར་བཤད།  ཇག་པ་ལམ་ཉལ་ནས་ལྷོ་ཕྱོགས་སུ་སྤྱི་ལེ་གསུམ་ཙམ་ལ་སོང་ན་སྐད་གྲགས་ཆེ་བའི་རྡོ་དཀར་གཙང་པོ་ཡོད་པ་དང་། གཙང་བོའི་ཕ་རོལ་གྱི་རྩ་བ་ནགས་དང་རྩེ་མོ་བྲག་ལས་གྲུབ་པའི་རི་རབ་འཇིགས་ཡེར་བ་དེ་ལ་སྲིན་པོ་གཡུ་རྔོག་ཟེར།   རི་བོའི་མགུལ་ན་སུལ་དཀར་མེ་ཏོག་དཀར་ལམ་མེར་འདུག་པས་རྒྱང་ལྟ་བྱས་ན་གོས་དར་དཀར་པོ་ཞིག་འཕྲེད་དུ་འཐེན་པ་དང་ཀུན་ནས་མཚུངས། ཡུལ་མི་རྣམས་ཀྱི་བཤད་སྒྲོས་ལྟར་ན། དེ་ནི་ཡིད་བཞིན་ནོར་བུས་སྲིན་པོ་གཡུ་རྔོག་ཆོས་འོག་ཏུ་འཛུད་སྐབས་གནས་བདག་གཏུམ་པོ་དེ་ལ་གནངས་པའི་ཕྱག་དར་རེད།”①
          གཉིས། མི་སྣ་མཚམས་སྦྱོར་བྱེད་པ།  
          དོན་གྱི་བྱུང་བ་བརྗོད་པའི་རྩོམ་ཡིག་ལ་མཚོན་ན།  བཀོད་འབྲི་ལ་བརྟེན་ནས་དོན་དག་གི་གོ་རིམ་བརྗོད་པ་དང་མི་སྣའི་སྣང་བརྙན་གསར་སློང་བྱེད་པ་ནི་ཆེས་གལ་ཆེ་བ་ཞིག་ཡིན་མོད།   མི་སྣ་སྐོར་ཞིག་ནི་ཐད་ཀར་མཚམས་སྦྱོར་བྱ་དགོས་པའི་སྐབས་ཀྱང་ཡོད་དེ།   གནས་ཚུལ་འདི་འདྲར་འཕྲད་ན་མི་སྣ་དེ་དག་སྤྲོས་བརྗོད་ཀྱི་ཐབས་ལ་བརྟེན་ནས་ཡི་གེར་བཀོད་དེ་རྩོམ་ཡིག་ཁྲོད་ལ་མི་འདྲེན་ཐབས་མེད་ཡིན།  དཔེར་ན།  སྒྲུང་འབྲིང་《སྲིན་པོ་གཡུ་རྔོག་དང་ཉི་མ་ལྷ་ས》ཞེས་པར་སྲིན་པོ་གཡུ་རྔོག་འབོད་པའི་གནས་བདག་དེ་ཉིད་ངོ་སྤྲོད་བྱེད་སྐབས།  སྤྲོས་བརྗོད་ཀྱི་ལམ་ནས་འདི་ལྟར་བརྗོད་ཡོད། “སྲིན་པོ་གཡུ་རྔོག་ནི་སྔོན་དུས་རྒྱ་གར་གྱི་མུ་སྟེགས་པའི་སློབ་དཔོན་ཆེན་པོ་ཞིག་ཡིན་ལ། དཔལ་ནཱ་ལེནྡྲའི་ལྷོ་སྒོ་སྲུང་བའི་གྲུབ་ཆེན་དང་རྩོད་པ་བྱས་ཏེ་ཕམ་པ་ན། རེ་ཐག་ཆད་པའི་ངང་ནས་སྨོན་ལམ་ལོག་པ་ལན་དགུར་བཏབ་སྟེ་ཆུ་ལ་ལྕེབས་པས། རྣམ་ཤེས་རིམ་བཞིན་བོད་ལ་འཁྱམ་སྟེ་རི་བོ་འཇིགས་ཡེར་བ་དེའི་གནས་བདག་ཏུ་གྱུར།   ཁོས་ཤ་འཁོན་བླངས་ཏེ་སེམས་ཀྱི་སྟོང་ཆ་དེ་བསྐངས་ཆེད།     གནས་རིའི་ཉེ་འཁོར་དུ་མི་ཡི་འགྲོ་བ་གནས་མི་ཐུབ་པ་མ་བྱས་པ་མ་ཟད།   གཅན་གཟན་རི་དྭགས་རྣམས་ཀྱང་གནས་གཞན་ལ་དེད།     རྗེས་སུ་སློབ་དཔོན་པདྨ་འབྱུང་གནས་བོད་ལ་ཕེབས་ཏེ་ནག་ཕྱོགས་ཀྱི་གཞི་བདག་གཏུམ་པོ་རྣམས་དང་འདྲེ་སྲིན་བདུད་རིགས་མ་ལུས་དམ་ལ་འདོགས་དུས། སྲིན་པོ་གཡུ་རྔོག་ནི་གནས་སྐབས་སུ་འདུལ་བའི་དུས་ལ་མ་བབ་པས་དེ་ལྟར་བསྐྱུར་བ་ན།  ཁོའི་ང་རྒྱལ་དང་ཁེངས་དྲེགས་སྔར་ལས་ཇེ་ཆེར་ཕྱིན་ཏེ།  ལྷ་སྲིན་སྡེ་བརྒྱད་བྲན་ལ་བཀོལ་ནས་ཉེ་འཁོར་ལ་ཆར་ཐིགས་གཅིག་ཀྱང་མི་ལྷུང་བར་བྱས་པས།  ཡུལ་དེ་ངེས་པ་དོན་པ་དོན་གྱི་མྱ་ངན་ཐང་ཞིག་ཏུ་བསྒྱུར།  དེ་ནས་ལོ་བརྒྱ་ཕྲག་འགའ་འགོར་བའི་རྗེས་སུ།    གྲུབ་པའི་དབང་ཕྱུག་ཆེན་མོ་མཁའ་ལྡིང་ཨོ་རྒྱན་འཕྲིན་ལས་འཇིགས་མེད་ཆོས་ཀྱི་རྡོ་རྗེ་མཆོག་རྒྱ་ནག་རི་བོ་རྩེ་ལྔར་གནས་སྐོར་ལ་ཕེབས་སྐབས།  ཡུལ་དེའི་གནས་བབ་མངོན་སུམ་དུ་མཐོང་བས་སྤྱན་ཆབ་དབང་མེད་དུ་ཤོར་སོང།    ཁོང་གིས་འགྲོ་བ་ཀུན་གྱི་བདེ་སྔུག་ལ་དམིགས་ཏེ་རི་བོ་རྩེ་ནས་ཕྱི་བལྟས་དམག་གི་བཙན་རྫོང་དང་།  ནང་བལྟས་རྒྱལ་པོའི་ཕོ་བྲང་དང་གཉིས་སུ་མེད་པའི་ལབ་རྩེ་ཆེན་པོ་ཞིག་བསྟད་ནས་སྲིན་པོ་གཡུ་རྔོག་ཞི་བའི་ཐབས་ཀྱིས་ཆོས་འོག་ཏུ་བཀོད་པ་ན།  སྲིན་པོ་གཡུ་རྔོག་ལ་མཆོད་བཀུར་བྱེདམཁན་ཐོག་མ་བྱུང་བས། དགའ་སྣང་དང་བཅས་རྗེས་སུ་གནས་རིའི་ཉེ་འཁོར་ནས་མི་ཡི་འགྲོ་བ་གནས་ཆོག་པ་དང་།   མཁའ་ལྡིང་ཚང་གིས་ཉེ་འཁོར་ནས་དགོན་སྡེ་བཏབ་སྟེ་སངས་རྒྱས་བསྟན་པ་བསྐྱངས་ན་དམིགས་གསལ་དང་ཀུ་ཡངས་ཡོད་པར་དམ་བཅའ་བྱས་མོད།   ཉེ་འཁོར་བ་རྣམས་ཀྱིས་གནས་བདག་གཞན་ལ་མཆོད་པ་བྱེད་པ་དང་།   ནུབ་ཕྱོགས་ཀྱི་དགོན་སྡེ་རྣམས་ལ་མཇལ་སྐོར་བྱས་ན་བགེགས་དང་བར་ཆད་བཟོ་བ་ཡིན་པར་བཤད།  མཁའ་ལྡིང་ཡིད་བཞེན་ནོར་བུས་རང་གི་སྐུ་ཕྲེང་རིམ་བྱོན་ལ་ཁོ་རང་མཆོད་ཆོག་པ་ཡང་ཡང་གསུངས་མོད།  གཞི་བདག་གདུག་རྩུབ་ཅན་དེའི་བློ་ཁ་གཏན་ནས་བསྒྱུར་ཐབས་མེད་པས།   སྤྱན་ཆབ་འདོན་བཞིན་ཆིབས་གོང་ལ་བུད་དེ་རི་བོ་རྩེ་ལྔའི་ཕྱོགས་ལ་གོམ་ཁ་བསྒྱུར།།①
          གསུམ། དོན་དག་གི་གོ་རིམ་ངོ་སྤྲོད་བྱེད་པ།   
          དོན་དག་གང་དང་གང་ཞིག་ཡིན་རུང་། དེ་ལ་ཐོག་མར་ཇི་ལྟར་བྱུང་བ།  བར་དུ་ཇི་ལྟར་འགྱུར་བ། མཐའ་འབྲས་ཅི་ཞིག་སྨིན་པ་བཅས་ཀྱི་གོ་རིམ་ཞིག་ཡོད་ངེས་ཡིན། དེར་བརྟེན།  རྩོམ་མཁན་རྣམས་ཀྱིས་དོན་དག་ངོ་སྤྲོད་བྱེད་སྐབས།  དོན་དག་དེ་བྱུང་དུས་དང་།  བྱུང་ཡུལ་དང་།  བྱུང་རྐྱེན་དང་། གོ་རིམ་དང་། མཐའ་འབྲས་དང་བཅས་པ་སྤྲོས་བརྗོད་ཀྱི་ཐབས་ལམ་བརྒྱུད་ནས་ངོ་སྤྲོད་བྱས་ན།  ཀློག་པ་པོ་རྣམས་ཀྱིས་དོན་དག་དེ་ཡི་མགོ་མཇུག་བར་གསུམ་གཅིག་ཀྱང་མ་ལུས་པར་ཡོང་ས་སུ་རྟོགས་ཐུབ་པ་ཡིན། དཔེར་ན།   སྒྲུང་རིང《ནས》ཞེས་པར་སྔགས་འཆང་པདྨ་ཁྲོ་རྒྱལ་ལ་ནས་འབྲུ་ལྷ་སྐུ་ཅན་ཞིག་ཡོད་པ་དེ་རྐུན་མ་དུ་མས་འཕྲོག་རྗེས། རྐུན་མ་རྣམས་རླངས་འཁོར་ལ་བསྡད་དེ་གྲོང་ཁྱེར་ཕྱོགས་བྲོས་པ་ཡིན་ལ། རྐུན་མ་འབྲོ་བ་དང་བྲོས་པའི་རྗེས་སུ་ཆག་སྒོ་བྱུང་བའི་དོན་དག་གི་གོ་རིམ་དེ་བྱུང་རིམ་བཀོད་འབྲི་ལ་བརྟེན་ནས་མཚམས་སྦྱོར་བྱས་ན་གཏམ་ལྷག་མང་པོ་ཞིག་བརྗོད་དགོས་པས། རྩོམ་མཁན་གྱིས་སྤྲོས་བརྗོད་ཟེར་བའི་བརྗོད་ལུགས་ལ་བརྟེན་ནས་འདི་ལྟར་བྲིས་ཡོད།     
          “ཇག་རྐུན་དེ་དག་ལ་ཕམ་ཁ་བྱུང་ངམ། འོ། མ་གཞིར་ཁོ་ཚོ་ཆག་སྒོ་འདི་འདྲ་དག་དང་འཕྲད་བྱུང་། ཇག་རྐུན་དེ་དག་གིས་སྔགས་འཆང་པདྨ་ཁྲོ་རྒྱལ་གྱི་ནས་འབྲུ་གཉིས་ཀ་འཕྲོག་རྗེས།   མྱུར་མོར་རླངས་འཁོར་ལ་བསྡད་དེ་གྲོང་ཁྱེར་ཆེན་མོའི་ཕྱོགས་ལ་བྲོས་པ་ཡིན་མོད། རྐྱང་རྒོད་གཤོང་ཆེན་དང་ཨ་ཆེན་གྲམ་དཀར་གཉིས་ཀའི་ས་མཚམས་ལ་སླེབས་སྐབས། རླངས་འཁོར་གྱི་འཕྲུལ་འཁོར་ལ་ཆག་སྐྱོན་བྱུང་སྟེ་ཁ་ལོ་སྒྱུར་ཐབས་མེད་པས།  དེར་ཡོད་ཐམས་ཅད་འུ་ཐུག་སྟེ་རླངས་འཁོར་དེད་ནས་མདུནལ་སོང་བ་ཡིན།   ཁོ་ཚོས་མདའ་རྟོང་ཉག་ཆེན་རྒྱབ་ལ་བསྐྱུར་ཏེ་ཨ་ཆེན་གྲམ་དཀར་ཚུར་རོལ་གྱི་ཤུར་ལམ་ལ་ཞུགས་པ་ན།  རླངས་འཁོར་རང་ཤུགས་ཀྱིས་མདུན་ལ་འགྲོ་བས་ཤུགས་ཀྱིས་འདེདམི་དགོས་མོད། གཞུང་ལམ་གྱི་སྐྱོག་མཚམས་ཤིག་ནས་སྒོག་ཐག་གློ་བུར་དུ་ཆད་པ་ན། རླངས་འཁོར་ལ་ཁ་ལོ་སྒྱུར་བཞིན་ཡོད་པའི་ཁ་ཆེ་གཞོན་ནུ་དེ་རླངས་འཁོར་དང་ལྷན་དུ་རི་ངོས་ནས་ཐུར་ལ་རྦབ་ཏུ་གྲིལ་སོང་།  འཕྲོ་ལུས་རྣམས་ཀྱིས་མུན་པའི་ཁྲོད་དུ་རི་ངོས་ཀྱི་རྡོག་ལམ་ཡང་མི་མཐོང་བས།  ལམ་འགྲམ་ནས་གཡས་རྒྱུག་གཡོན་རྒྱུག་བྱེད་བཞིན་ཉི་མར་མི་སྒུག་ཐབས་མེད་བྱུང་།  ནམ་གསལ་རྗེས། ཁོ་ཚོས་རླངས་འཁོར་གྱི་འགྲིལ་ལམ་དེད་དེ་ཐུར་ལ་སོང་བ་ན།  རི་ངོས་ནས་ལྕགས་ལེབ་ཀར་ཀོར་དང་ཁྲག་ཐིག་ཀར་ཀོར། རུས་པ་དམ་དུམ་འགའ་ལས་ཅི་ཡང་མ་མཐོང་ལ།  ཁོ་ཚོ་ལུང་བའི་མཐིལ་ལ་སླེབས་པ་ན།  རླངས་འཁོར་གྱི་འཁོར་ལོ་བཞི་ནི་ལྕགས་གཏུན་དུ་མས་ལྷན་དུ་སྦྲེལ་འདུག་རུང་།   ཐུར་ལ་གྲིལ་ཏེ་ལུང་བའི་མཐིལ་ལ་སླེབས་འདུག་པ་མཐོང་བྱུང་།   རྣམ་པ་འཇིགས་སུ་རུང་བ་དེ་མཐོང་ལམ་ལ་སོན་པ་ན།  ཚེ་རིང་རྣམ་རྒྱལ་གྱིས་སྔགས་པས་མཐུང་བཏང་སོང་སྙམ་སྟེ་ལུས་ཀུན་ཡོངས་སུ་སྦྲིད་ནས་རེ་ཞིག་ལ་གོམ་སྟབས་སྒྱུར་ཐབས་མེད་པར་གྱུར།   དྲན་པ་ཅུང་ཟད་སོས་རྗེས།  ཁོ་རང་འཇིགས་སྐྲག་ཆེན་པོ་དང་བཅས་ཁྱིམ་ལ་ལོག་པ་ན།  རང་གི་ཕ་མ་ཁྱིམ་མི་ཐམས་ཅད་བདེ་འཚམ་ཡིན་པས་ཡིད་སེམས་ཅུང་ཟད་བདེ་སོང་། མཚན་མོ་དེའི་ཕྱི་ཉིན་ཁོ་ཚོ་ཆག་སྒོ་བྱུང་ཡུལ་ནས་སོ་སོར་གྱེས་སྐབས།   ཁ་ཆེ་རྒན་པོས་ནས་འབྲུ་གཅིག་དང་ཚེ་རིང་རྣམ་རྒྱལ་གྱིས་ནས་འབྲུ་གཙིག་བཟུང་སྟེ།  གསོལ་ཁང་གཉེར་མཁན་གྱི་ས་ནག་ཚོང་གཉེར་མཁན་ལ་འབྲེལ་གཏུག་བྱས་པ་ན།  མཉམ་དུ་ནས་འབྲུ་བ།ཉིས་ཀ་བཙོངས་ཏེ་སྒོར་མོ་བགོ་བའི་ཁ་དན་བྱས་ཡོད།  འོན་ཏེ་ཚེ་རིང་རྣམ་རྒྱལ་གཏན་འབེབས་བྱས་པའི་གནས་ལ་སོན་སྐབས།   ཁ་ཆེ་རྒན་པ་དེ་ད་དུང་སླེབས་མེད་ལ།   གསོལ་ཁང་གཉེར་མཁན་གྱིས་མཚན་མོ་གསོལ་ཁང་སྲུང་སྐབས་སོལ་རླངས་ཀྱིས་བསད་སོང་།  ཚུལ་དེ་མཐོང་བ་ན།   ཚེ་རིང་རྣམ་རྒྱལ་གྱིས་ཆག་སྒོ་ད་དུང་མཇུག་མ་རྫོགས།   སྔར་སྲོལ་ཇི་བཞིན་གསང་སྟབས་ཀྱིས་བསྡད་ན་རང་ལ་ཆག་སྒོ་ཅི་འབྱུང་མི་ཤེས།  མྱུར་བ་མྱུར་བུར་སྔགས་འཆང་པདྨ་ཁྲོ་རྒྱལ་གྱི་མདུན་ལ་ བཅར་ནས་འགྱོད་བཤགས་བྱ་དགོས་སྙམ་ནས་ཁྱིམ་ལ་ལོག་པ་ན།  ཉིན་མོར་ལུག་ཁྱུར་སྤྱང་ཀི་བརྒྱུགས་ཏེ་ར་ལུག་བདུན་ཅུ་ལྷག་བསད་འདུག  ཆག་སྒོ་དེས་ཚེ་རིང་རྣམ་རྒྱལ་འགོག་ག་ལ་ཐུབ་སྟེ་མི་ཐུབ་མོད། ཆུང་མས་བཞོན་མ་འཇོ་སྐབས་རྒྱབ་ཕྱོགས་ནས་གཡག་གིས་བརྡུངས་ཏེ་གཅིན་སྐྱག་གཉིས་ཀ་ལམ་གཅིག་བྱས་འདུག་པས།  གནས་སྐབས་སུ་སྔགས་པ་བསྐྱུར་ཏེ་ཆུང་མ་སྨན་ཁང་ལ་མི་ཁྲིད་ཐབས་མེད་བྱུང་།①”ལྟ་བུའོ།།   
          བཞི། མྱོང་ཚོར་མཚམས་སྦྱོར་བྱེད་པ།  
          མྱོང་ཚོར་སྤྲོས་བརྗོད་ཀྱི་ལམ་ནས་མཚམས་སྦྱོར་བྱེད་པ་དེ་སྙན་ངག་དང་ལྷུག་རྩོམ་གཉིས་ལ་རྒྱུགས་ཆེ་བའི་ཚིག་གི་བརྗོད་ལུགས་ཤིག་ཡིན་ལ།   འདི་ལྟར་བརྗོད་ན་ཀློག་པ་པོས་རྩོམ་མཁན་གྱི་དགའ་སྤྲོ་ཆགས་སྡང་ཉམས་སུ་མྱངས་པ་དང་བསྟུན་ནས།    སྒྱུ་རྩལ་གྱི་ལོངས་སྤྱོད་འདྲ་མིན་སྣ་ཆོགས་ཉམས་སུ་མྱངས་ཆོག     དཔེར་ན།   སྐུ་ཞབས་ཤིས་ཆུང་གི་ལྷུག་རྩོམ《ཆར་རྗེས་ཀྱི་ཞོགས་པ》ཞེས་པར་ཆར་བའི་རྗེས་ཀྱི་ཚོར་བ་དེ་སྤྲོས་བརྗོད་ཀྱི་ལམ་ནས་བརྗོད་པ་གཤམ་གསལ་ལྟར།
          སྦྲང་ཆར་ཐེངས་ཤིག་བབས་རྗེས། ཡོད་ཚད་སྣུམ་ཤིག་ཤིག་ཏུ་གྱུར།  
          ཞོགས་པའི་མཁའ་དབུགས་ནི་ཨ་མའི་ནུ་ཞོ་ཇི་བཞིན།  ཞིམ་མངར་གྱི་བྲོ་བས་ང་རང་བཟི་བར་བྱས།  མེ་ཏོག་གི་འགྲམ་པར་ཆགས་པའི་དྭངས་གསལ་གྱི་སྨེ་བ་རེ་རེས།  དགའ་མའི་མིག་ཟུང་གི་བརྩེ་མདངས་ཇི་བཞིན། རྣོ་ངར་གྱི་ཟུར་མདའ་འཕངས་པས། ངའི་སེམས་གཏིང་དུ་འཁྱིལ་བའི་སྤྲོ་བ་ལྷོག་ལྷོག་ཏུ་གཡོས།  སྦྲང་ཆར་ཐེངས་ཤིག་བབས་རྗེས། ཡོད་ཚད་སྣུམ་ཤིག་ཤིག་ཏུ་གྱུར།   ཞོགས་པའི་མཁའ་དབུགས་ནི་ཨ་མའི་ནུ་ཞོ་ཇི་བཞིན། ཞིམ་མངར་གྱི་བྲོ་བས་ང་རང་བཟི་བར་བྱས།།  མེ་ཏོག་གི་འགྲམ་པར་ཆགས་པའི་དྭངས་གསལ་གྱི་སྨེ་བ་རེ་རེས།  དགའ་མའི་མིག་ཟུང་གི་བརྩེ་མདངས་ཇི་བཞིན། རྣོ་ངར་གྱི་ཟུར་མདའ་འཕངས་པས། ངའི་སེམས་གཏིང་དུ་འཁྱིལ་བའི་སྤྲོ་བ་ལྷོག་ལྷོག་ཏུ་གཡོས①།  
          ལྔ། གླེང་མོལ་ལ་སྒྲུབ་བྱེད་འགོད་པ།  
          གླེང་མོལ་རྩོམ་ཡིག་ལ་གླེང་མོལ་དང་གནས་ལུགས་བརྗོད་རྒྱུ་གཙོ་རུང་། གླེང་མོལ་རྩོམ་ཡིག་ལ་དོན་དག་བྱེ་བྲག་པ་མང་པོ་སྒྲུབ་བྱེད་དུ་འདྲེན་དགོས་པ་དང་། དོན་དག་བྱེ་བྲག་པ་དེ་དག་ནི་སྤྲོས་བརྗོད་ཀྱི་ཐབས་ལམ་བརྒྱུད་ནས་མཚམས་སྤྱོར་བྱ་དགོས།  དཔེར་ན།  དགེ་འདུན་ཆོས་འཕེལ་གྱི་《རྒྱལ་ཁམས་རིག་པས་བསྐོར་བའི་གཏམ་རྒྱུད་གསེར་གྱི་ཐང་མ་》དུ།  སིདྒལའི་དགེ་སློང་ཐམས་ཅད་ནི་རང་ལུགས་མཆོག་ཏུ་འཛིན་པ་དང་།  གཞན་ལུགས་ཐམས་ཅད་ཧྲིལ་གྱིས་འདོར་བ་དེ་དོན་དག་ཕྲན་བུ་དུ་མ་སྤྲོས་བརྗོད་བྱས་ཏེ་ངོ་སྤྲོད་བྱས་པ་གཤམ་གསལ་ལྟར།   
          སྤྱིར་སིངྒལའི་དགེ་སློང་དེ་ཀུན་རང་ལུགས་ཁོ་ན་མཆོག་ཏུ་འཛིན་བྱེད་ཅིང་།   གཞན་ལུགས་ལེགས་ཉེས་གང་ཡིན་ཡང་དབྱེ་བསལ་མེད་པར་ཧྲིལ་གྱིས་འདོར།   འོན་ཀྱང་ཐེག་པ་ཆེན་པོའི་ཆ་ལ་མོས་པ་ཙམ་ནི་མང་།  དབུ་མའི་རྩ་བ་བློ་ལ་ཡོད་པ་འགའ་ཡང་འདུག ལོངས་སྐུ་སོགས་རྒྱ་ཆེ་བའི་རྣམ་གཞག་གཞན་ནི་མུ་སྟེགས་ཀྱི་ཚངས་པ་ཆེན་པོའི་འདྲ་གབ་སྟེ་བཤད་པ་ཡིན་སོགས་ཟེམ  ལྷག་མེད་ཀྱི་བེམ་རིག་རྒྱུན་ཆད་པ་ལ་གོ་བ་ཟབ་ཅིང་ཉོག་པ་ཞིག་བྱེད་རྒྱུ་འདུག   དགྲ་བཅོམ་པ་ལས་བྱང་ཆུབ་སེམས་དཔའ་ལྷག་བྱ་བ་དེ་མུ་སྟེགས་ཀྱི་རྒྱལ་རིགས་རྣམས་ཀྱི་ངག་སྒྲོས་ཡིན་ཟེར།  གཞན་ཡང་། ཕལ་ཆེ་བ་རྣམས་ཀྱིས་དཀོན་མཆོག་བརྩེགས་པའི་མདོ་དང་།   རྡོ་རྗེ་མོའི་བུ་པ་དག་གིས་སྒྱུ་མ་དྲ་བའི་རྒྱུད་བརྩམས་སོ་སོགས་ཐོ་རིང་པོ་ཞིག་ཡོད་ཀྱང་།   ཁྱེད་རྣམས་འཁོན་ཀ་གཏུག་པར་མི་འདོད་པས་འདིར་མ་བཀོད།    ཐོ་དེའི་མཇུག་ཏུ།  དེ་ལྟ་མོད་ཀྱི་བདེ་བར་གཤེགས་པའི་བསྟན་པའི་སྙིང་བོ་ཙམ་ནི་དེ་ཀུན་གྱི་ཁྲོད་ན་མ་ཉམས་པར་བཞུགས་ཤིང་།  ལྷག་པར་གངས་རི་པའི་སྡེ་རྣམས་ཀྱིས་འདོན་པའི་སྡེ་སྣོད་གསུམ་ནི། སངས་རྒྱས་རང་གི་ཞལ་ནས་གསུང་བ་དག་དང་ཚིག་དོན་གཉིས་ཀའི་ཆ་ནས་ཤིན་ཏུ་འདྲ་བ་ཡིན་ནོ་སོགས་བྲིས་སོ། གངས་རི་པ་དེ་གནས་བརྟན་སྡེ་པ་ལས་གྱེས་པར་སློབ་དཔོན་ལེགས་ལྡན་གྱིས་གསུང་པས་ཁོང་རྣམས་ཀྱི་མདོ་དང་།  གནས་བརྟན་པ་དག་གི་མདོ་ནི་འདོན་པ་མཐུན་པར་ངེས་པས།  འདྲ་ཚུལ་ཡང་དོན་ལ་དེ་བཞིན་པར་འདུག་གོ།   ཁོང་རྣམས་ལ་ཉན་ཐོས་སྡེའམ།  ཐེརབཏསྟེ་གནས་བརྟན་སྨྲ་བར་འབོད་པ་ལས་ཧིནཡཱན་ཏེ་ཐེག་དམན་དུ་བོས་ན་འབར་དུའོངས།   མིང་དེ་སྐད་སུས་བཏགས། འོ་ན་སངས་རྒྱས་ལའང་སྟོན་པ་དམན་པར་སྨྲོས་ཤིག་སོགས་ཟེར།  ལྷག་པར་ཡང་རྡོ་རྗེ་ཐེག་པ་ནི་ཡ་ང་བའི་གནས་ཤིག་ཏུ་བརྩི་པཉྩམཀར་སྟེ་མ་ཡིག་ལྔ་བ་ཞེས་འབོད།   ངས་བོད་ན་བུ་སྟོན་དང་། རྗེ་ཙོང་ཁ་པ་ལྟ་བུའི་དགེ་སློང་ཡང་སྔགས་ལ་མོས་སྨྲས་པས་རྣ་བར་མ་སོང་བ་བྱེད་ཀྱིན་འདུག    དགེ་སློང་ཞིག་མི་ལ་རས་པའི་ལོ་རྒྱུས་ཐོས་ནས་ཁོ་དགེ་བསྙེན་བཟང་པོ་ཞིག་ཡིན་འདུག་སྙམ་ནས་མོས་པ་དགའ་རབ་འདུག་པ་ལ།  ངས་ཁོ་ཡང་གསང་སྔགས་པ་ཡིན་སྨྲས་པས་གཏམ་གྱི་འཕྲོ་ཡང་མི་མཉན་པར་ལངས་ཏེ་སོང་།  མ་ཡིག་ལྔར་བསྡུས་པའི་བཤད་པ་དེ་འདྲ་རང་རེའི་རྒྱུད་ན་ནི་ཡོད་པར་མ་མཐོང་ལ། མུ་སྟེགས་ཀྱི་རྒྱུད་དུ་ནི་ངེས་པར་དུསྣང①།  
          དྲུག  རྟོག་དཔྱོད་སྙན་ཞུ་སོགས་ཀྱི་སྐབས་སུ་གནས་ཚུལ་དང་བྱ་བའི་གོ་རིམ་ངོ་སྤྲོད་བྱེད་པ།  
          རྟོགས་དཔྱད་སྙན་ཞུ་ལས་རྟོགས་དཔྱད་བྱས་པའི་དོན་དག་གང་དང་གང་ཡིན་པ་དེ་ཡི་གནས་ཚུལ་བརྗོད་དགོས་པ་དང་། བྱ་བ་ཕྱོགས་བསྡོམས་ལས་བྱ་བ་ཅི་ཞིག་ལས་པ་དེ་ངོ་སྤྲོད་བྱས་པ་བརྒྱུད་ནས།  ཉམས་མྱོང་ངོ་སྤྲོད་དམ་གནད་དོན་རྗེན་པར་འདོན་བཞིན་ཡོད་ན། རྟོགས་དཔྱོད་སྙན་ཞུ་ཡིན་ན་འདྲ།  བྱ་བ་ཕྱོགས་བསྡོམས་ཡིན་ན་ཆོག   སྤྲོས་བརྗོད་ཀྱི་ཐབས་ལ་བརྟེན་ནས་སྐབས་སུ་བབ་པའི་དོན་དག་ཕྲན་བུ་མང་པོ་ངོ་སྤྲོད་བྱེད་པའི་ཞོར་དུ།    དེ་ལ་དབྱེ་ཞིབ་རབ་དང་རིམ་པ་བྱེད་དགོས་པ་ན།  སྤྲོས་བརྗོད་དང་གཏན་ནས་འབྲལ་ཐབས་མེད་དོ།          
གཉིས་པ།   སྤྲོས་བརྗོད་ཀྱི་དབྱེ་བ།
          རྩོམ་པའི་ལས་ལ་འཇུག་སྐབས། བརྫོད་དོན་ལ་ལ་རྒྱས་བཤད་བྱེད་པ་དང་། དོན་དག་ལ་ལ་བསྡུས་བཤད་བྱེད་པ། དོན་དག་ལ་རྒྱས་བསྡུས་སྤེལ་མར་བརྗོད་དགོས་པ་ན། སྤྲོས་བརྗོད་ལ་བརྗོད་སྟངས་མི་འདྲ་བ་གསུམ་བྱུང་།  དེ་དག་ནི་བསྡུས་པའི་སྤྲོས་བརྗོད་དང་རྒྱས་པའི་སྤྲོས་བརྗོད་དང་། རྒྱས་བསྡུས་སྤེལ་མ་རྣམས་སོ།།  
          གཅིག བསྡུས་པའི་སྤྲོས་བརྗོད།    
          སྤྲོས་བརྗོད་སྐབས་ཀྱི་བསྡུས་བཤད་ནི་མི་སྣའི་གནས་ཚུལ་ལམ།   དོན་དག་གི་གོ་རིམ་ལམ། ཁོར་ཡུག་གི་རྣམ་པ་དེ་ཚིག་ཐུང་ཞིང་དོན་གསལ་བའི་སྒོ་ནས་མཚམས་སྦྱོར་བྱས་ཏེ།  ཀློག་མཁན་ལ་གོ་བ་རགས་རིམ་ཙམ་སྟེར་བའི་ཚིག་གི་བརྗོད་སྟངས་ཤིག་ལ་ཟེར་བ་ཡིན། དཔེར་ན། མཁས་དབང་དགེ་འདུན་ཆོས་འཕེལ་གྱི《རྒྱལ་ཁམས་རིག་པས་བསྐོར་བའི་གཏམ་རྒྱུད་གསེར་གྱི་ཐང་མ》ཤེས་པར་སིདྒལ་མཚམས་སྦྱོར་བྱེད་སྐབས།   ཐོག་མར་ཡུལ་གྲུ་དེའི་རྣམ་པ་སྤྱི་དེ་བསྡུས་པའི་སྤྲོས་བརྗོད་ཀྱི་ཐབས་ལ་བརྟེན་ནས་ངོ་སྤྲོད་འདི་འདྲ་བྱས་ཡོད།
          དེ་ལ་རྒྱ་གར་གྱི་གླིང་ཟུར་གསུམ་སོག་གའི་དབྱིབས་ཅན་གྱི་མཆུ་རིང་པོ་ལྷོ་ཕྱོགས་སུ་བསྟན་པའི་སྣེ་དང་ཉེ་བར་མངྷུར་སྟེ་སྦྲང་རྩིའི་ཡུལ་དང་།   དེའི་ཤར་ལྷོའི་ངོས་ནས་ས་ལག་ཆེན་པོ་ཞིག་རྒྱ་མཆོའི་དབུས་སུ་བརྐྱངས་པ་ལ་མནྡཡ་ཟེར།  སྤྱིར་ཡུལ་འདི་སྙན་ངག་མེ་ལོང་དུ་བཤད་པའི་ཙོལའི་ཡུལ་གྱི་ཆར་གཏོགས།     ས་ལག་དེའི་མཐའ་ཟད་ནས་ལྕགས་ཟམ་ཤིན་ཏུ་རིང་པོ་ཞིག་གིས་རམེཤརཱའི་གླིང་དང་སྦྲེལ།  དེར་གླིང་མཐའ་ཟད་པའི་སྒང་བརྒྱུད་མཚོ་འོག་ཏུ་ཤོར་བའི་རྐྱེན་གྱིས་རྒྱ་མཆོའི་དཀྱིལ་ན་ཕར་ལ་རླབས་ཆེན་པོའི་གདེངས་ཀ་སྐྱ་ཐལ་ལེ་བ།  ངོ་མཚར་ཞིང་འཇིགས་སུ་རུང་བ་ཞིག་སྣང་ཞིང་།  རང་རེའི་ལོ་རྒྱུས་འགར་ཡང་འདི་བཤད།  འདི་མུ་སྟེགས་ཀྱི་སྒྲུང་ནས་བཤད་པའི་སྤྲེའུའི་ཟམ་པའི་ཤུལ་ཡིན་སྐད།   
          གཉིས། རྒྱས་པའི་སྤྲོས་བརྗོད།  
          སྤྲོས་བརྗོད་སྐབས་ཀྱི་རྒྱས་བཤད་ནི་མི་སྣའི་གནས་ཚུལ་ལམ། དོན་དག་གི་གོ་རིམ་ལམ། ཁོར་ཡུག་གི་རྣམ་པ་དེ་ཕྲ་ཞིང་ཞིབ་པའི་སྒོ་ནས་མཚམས་སྦྱོར་བྱས་ཏེ།  ཀློག་མཁན་ལ་གོ་བ་ཞིབ་ཆ་ཅན་ཞིག་བསྟེར་བའི་ཚིག་གི་བརྗོད་སྟངས་ཤིག་ལ་ཟེར་བ་ཡིན།  དཔེར་ན།   སྒྲུང་གཏམ《ནས》ཞེས་པའི་ནང་གི་མི་སྣ་གཙོ་བོ་སྔགས་འཆང་བདྨ་ཁྲོ་རྒྱལ་གྱིས་སྒྲུབ་ཕུག་ཅིག་ཏུ་ཉམས་ལེན་བྱེད་བཞིན་ཡོད་པའི་སྐབས་སུ།  ཇག་རྐུན་འགའ་ཡོང་ནས་ཁོ་རང་བཀྱིགས་ཏེ་རལ་བའི་ནང་ན་ཡོད་པའི་ནས་འབྲུ་ལྷ་སྐུ་ཅན་དེ་འཕྲོག་སོང་།  རྩོམ་མཁན་གྱིས་དོན་དག་མཚམས་སྦྱོར་བྱེད་སྐབས་སྤྲོས་བརྗོད་ཀྱི་ཐབས་ལམ་བརྒྱུད་ནས་འདི་ལྟར་རྒྱས་བཤད་བྱས་ཡོད།    
          ཁ་སང་ཕྱི་དྲོ།   ཅི་ཡིན་འདི་མེད་པའི་འཚུབ་ཆ་ཞིག་གིས་སྔགས་འཆང་བདྨ་ཁྲོ་རྒྱལ་གྱི་ཡིད་སེམས་ལ་མངའ་དབང་བསྒྱུར་ཏེ། ཅི་ལྟར་བྱས་རུང་སེམས་པ་བདེ་ལ་ཕབ་མི་ཐུབ། ལྷག་པར་མུན་རུབ་སྟེ་ནམ་སྟོད་ནས་ནམ་སྨད་ལ་སླེབས་རུང་། སེམས་ཀྱི་འཚུབ་ཆ་ཡ་མཚར་དེ་གཏན་ནས་སྤངས་ཐབས་བྲལ་བ་ན།  གཉིད་ནི་ནམ་མཁའི་མཐོངས་སུ་ཡལ་པའི་འཇའ་རིས་དང་མཚུངས་པས། ཁོ་རང་འུ་ཐུག་སྟེ་སངས་རྒྱས་སྨན་བླ་སྒོམ་བཞིན་འཚུབ་ཆ་དེ་ལ་གཞའ་བ་ཡིན།    སྐབས་ཤིག་ལ།  ཡིད་སེམས་ཅུང་ཟད་བདེ་ལ་བཀོད་པ་དང་བསྟུན་ནས།  སྨན་བླ་གཙོ་འཁོར་དང་བཅས་པ་ཨ་ཡིག་ལྗང་ཁུ་ཞིག་ཏུ་གྱུར་ཏེ་ཁོ་རང་གི་སྤྱི་གཙུག་ནས་ལུས་ལ་ཐིམ་པ་དང་།  ལུས་ཀྱི་འབགས་བཙོག་དང་དྲི་མ་མ་དག་པ་ཐམས་ཅད་ཝུ་བ་དང་སྤྲིས་མའི་རྣམ་པར་གྱུར་ཏེ་ཕྱི་ལ་ལུད་བཞིན་པའི་སྐབས་སུ་ཐོག་མར་མི་ཞིག་འཇབ་ནས་གམ་ལ་སླེབས་པའི་ཆོར་སྣང་བྱུང་བ་དང་།   དེའི་རྗེས་སུ་མི་གཉིས་འཇབ་ནས་ནང་ལ་སླེབས་པ་འདྲ་ལ།  མི་གཅིག་གི་ལུས་སྟེང་ན་སྔོ་ཚོད་ཀྱི་དྲི་མ་ཁྱད་པར་བ་ཞིག་བརྡོལ་ཡོང་།    འོན་ཏེ་ཁོ་རང་གིས་ཡིད་སེམས་རྣལ་ལ་ཕབ་སྟེ་སྒོམ་ལ་ཞུགས་ནས་བསྡད་པ་ན།  མི་གསུམ་གྱིས་གློ་བུར་དུ་ཁོ་རང་ས་ལ་མནན་ཏེ་རྐང་ལག་ཐམས་ཅད་རྒྱབ་ལ་བཀྱིགས་པ་དཔ།  མི་གཞན་ཞིག་གིས་མྱུར་སྟབས་ཀྱིས་རལ་བའི་ནང་གི་ཤེལ་སྒྲོམ་ཆུང་ཆུང་དེ་བླངས་སོང་།  སྐབས་དེར།  སྔགས་འཆང་བདྨ་ཁྲོ་རྒྱལ་གྱིས་རྩལ་དགུ་བཏོན་ནས་འཕག་པའི་ཞོར་ལ་ཀི་རྒྱངས་ཡང་ཡང་བྱས་པ་ན།  མི་ཞིག་གིས་རལ་བའི་རལ་ཐུམ་བླངས་ནས་ཁོ་རང་གི་ཁ་ནང་ལ་དམ་པོར་བརྫངས་རྗེས།  མྱུར་མོར་གཅིག་རྗེས་གཅིག་གིས་དེདནས་སྒྲུབ་ཕུག་ཕྱི་ལ་བྲོས་སོང་།  ཁོས་ངན་སྔགས་བཟླས་ནས་ཇག་རྐུན་དེ་དག་བསྒྲལ་དགོས་བསམས་མོད།  ལྕེ་ནི་རལ་ཐུམ་གྱིས་མནན་ཏེ་གཏན་ནས་འགུལ་མི་ནུས།  ཁོས་མདུད་པ་ཞིག་མདུད་ནས་རྐུན་འཆིང་རྒྱག་དགོས་སྙམ་མོད།  ལག་གི་ཕྲེང་བའང་གང་ན་ཡོད་པ་མི་ཤེས་པས། ཇག་རྐུན་དེ་དག་གིས་ས་ལ་ཇི་ལྟར་བསྒྱེལ་ཡོད་ན་དེ་ལྟར་འདུག་པ་ལས་ཐབས་གཞན་མ་རྙེད།①
           གསུམ། རྒྱས་བསྡུས་སྤེལ་མ།   
          རྩོམ་མཁན་གྱིས་དོན་དག་གང་ཞིག་སྤྲོས་བརྗོད་བྱེད་སྐབས། བརྗོད་དོན་ལེགས་པར་སྟོན་པའི་དགོས་མཁོ་དང་བསྟུན་ནས།  དོན་དག་དེ་ལས་ཚན་པ་སྐོར་ཞིག་རྒྱས་བཤད་དང་ཚན་པ་སྐོར་ཞིག་བསྡུས་བཤད་བྱེདབཞིན་ཡོད་ལ། རྒྱས་བཤད་དང་བསྡུས་བཤད་འདྲེས་མར་སྤེལ་བའི་བརྫོད་ལུགས་འདི་ལ་སྤེལ་མ་ཟེར་བ་ཡིན།  རྒྱས་བསྡུས་སྤེལ་མར་བརྗོད་ལུགས་འདི་ནི་ཧ་ཅང་རྒྱུགས་ཆེ་བ་ཞིག་ཡིན་ལ།  མཚན་གཞིའི་དཔེར་བརྗོད་ནི་གཤམ་གསལ་ལྟར།
          ཉིན་འདི་དག་གི་ནང་དུ།   གཡང་ལུང་སྡེ་བའི་ཁོར་ཡུག་ཀུན་ཏུ་སྐད་ཆ་མི་འདྲ་བ་གཉིས་རླུང་ལྟར་གཡུགས་ཏེ་མི་ཚང་མའི་སྐད་ཆའི་མགོ་རྩོམ་བྱེད་ཀྱི་གླེང་གཞིར་གྱུར་འདུག  དོན་གཅིག་ནི་དབང་ལྡན་རྡོ་རྗེ་སྡེ་བའི་ནང་དུ་ཡོང་སྟེ་སྡེ་བའི་ནང་དུ་ཚོང་ཁང་ཞིག་འཛུགས་བཞིན་ཡོད་པ་དེ་ཡིན་ཞིང་།  དོན་ཅིག་ཤོས་ནི་ཉེ་ལམ་གོང་རིམ་ནས་དབུལ་སྐྱོབ་ཀྱི་སྒོར་མོ་འབོར་ཆེན་ཞིག་བྱིན་ཏེ་ཐོན་ལ་ཉེ་ཚུལ་དང་སྡེ་བས་ད་དུང་གཡག་སྐམས་ཤིག་གི་ཆེད་དུའགྲོ་སྒོར་བཏང་བ་དེ་རེད།
          དེ་བས་ནམ་རྒྱུན་ངོ་མདོག་ཐལ་ལྟར་གྱུར་པའི་འཚོ་བ་དཀའ་ངལ་ཡོད་པའི་ཁྱིམ་ཚང་གི་མིའི་གདོང་ལ་སླར་ཡང་སྣུམ་བྱུགས་པ་ལྟར་གྱུར་ཏེ་མགོ་འཕང་ཇེ་མཐོར་གྱུར་པ་དང་སྐད་གདངས་ཇེ་སྦོམ་དུ་གྱུར། ཉིན་རྒྱུན་དབྱུག་དུམ་རྗེས་སུ་དྲུད་ནས་ཁྱིམ་ཚང་དག་གི་རུ་ཁ་ཉུལ་བའི་ཡོན་ཏན་ཡང་སྔོན་དང་མི་འདྲ་བར་གདོང་ལ་ཐ་ཆད་དང་ཁྱད་གསོདཀྱི་འཛུམ་ཞིག་ལངས་ནས“ཨེ་གོ ད་ཐེངས་གོང་མ་ཚང་གིས་ང་ཚོ་འབྱོར་མེད་དག་ལ་དབུ་སྐྱོབ་ཀྱི་སྒོར་མོ་བྱིན་འདུག་ཟེར་བཞིན“འབྱོར་མེད”ཅེས་པའི་མིང་དེ་ཅི་འདྲའི་རླབས་ཆེན་ཞིག་ཡིན་པ་ལྟར་བྱེད་ཅིང་། སྐབས་རེར་ཁྱིམ་ཚང་རེའི་གོ་ཁར་སྐྱིལ་ཀྲུང་གིས་བསྡད་དེ་ངར་ངར་ངང་“ཇི་འདྲ་རེད། ད་ལྟའི་གོང་མ་འདི་ཚང་ང་ཚོ་འབྱོར་མེད་ཚོའི་ཕ་མ་ལྟ་བུ་མ་ཡིན་ནམ།  ཕྱུག་པོ་ཚོས་སྔུག་ཅི་འདྲ་མྱངས་ཀྱང་འདི་ལྟར་སྟེར་མཁན་མེད་ཨང་།  ཧ་ཧ་ཧ……ཞེས་ཧ་ཅང་ཡིད་ཚིམས་པའི་སྐད་ཀྱིས་ཧབ་དགོད་བྱས་པ་ན་ཚང་མས་ཀྱང་དེ་འཕྲལ་རྣམ་འགྱུར་གཞན་ཞིག་འཛིན་པར་བྱེད།  འོན་ཀྱང་ཁོ་ལ་མཚོན་ན་དེ་ནི་ཧ་ཅང་དོན་སྙིང་ལྡན་པའི་ཀུ་རེ་ཞིག་ཡིན་པར་སྣང་།  
          ཕྱི་དྲོ་ཞིག་ལ་ཡོན་ཏན་གྱིས་སླར་ཡང་དབྱུག་དུམ་དྲུད་ནས་ཨ་ཁུ་གཡང་རྒྱལ་ཚང་ལ་ཐོན་བྱུང་།  ཡིན་ན་ཡང་ད་ཐེངས་ཁོ་ཡོང་སྟེ་ཐོག་མར་གླེང་བའི་ཚིག་ནི“མེད”དང“སྐྱིས”ཞེས་པ་མ་ཡིན་པས“ཨེ་གོ”དང“ཨེ་ཤེས”ཞེས་པ་དེ་རེད།    དེའང་མ་འགྱངས་པའི་སྔོན་དུ་སྡེ་དཔོན་རྡོ་རྗེས་ཁྱིམ་ཚང་རེ་ནས་ནས་དང་ཕྱེ་ཀ་ཏོ་ར་གང་རེ་བསྡུ་རུ་བཅུག་སྟེ་ཁོ་ཚང་ལ་བྱིན་པ་རེད། ཉིན་འདིར་ཨ་ཁུ་གཡང་རྒྱལ་དགོན་པར་ཨ་ལགས་ཁོ་ཚང་ལ་ནམ་ཕེབས་ཞུ་རུ་སོང་བས་ཤུལྭ་དུ་ཨ་ནེ་ལྷ་སྒྲོན་གཅིག་པུ་མ་གཏོགས་མེད།   ཡོན་ཏན་གོ་ཁའི་ཡར་སྒྱེད་དུ་སྐྱིལ་ཀྲུང་གིས་བསྡདདེ་ལུས་ལ་སྟོབས་ཤུགས་ཤིག་རྒྱས་ཏེ“ང་ཚོའབྱོར་མེད་དག་ལ་དབུལ་སྐྱོབ་ཀྱི་སྒོར་མོ་སྟེར་རྒྱུ་རེད་ཟེར་བ་ཅི་ཙམ་ཡོད་པ་ཨེ་ཤེས”ཞེས་དྲིས་བྱུང་།  
          ཨ་ནེ་ལྷ་སྒྲོན་གྱིས་ཅི་མི་སྙམ་པའི་ངང་ནས་“མུག་སྐྱོབ་ཟེར་རམ”ཞེས་ཁ་ནས་ཤོར “ཅི་ཟེར”ཡོན་ཏན་དེ་འཕྲལ་མི་དགའ་བར་གྱུར་ཏེ“ངས་དབུལ་སྐྱོབ་ཟེར་བ་ཡིན”པོར་བཤད། “འོ། རེད། རེད།” ཨ་ནེ་ལྷ་སྒྲོན་གྱིས་དེ་འཕྲལ“ངས་ཀྱང་མ་ཤེས། ཚང་མས་དེ་འདྲ་ཞིག་ཟེར་བ་མ་གཏོགས་་་་་་་་”ཟེར བ་དང་འདང་ཞིག་བརྒྱབ་ནས“ངོ་མ་གོང་མ་འདི་ཚང་དྲིན་ཆེན་རེད  སྔོན་ཆད་འདི་ལྟར་སྟེར་མཁན་ཞིག་གང་ན་ཡོད”ཅེས་བཤད།
          “དེ་ལོས་ཡིན།”   སྐབས་དེར་ཡོན་ཏན་གྱི་གདོང་ལ་སླར་ཡང་ངའོ་སྙམ་པའི་ཉམས་ཤིག་མངོན་བཞིན་སྔོན་ཆད་ང་ཚོ་འབྱོར་མེད་ཡིན་པ་རེད། སྤྱི་ཚོགས་རྙིང་བའི་ནང་ངའི་ཕ་རྒན་གྱིས་ཁ་མ་སོས་པར་ཇག་པ་བྱས།  གོང་མ་འདི་ཚང་ཡོང་བས་ང་ཚོ་འབྱོར་མེད་ཡར་ལངས་བྱས་ཤིང་ཕྱུག་པོ་ཚང་མར་འཐབ་རྩོད་བྱས་པ་རེད།”   སྐབས་དེར་ཁོ་ཡིད་ཚིམས་པ་ལྟར་ཁྲེལ་མེད་ཀྱི་འཛུམ་ཞིག་ལངས་ནས་“འོ་ལེ། སྲིད་ཇུས་ངས་ཤེས་པ་རེད།   དང་པོར་སྤྱིའི་ལམ་ཕྱོགས་རེད།  དེའི་རྗེས་ནས་མཆོང་སྐྱོད་ཆེན་མོ་རེད།  དེའི་རྗེས་ནས་མི་དམངས་ཀུང་ཧྲེ་བཙུགས་པ་རེད།  དེའི་རྗེས་ནས་གཙང་ཕྱགས་བཞིའི་ལས་འགུལ།། དེའི་རྗེས་ནས་རིག་གནས་གསར་བརྗེ་ཆེན་པོ་ཡོང་སྟེ་་་་”ཁོས་དེ་ལྟར་ཟེར་བཞིན་མུ་མཐུད་དུ་རྒྱས་བཤད་བྱེད་གྲབས་བྱེད་སྐབས་ཨ་ཁུ་གཡང་རྒྱལ་ཁྱིམ་ནང་དུ་འཛུལ་ཡོང་བས།  ཡོན་ཏན་ལ་མཚོན་ན་སྤྲོ་སྣང་ལྡན་པའི་སྐད་ཆ་དེའི་མཇུག་མི་བསྡུ་ཀ་མེད་བྱུང་།  ཨ་ནེ་ལྷ་སྒྲོན་གྱིས་དེ་མུར་ཨ་ལགས་ཀྱིས་ཅི་ཞིག་གསུང་ཚུལ་དྲིས①།          
གསུམ་པ། སྤྲོས་བརྗོད་བྱེད་སྟངས།  
          སྤྲོས་བརྗོད་ཀྱི་ཐབས་ལམ་བརྒྱུད་ནས་དོན་དག་གང་དང་གང་ཞིག་མཚམས་སྦྱོར་བྱེད་སྐབས། བརྗོད་བྱ་དོན་དག་རིལ་པོ་གཅིག་ལས་གང་ཞིག་ལ་སྔོན་ལ་བརྗོད་པ་དང་།   གང་ཞིག་བར་ནས་བརྗོད་པ།  གང་ཞིག་མཇུག་ཏུ་བརྗོད་པ་ལ་གོ་རིམ་ཞིག་ཡོད་དགོས་དེ།   གལ་སྲིད་སྔ་ཕྱི་ཡོངས་སུ་འཁྲུགས་པ་ན་བརྗོད་བྱའི་དོན་ཡང་འཁྲུགས་སྲིད་པས།  ཀློག་པ་པོའི་ཡིད་ལ་ཅི་ཡང་ངེས་མི་སྲིད།  དོན་དག་གང་ཞིག་སྤྲོས་བརྗོད་ཀྱི་ངོ་སྤྲོད་བྱེད་ལུགས་ལ་ནང་གསེས་སུ་དབྱེ་ན་བཞི་ཡོད་དེ།  རིམ་བརྗོད།  ལྡོག་བརྗོད།    གསབ་བརྗོད།   མཉམ་བརྗོད་རྣམས་སོ།།
          གཅིག   རིམ་བརྗོད།
  རྩོམ་མཁན་གྱིས་རྩོམ་ཡིག་གི་བརྗོད་བྱར་གྱུར་པའི་དོན་དག་གང་དང་གང་ཞིག་ཡི་གེའི་རྣམ་པར་སྤེལ་ནས་མཚམས་སྦྱོར་བྱེད་སྐབས།  དོན་དག་དེ་ཉིད་ཐོག་མར་ཇི་ལྟར་བྱུང་བ་དང་། བར་དུ་ཇི་ལྟར་འགྱུར་བ། མཇུག་འབྲས་ག་འདྲ་སྨིན་པའི་དུས་ཚོད་ཀྱི་གོ་རིམ་དེ་གཞིར་བཟུང་ནས་རིམ་པ་བཞིན་དུ་བརྗོད་པ་ལ་རིམ་བརྗོད་ཟེར་བ་དང་། འདི་ནི་རྩོམ་ལུས་མི་འདྲ་བའི་བརྩམས་ཆོས་མང་པོར་ཆེས་རྒྱུགས་ཆེ་བའི་བརྗོད་སྟངས་ཤིག་ཡིན།  དཔེར་ན།   སྐུ་ཞབས་དོན་གྲུབ་རྒྱལ་གྱི་སྒྲུང་གཏམ་གྲགས་ཅན《སྤྲུལ་སྐུ》ལ་ཆ་མཚོན་ན། སྤྲུལ་སྐུ་རྫུན་མ་ཞིག་གིས་ཨ་ཁུ་ཉི་མ་གཙོ་བྱས་པའི་སྡེ་མི་རྣམས་ལ་མགོ་གཡོགས་མགོ་སྐོར་བཏང་བའི་དོན་དག་དེ་དུས་ཚོད་ཀྱི་གོ་རིམ་དང་བསྟུན་ནས་བརྗོད་ཡོད་ལ། བརྗོད་ལུགས་འདི་ནི་རིམ་བརྗོད་ཀྱི་ཁོངས་སུ་གཏོགས་པ་ཡིན།  
          གཉིས་པ།  ལྡོག་བརྗོད།
          རྩོམ་མཁན་གྱིས་རྩོམ་ཡིག་གི་བརྗོད་བྱར་གྱུར་བའི་དོན་དག་གང་དང་གང་ཞིག་ཡི་གེའི་རྣམ་པར་སྤེལ་ནས་མཚམས་སྦྱོར་བྱེད་སྐབས།  ཐོག་མར་དོན་དག་དེ་ཉིད་ཀྱི་མཇུག་འབྲས་སམ་གྲུབ་ཆ་ཆེས་གལ་ཆེ་བ་ཞིག་སྔོན་ལ་བརྗོད་པ་དང་། དེའི་རྗེས་སུ་དོན་དག་དེ་ཉིད་ཐོག་མར་ཛི་ལྟར་བྱུང་བ་དེ་མཚམས་སྦྱོར་བྱེད་པའི་བརྗོད་སྟངས་ལ་ལྡོག་བརྗོད་ཟེར་བ་ཡིན་ཏེ།  ཡིད་འཇོག་བྱེད་དགོས་པ་ཞིག་ནི།  དོན་དག་གང་དང་གང་ཞིག་གི་མཇུག་འབྲས་ནི་ཡ་ང་བའམ་ཡིད་འཕྲོག་པ་ཞིག་ཡིན་ན།  ཐོག་མར་དོན་དག་དེ་ཡི་མཇུག་འབྲས་བརྗོད་དེ་ཀློག་མཁན་རྣམས་གསལ་འདེབས་གང་ལེགས་བྱེད་པ་དང་།   དེའི་རྗེས་ལ་དོན་དག་དེ་ཉིད་ཇི་ལྟར་བྱུང་བའི་གོ་རིམ་དེ་བརྗོདན།  མི་སེམས་བརྩམས་ཆོས་ཕྱོགས་ལ་འགུགས་པའི་ཐད་ལ་ནུས་པ་ཆེན་པོ་ལྡན་མོད།   དོན་དག་ཡོད་ཚད་ནི་ལྡོག་བརྗོདཀྱི་ཐབས་ལ་བརྟེན་ནས་མཚམས་སྦྱོར་བྱས་ན་དགེ་མཚན་ཆེན་པོ་མེད་དོ། དཔེར་ན། ཆབ་བྲག་རྡོ་རྗེ་ཚེ་རིང་གི་སྒྲུང་གཏམ་《ཆག་སྒོ》ཡི་བརྗོད་བྱ་གཙོ་བོ་ནི་རླངས་འཁོར་ཁ་ལོ་བ་དོན་གྲུབ་ཧྲུའུ་ཅིའི་བཀའ་བཞིན་ཁོ་དང་འགྲོགས་ནས་འབྲོག་ཁྱིམ་ཞིག་ལ་ལུག་འདྲུད་པར་སོང་བ་དང་།  སླར་ལོག་སྐབས་ཧྲུའུ་ཅིས་ལམ་སྐེད་ནས་མུན་རུབ་པར་དོགས་ཏེ་དོན་གྲུབ་ལ་རླངས་འཁོར་མྱུར་མོར་སྐོར་པར་བསྐུལ་བ་ན།  དོན་གྲུབ་ཀྱིས་ཀྱང་དཔོན་པོའི་ངག་བཞིན་རླངས་འཁོར་ལ་ཁ་ལོ་བསྒྱུར་པས། ལམ་སྐེད་ནས་བྱིས་པ་ཆུང་ཆུང་ཞིག་རླངས་འཁོར་གྱིས་བསད་པའི་ཆག་སྒོ་བྱུང་བ་དེ་ཡིན་མོད། རྩོམ་པ་པོས་སྒྲུང་གཏམ་དེ་ཉིད་རྩོམ་སྐབས།   བརྗོད་བྱའི་དོན་གྱི་མཐའ་འབྲས་ཏེ་དོན་གྲུབ་ཀྱིས་སྤྱི་བདེ་ཁང་ན་ངོས་ཟིན་ཡི་གེ་འབྲི་བཞིན་ཡོད་པ་རྩོམ་གྱི་མདུན་ལ་བཀོདཔ་དང་།  ཆག་སྒོ་ཇི་ལྟར་བྱུང་བའི་གོ་རིམ་དེ་མཐའ་འབྲས་ཀྱི་རྗེས་ལ་བཀོད་ཡོད་པ་ལྟ་བུའོ།།
          གསུམ།  གསབ་བརྗོད།
          རྩོམ་མཁན་གྱིས་རྩོམ་ཡིག་གི་བརྗོད་བྱར་གྱུར་བའི་དོན་དག་གང་དང་གང་ཞིག་ཡི་གེའི་རྣམ་པར་སྤེལ་ནས་མཚམས་སྦྱོར་བྱེད་སྐབས།  སྐབས་སུ་བབ་པའི་དོན་དག་གཙོ་བོ་དེ་བརྗོད་ནས་ཚད་ངེས་ཅན་ཞིག་ལ་སླེབས་སྐབས།  དེ་ཉིད་བརྗོད་མཚམས་བཞག་སྟེ་དེ་དང་འབྲེལ་བ་པའི་དོན་དག་གཞན་ཞིག་བརྗོད་པ་དང་།   དེའི་རྗེས་སུ་སླར་ཡང་གོང་གི་དོན་དག་དེ་མུ་མཐུད་དུ་བརྫོད་པའི་བརྗོད་ལུགས་ཤིག་ལ་གསབ་བརྗོད་ཟེར་བ་ཡིན།  གསབ་བརྗོད་ཀྱི་བརྗོད་ལུགས་འདི་ལ་མཆོན་ན།  ཁ་གསབ་བྱས་པའི་ཁག་དེ་ཡིས་བརྩམས་ཆོས་ཀྱི་བརྗོད་བྱ་སྤྱིའམ་ཁག་ཅིག་ལ་གསལ་བཤད་ཀྱི་ནུས་པ་འདོན་པ་ཡིན།  དཔེར་ན། སྐུ་ཞབས་དོན་གྲུབ་རྒྱལ་གྱི་སྒྲུང་གཏམ་གྲགས་ཅན《སྤྲུལ་སྐུ》ཞེས་པར་ཨ་ཁུ་ཉི་མ་མཚམས་སྦྱོར་བྱེད་པའི་ཐབས་ལ་བརྟེན་ནས་རྩོམ་མགོ་བཟུང་རྗེས།   གསབ་བརྗོད་ཀྱི་ཐབས་ལ་བརྟེན་ནས“ཨ་ཁུ་ཉི་མ་ནི་ལོ་བཅུའི་ཐོག་ཏུ་ཆོས་སྒོར་འགྲིམས་ནས་བན་དེ་བྱས་མྱོང་།  ཁོང་གི་བློ་རིག་པ་རྣོ་རྒྱུ་མེད་ན་ཡང་།  བླ་མའི་བཀའ་ལ་འགལ་བའི་གཏམ་དང་སྦྱོར་བ་མེད་ཅིང་།   སྡོམ་ཁྲིམས་རྣམས་ཀྱང་ལེགས་པར་སྲུང་ཐུབ་པས་བླ་མའི་ཐུགས་ཀྱི་བན་དེ་འདང་ཅན་ཞིག་རེད།  ཕོ་ལོ་དྲུག་གསུམ་བཅོ་བརྒྱད་དུ་སོན་པའི་ལོ་དེར།   ཨ་ཁུ་ཉི་མའི་ཨ་ཕ་ནད་ཀྱིས་མནར་ཏེ་འཇིག་རྟེན་མི་ཡུལ་དང་བྲལ་སོང་། ཁྱིམ་ན་ཨ་མ་གཅིག་པུ་ལས་མེད་པའི་ཕྱིར།  ཨ་མས་ཀྱང་བླ་མ་ལ་དགོངས་པ་ཞུས་པ་བཞིན་གནང་སྟབས། ཨ་ཁུ་ཉི་མས་རབ་བྱུང་གི་ཚུལ་དོར་ནས་འཇིག་རྟེན་གྱི་ཁྱིམ་ཐབས་འཛིན་དགོས་བྱུང་།”①ཞེས་ཨ་ཁུ་ཉི་མའི་ལོ་རྒྱུས་ཐུང་ཐུང་ཞིག་བརྗོད་པ་ན།  ཀློག་པ་པོ་ཡི་སེམས་ལ་ཨ་ཁུ་ཉི་མའི་སྣང་བརྙན་གསལ་པོ་ཞིག་འཕོས་ཡོང་བ་མ་ཟད།  མི་སྣ་གཙོ་བོ་དམ་པའི་ཆོས་སྒོར་འགྲིམས་མྱོང་བ་དང་ཆོས་དད་ཆེ་བ་གཉིས་ལ་བརྟེན་ནས།  སྤྲུལ་སྐུ་རྫུན་མ་དེ་ཉིད་ཨ་ཁུ་ཉི་མ་ཚང་ལ་ཡོང་ནས་གཡོ་ཇུས་སྣ་ཚོགས་བཤམས་པ་དང་མི་རྣམས་གཡོ་འོག་ཏུ་ཚུད་པ་ན།  བརྩམས་ཆོས་ཀྱི་བརྗོད་དོན་ལ་བདེན་ཁ་མི་འཆོར་བའི་དགེ་མཚན་ལྡན་པར་གྱུར།
          བཞི། མཉམ་བརྗོད།   
          དུས་གཅིག་ལ་ཡུལ་མི་གཅིག་པ་ནས་བྱུང་བའི་དོན་དག་གི་གོ་རིམ་དེ་མཚམས་སྦྱོར་བྱེད་པའི་བརྗོད་སྟངས་ལ་མཉམ་བརྗོད་ཟེར་བ་ཡིན་ཏེ།  བརྗོད་བྱའི་དོན་དག་གང་དང་གང་ཡིན་པ་དེ་ཡི་གེའི་རྣམ་པར་སྤེལ་སྐབས།  ཐོག་མར་དོན་དག་ཕྲན་བུ་ཞིག་བརྗོད་པ་དང་། དེའི་རྗེས་སུ་དོན་དག་ཕྲན་བུ་གཞན་ཞིག་བཀོད་དེ་ཕན་ཚུན་བསྣོལ་བའི་སྒོ་ནས་བརྗོད་ཆོག་པ་ཡིན་ལ།  འདི་ལྟར་བརྗོད་དོན་ཡི་གེར་སྤེལ་བའི་བརྩམས་ཆོས་རྣམས་ལ་མཚོན་ན།  ཡུལ་གཅིག་ནས་བྱུང་བའི་དོན་དག་དེ་ནི་དུས་ཚོད་ཀྱི་གོ་རིམ་ལྟར་བརྗོད་ཡོད་པ་ན་རིམ་བརྗོད་དུ་གཏོགས་པ་དང་།  དུས་གཅིག་ལ་ཡུལ་མི་གཅིག་པ་ནས་བྱུང་བའི་དོན་དག་རྣམས་ཕན་ཚུན་བསྣོལ་ནས་བརྗོད་པ་ན་མཉམ་བརྗོད་དུ་གྱུར་བ་ཡིན།   ཪྙོག་དྲ་ཆེ་ཞིང་ཁེབས་རྒྱ་ཆེ་བའི་དོན་དག་རྣམས་ནི་འདི་ལྟར་ཡི་གེའི་རྣམ་པར་སྤེལ་ནས་བརྗོད་ན། ཀློག་པ་པོས་དོན་དག་དེ་གསལ་ཆ་ཡོད་པ་དང་འཁྲུགས་པ་མེད་པར་རྟོགས་ཐུབ་པ་ཡིན།  དཔེར་ན།  སྐུ་ཞབས་དོན་གྲུབ་རྒྱལ་གྱི་སྒྲུང་འབྲིང་གྲགས་ཅན《སད་ཀྱིས་བཅོམ་པའི་མེ་ཏོག》ཅེས་པ་ལ་ཆ་མཆོན་ན།  བརྗོད་བྱ་ནི་ཚེ་རིང་དང་རིག་ཡག  ལྷ་སྐྱིད་སོགས་ཀྱི་ཪྙོག་དྲ་རང་བཞིན་ལྡན་པའི་འབྲེལ་བ་དེ་ཡིན་མོད། རྩོམ་པ་པོ་རྩོམ་པའི་ལས་ལ་འཇུག་སྐབས།  ཪྙོག་དྲ་དེ་ཐོག་མར་ཇི་ལྟར་བྱུང་བ། བར་དུ་ཇི་ལྟར་འགྱུར་བ། མཐའ་འབྲས་སྨིན་པ་དམིགས་སུ་བཟུང་སྟེ་དུས་ཚོད་ཀྱི་གོརིམ་ལྟར་མ་བརྗོད་པར། མི་སྣ་གཙོ་བོ་རྣམས་ལས་མི་སྣ་གཅིག་ལོགས་སུ་བཀར་ཏེ།  “ཆེ་རིང་གི་སྐད་ཆ”དང་།  “རིག་ཡག་གི་འཕྲུལ་སྣང་།” “ལྷ་སྐྱིད་ཀྱི་སྡུག་བསྔལ།” “ཕུན་ཆོགས་ཀྱི་གོ་རྟོགས།”ཚེ་རིང་གི་བསམ་ཚུལ་བཅས་པ་ཚན་པ་རེ་རེའི་ཁ་བྱང་བྱས་ཏེ།   དུས་གཅིག་ལ་བྱུང་བའི་དོན་དག་རྣམས་མི་སྣ་གཅིག་གི་འཚོ་བའི་བརྒྱུད་རིམ་དང་བསྟུན་ནས་སོ་སོར་བགོས་ཏེ་བརྗོད་ཡོད་ལ།  འདི་ལྟར་བརྗོད་ན་བྱུང་རིམ་ཕུན་སུམ་ཆོགས་པ་དང་མི་སྣའི་གཤིས་ཀ་ལེགས་པར་མཆོན་པ་ལ་དགེ་མཚན་ཆེན་པོ་ལྡན་པ་ཡིན།   
          ལྔ།   གསལ་འདེབས་ཕྲན་བུ།
          རྩོམ་ཡིག་གི་བརྗོད་སྟངས་ལ་རིམ་བརྗོད་དང་།  ལྡོག་བརྗོད་དང་།  གསབ་བརྗོད་དང་། མཉམ་བརྗོད་བཅས་རིགས་བཞིར་དབྱེ་བ་ནི། རྩོམ་ཡིག་རིལ་པོ་གཅིག་ལ་གཞིགས་ནས་བཤད་པ་ཡིན་ལ།  བརྗོད་དོན་ཡོངས་སུ་རྫོགས་པའི་རྩོམ་ཡིག་ཀུན་ལ་ཆ་མཆོན་ན།  རིམ་བརྗོད་སོགས་བརྗོད་སྟངས་གཅིག་ལ་བརྟེན་ནས་བརྗོད་དོན་ཡོངས་སུ་རྫོགས་པར་བརྗོད་འདུག་པ་གཅིག་ཀྱང་མེད་པས། འདིར་རིམ་བརྗོད་ཅེས་པ་སོགས་ནི་བརྗོད་སྟངས་གཙོ་བོ་དེ་ལ་དམིགས་ནས་བརྗོད་པ་ཡིན།  དེ་མིན། ལྡོག་བརྗོད་ལ་མཚོན་ན་དོན་དག་གི་གོ་རིམ་ཡོངས་སུ་ལྡོག་ནས་གང་དྲན་ཡི་གེར་བཀོད་པའི་དོན་ཕྲན་བུ་མང་པོའི་ཚོགས་པ་ཞིག་མིན་ལ།  བརྗོད་བྱའི་དོན་དག་གི་མཇུག་འབྲས་རྩོམ་ཡིག་གི་མདུན་ལ་བཀོད་རྗེས།   དོན་དག་དེ་ཇི་ལྟར་བྱུང་བའི་གོ་རིམ་ནི་རིམ་བརྗོད་ཀྱི་ཐབས་ལ་བརྟེན་ནས་བརྗོད་ཡོད་པ་དང་།   གསབ་བརྗོད་ཀྱི་བརྗོད་སྟངས་ཁོ་ནར་བརྟེན་ནས་རྩོམ་ཡིག་ཅིག་འབྲི་ཐབས་གཏན་ནས་མེད་ལ།  དེ་ནི་དོན་དག་གི་གོ་རིམ་བརྗོད་སྐབས་གསལ་བཤད་ཀྱི་ནུས་པ་འདོན་པར་ནུས་པའི་བརྗོད་སྟངས་ཤིག་ཡིན་པ་དང་། མཉམ་བརྗོད་ལ་མཚོན་ན་ཡུལ་མི་གཅིག་པ་ནས་དུས་གཅིག་ལ་བྱུང་པའི་དོན་དང་དུས་གཅིག་ལ་བྱུང་བའི་དོན་དག་གཙོ་གནད་མི་འདྲ་བའི་སྒོ་ནས་སོ་སོར་བརྗོད་བཞིན་ཡོད་རུང་།  དོན་དག་བྱེ་བྲག་གཅིག་བརྗོད་སྐབས་རིམ་བརྗོད་དམ་ལྡོག་བརྗོད་ཀྱི་བརྗོད་སྟངས་ལ་བརྟེན་ནས་བརྗོད་བཞིན་ཡོད།

རྩོམ་པ་པོ་ངོ་སྤྲོད། 
བཀྲ་བྷ། (1963- )སྐྱེས་ཡུལ་མཚོ་སྔོན་ཞིང་ཆེན་གུང་ཧོ་རྫོང།  ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་བོད་རིག་པ་ཞིབ་འཇུག་སློབ་གླིང་གི་དགེ་རྒན་ཆེན་མོ་གཞོན་པ་ཡིན།
① བཀྲ་བྷ། 《སྲིན་པོ་གཡུ་རྔོག་དང་ཉི་མ་ལྷ་ས》  2000ལོའི་《སྦྲང་ཆར》དེབ་དང་པོ། ཤོག་ངོསllན་གསལ།
①བཀྲ་བྷ། 《 སྲིན་པོ་གཡུ་རྔོག་དང་ཉི་མ་ལྷ་ས》      2000ལོའི་《སྦྲང་ཆར》དེབ་དང་པོ། ཤོག་ངོསllན་གསལ།   
①བཀྲ་བྷ། (ནས)་2009ལོའི(སྦྲང་ཆར་དེབ་དང་པོ།    ཤོག་ངོས86ན་གསལ།
① ཤིས་ཆུང། 《ཆར་རྗེས་ཀྱི་ཞོགས་པ》 1995ལོའི《སྦྲང་ཆར》དེབ་དང་པོའི་ཤོག་ངོས59ན་གསལ།
①དགེ་འདུན་ཆོས་འཕེལ། (དགེ་འདུན་ཆོས་འཕེལ་གྱི་གསུང་རྩོམ)པོད་གཉིས་པ། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་གིས1990ལོར་པར་དུ་བསྐྲུན། ཤོག་ངོས25-27ན་གསལ།
① བཀྲ་བྷ།《 ནས》  2009ལོའི(སྦྲང་ཆར)དེབ་དང་པོ།  ཤོག་ངོས70ན་གསལ།
①སྟག་འབུམ་རྒྱལ། 《ལྷིང་འཇགས་ཀྱི་རྩྭ་ཐང་།》 མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་1999ལོར་པར་དུབསྐྲུན། ཤོག་ངོས་144-147བར་གསལ།
①དོན་གྲུབ་རྒྱལ། 《དཔལ་དོན་གྲུབ་རྒྱལ་གྱི་གསུང་འབུམ།》 པོད་གཉིས་པ། མི་རིགས་དཔེ་སྐྲུན་ཁང་གིས་997ལོར་པར་དུབསྐྲུན།  ཤོག་ངོས119-120བར་གསལ།

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1