གཙོ་ངོས།>> སློབ་གསོ།>>སློབ་གསོའི་ཉམས་མྱོང་།

གདུགས་དཀར་རྒྱལ། རྩོམ་སྒྲིག་པ།ཡོང་ཁུངས།མཚོ་སྔོན་བོད་ཡིག་ཁྲིམས་ལུགས་ཚགས་པར། སྤེལ་དུས། ༢༠༡༨ལོའི་ཟླ་བ་༠༥ཚེས་༠༤ཉིན།

༄༅།། མཐོ་གསུམ་སློབ་མར་ཕུལ་བའི་ལེགས་སྐྱེས།

མཚོ་ལྷོ་ཁུལ་མི་རིགས་མཐོ་འབྲིང་གསུམ་པ།
གདུགས་དཀར་རྒྱལ།
    བདག་གིས་ལོ་མང་པོ་ཞིག་ལ་མཐོ་གསུམ་སློབ་མར་སློབ་ཁྲིད་བྱས་པ་དང་སྒྲིག་ལམ་དོ་དམ་ཕྱོགས་ལ་བསམ་བློ་མང་པོ་བཏང་བ་མ་ཟད་དུས་རྒྱུན་དུ་སློབ་མའི་སེམས་ཁམས་ལ་རྒྱུས་ལོན་དང་ལོ་སྔོན་མའི་མི་འདང་སར་ཁ་གསབ་བྱས་ཤིང་། སྐབས་བསྟུན་གྱི་དགོས་མཁོ་ལྟར་ནང་དོན་གསར་བ་དག་ཁ་སྣོན་བྱས་ནས་འཐུས་ཚང་ཅན་དུ་བསྒྱུར་བ་ཡིན། རྒྱུགས་ཞུགས་སློབ་མ་ལ་མཚོན་ན་ཆེས་གཙིགས་ཆེན་དུ་འཛིན་དགོས་པའི་དུས་སྐབས་འདིར་སེམས་ཁམས་སྙོམས་སྒྲིག་བྱས་ནས་མཐའ་འཇུག་གི་ནུས་ལྡན་བསྐྱར་སྦྱོང་བྱེད་དགོས།
གཅིག  ནུས་ལྡན་བསྐྱར་སྦྱོང་བྱེད་ཐབས།
    1. བསླབ་དེབ་ནང་དོན་ལ་བསྐྱར་སྦྱོང་བྱེད་ཐབས།
      བསླབ་དེབ་ཁྲོད་ཀྱི་ཤེས་བྱ་ནི་རྒྱུགས་གཞི་སོ་སོའི་ནང་དོན་གཙོ་བོ་ཡིན་པ་མ་ཟད་རྒྱུགས་ཞུགས་སློབ་མས་སྐར་མ་ལེན་བྱེད་ཀྱི་ལག་ཆ་གལ་ཆེན་ཞིག་ཀྱང་ཡིན། དུས་ཚོད་མི་འདྲ་བའི་ནང་བསླབ་དེབ་ལ་བསྐྱར་སྦྱོང་བྱེད་ཐབས་ཀྱང་མི་འདྲ་བ་ཡིན། སྐབས་འདིའི་བསླབ་དེབ་ནི་བསླབ་དེབ་རྐྱང་བ་མིན་ལ་ནུས་པ་བསྐྱེད་བསྲིང་བྱེད་པའི་ཟུར་ལྟའི་དཔྱད་གཞི་དང་གཙོ་བོ་དཀའ་གནད་ཀྱི་རིམ་པ་དགར་པའི་ཕྱོགས་བསྡུས་ཚད་གཞིའང་བྱས་ན་ཆོག
      མཐོ་རྒྱུགས་ཞུགས་ལ་ཉེ་བའི་དུས་སྐབས་འདིར་བསླབ་དེབ་ལ་བསྐྱར་སྦྱོང་བྱེད་པར་རྒྱུན་འཁྱོངས་བྱེད་དགོས་པའི་རྩ་དོན་འགའ་ཡོད་དེ། 
     ① བསླབ་དེབ་ཁོ་ན་ལ་སྦྱོང་བ་མི་བྱེད་པ་དང་ཟུར་ལྟའི་དཔྱད་གཞི་དམིགས་སུ་མི་འཛིན་པར་དེ་གཉིས་མཉམ་གཅིག་ཏུ་སྦྲེལ་ནས་བསྐྱར་སྦྱོང་བྱས་ན་ནུས་པ་ལྡན། 
     ② དུས་ཚོད་མང་པོ་མེད་པའི་རྐྱེན་གྱིས་ཤེས་བྱའི་གནད་གཙོ་བོ་དག་ཡིད་ལ་འཛིན་པ་ལས་བསླབ་དེབ་ངོས་ཀྱི་ཤེས་བྱ་ཡོད་ཚད་སྦྱོང་བ་མིན་པར་ཆད་ལྷག་ཤོར་བའི་ནང་དོན་དག་ཡིད་ལ་འཛིན་དགོས།  
     ③ ཤེས་བྱའི་གནད་གཙོ་བོ་དང་ཚོད་ལྟའི་རྒྱུགས་གཞིའི་ཁྲོད་དུ་བྱུང་བའི་ཤེས་བྱ་དག་ལོགས་སུ་དགར་ནས་འབྲེལ་ཡོད་ནང་དོན་ཚང་མར་ཞིབ་ཏུ་བལྟ་དགོས། 
      འདི་ལྟར་བསླབ་དེབ་ངོས་ཀྱི་ཤེས་བྱ་སྦྱོང་བརྡར་བྱས་རྗེས་ནང་དོན་གཙོ་བོ་གང་དག་ཡིན་པ་དང་དུས་རྒྱུན་རྒྱུགས་གཞིའི་ཁྲོད་བྱུང་དང་འབྱུང་གིན་པ་གང་དག་ཡིན་པ་ཤེས་རྟོགས་འབྱུང་ཐུབ། དེ་ལྟར་བྱས་རྗེས་གཤམ་གྱི་གནད་དོན་འགའ་ལ་བསམ་བློ་གཏོང་དགོས། 
     ① དགེ་རྒན་གྱིས་བསླབ་དེབ་ངོས་ཀྱི་ཤེས་བྱ་གདམ་ནས་རྒྱུགས་གཞིའི་ནང་དོན་བྱེད་པ། 
     ② བསླབ་དེབ་ངོས་ཀྱི་ཤེས་བྱ་གཙོ་བོ་དག་གི་མ་ལག་མཉམ་དུ་སྦྲེལ་ནས་རྒྱུགས་ཚིག་གི་ནང་དོན་འབྱུང་བར་དབྱེ་ཞིབ་བྱེད་པ། 
     ③ བསླབ་དེབ་མང་པོ་ལས་རྒྱུགས་གཞིའི་ཁྲོད་བྱུང་བའི་སྐར་གྲངས་མང་ཤོས་ཟིན་ཚད་ཀྱི་དཔེ་ཆ་དེའི་ནང་དོན་ལ་ཡང་དང་བསྐྱར་དུ་སྦྱོང་བརྡར་དང་ཕྱོགས་སྡོམ་བྱེད་པ།  

     2. རྒྱུགས་གཞི་སྒྲུབ་པའི་སྐབས་ཀྱི་དབྱེ་ཞིབ་བྱེད་སྟངས།  
     ཟླ་འདིའི་ནང་དུ་སྔོན་ལ་བསྒྲུབས་ཟིན་པ་དང་ཚོད་ལྟའི་རྒྱུགས་གཞིའི་ཁྲོད་བྱུང་མྱོང་བའི་ནང་དོན་དག་ལས་ནོར་སླ་བ་དག་ཕྱོགས་བསྡུས་བྱས་ནས་དེ་སྒྲུབ་སྟངས་ལ་བསམ་བློ་གཏོང་དགོས་པ་མ་ཟད་མཉམ་འཇོག་བྱེད་དགོས་ས་དག་གཙོ་བོར་བཟུང་ནས་ཡིད་ལ་འཛིན་དགོས། འདི་ལ་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་སློབ་མ་ཚེ་རིང་ལྷ་མོས“ཟླ་གཅིག་མ་གཏོགས་མེད་པའི་དུས་ལོ་སྔོན་མ་དག་གི་རྒྱུགས་གཞི་ལ་ལྟ་བ། དེའི་ཁྲོད་དུ་བྱུང་ཟིན་པའི་ཐེངས་གྲངས་ཆེས་མང་བ་དག་ལ་ཡང་དང་བསྐྱར་དུ་ལྟ་དགོས་པ་མ་གཏོགས་ཤེས་བྱ་གསར་བ་མང་པོ་རང་རྒྱུད་ལ་བསྡུ་ལེན་མ་བྱས་ན་འགྲིག”(1)ཅེས་བཤད་པ་ལྟར་ལོ་སྔོན་མ་དག་གི་མཐོ་རྒྱུགས་ཁྲོད་བྱུང་བའི་བསླབ་དེབ་ལ་དབྱེ་ཞིབ་བྱས་ནས་དེ་དང་འབྲེལ་ཡོད་ཀྱི་ཤེས་བྱའི་མ་ལག་ཆ་ཚང་བ་དེར་བྱང་ཆ་ལྡན་དུ་འཇུག་དགོས། རྒྱུགས་གཞི་དབྱེ་ཞིབ་བྱེད་མཁན་ཡང་བསླབ་དེབ་རེ་རེ་ཁྲིད་མྱོང་བའི་ཆེད་ལས་དགེ་རྒན་ཡིན་དགོས་པ་ལས་སློབ་མས་འབྲེལ་ཡོད་ཤེས་བྱ་མཐའ་དག་གི་མདུད་པ་དགྲོལ་མི་ཐུབ། རྒྱུ་མཚན་ནི་དགེ་རྒན་གྱིས་འབྲེལ་ཡོད་ཀྱི་རྒྱུགས་གཞི་མང་པོ་སྒྲུབ་ཡོད་པ་མ་ཟད་མཐོ་རྒྱུགས་སྐོར་གྱི་ཆེད་དོན་ཟབ་སྦྱོང་ཡང་བྱས་ཡོད་པས་ཁ་ཕྱོགས་ཅུང་ཙམ་རྟོགས་པ་ཡིན།  མཐོ་རྒྱུགས་ལེན་ལ་ཉེ་བའི་དུས་སྐབས་སུ་དགེ་རྒན་གྱིས་སྔར་ལས་ལྷག་པའི་གྲ་སྒྲིག་བྱས་ནས་འཐུས་ཚང་ཅན་དུ་བསྒྱུར་ཏེ་སློབ་མར་མཐོ་རྒྱུགས་ཕྱོགས་ཀྱི་མཛུབ་སྟོན་བྱེད་དགོས། དེ་ཡང་དགེ་རྒན་མི་འདྲ་བ་རེ་རེས་མཛུབ་སྟོན་གང་ལེགས་བྱས་ན་ཕན་ཐོགས་ཆེན་པོ་ལྡན་པ་གདོན་མི་ཟ། འདི་ལ་མཚོ་ལྷོ་ཁུལ་མི་རིགས་མཐོ་འབྲིང་གཉིས་པའི་རྒན་ལྷ་མཁར་ཚེ་རིང་གིས“དགེ་རྒན་ཉམས་མྱོང་ཅན་ཕྱི་ནས་གདན་དྲངས་པ་དང་སློབ་གྲྭའི་ནང་ཁུལ་གྱི་དགེ་རྒན་ཉམས་མྱོང་ཅན་ཡང་གདན་འདྲེན་བྱས་ནས་མཐོ་གསུམ་སློབ་མ་ཡོངས་ལ་སློབ་ཁྲིད་བྱེད་དུ་བཅུག་ན་ཕན་པ་ཆེན་པོ་ཡོད་པ་རེད”(2)ཅེས་བཤད་པ་འདིར་དོན་སྙིང་གལ་ཆེན་ལྡན་པར་སྙམ། འཁྲིད་བྱའི་དུས་ཚོད་ཐུང་ཡང་ཁྲིད་མཁན་དགེ་རྒན་གྱི་གྲ་སྒྲིག་འཐུས་ཚང་ཡིན་ན་ཉན་མཁན་སློབ་མ་རེ་རེས་ཀྱང་སྤྲོ་སྣང་དང་ནན་ཏན་གྱིས་མཉན་པ་ཡིན
      མཐོ་རྒྱུགས་ལ་ཉེ་བའི་སྐབས་འདིར་རྒྱུགས་གཞི་སྒྲུབ་པར་རྒྱུན་འཁྱོངས་བྱེད་དགོས་པའི་རྩ་དོན་འགའ་ཡོད་པ་ནི། 
     ① རྒྱུགས་གཞི་སྒྲུབ་པའི་གོ་རིམ་ཁྲོད་དུ་བློ་སེམས་རྩེ་གཅིག་གིས་བསམ་གཞིག་གཏོང་དགོས། ཁ་བྱང་ཁྲོད་ཤེས་ཟིན་པ་གང་དག་ཡོད་པ་དང་དེ་ལས་གང་དག་ནི་རྒྱུགས་གཞི་སྒྲུབ་པའི་གཙོ་གནད་ཡིན་པ། 
     ② སྔོན་ལ་ནོར་འཁྲུལ་བྱུང་སླ་བ་དག་སྒྲུབ་སྐབས་འབྲེལ་ཡོད་ཤེས་བྱ་ཕྱིར་དྲན་བྱེད་པ། དེ་ཡང་དག་པར་སྒྲུབ་སྟངས་ནི་ཁ་བྱང་གིས་ཐག་གཅོད་བྱེད་པ་ཡིན་ནམ་ཡང་ན་འབྲེལ་ཡོད་ཤེས་བྱར་བཀོལ་དགོས་པ་ཡིན་མིན། 
     ③ རྒྱུགས་གཞིའི་ནང་དོན་སྒྲུབ་སྐབས་མགོ་ནས་མཇུག་བར་དུ་ནན་ཏན་གྱིས་སྒྲུབ་པ་ལས་རྣམ་གཡེང་བྱེད་མི་རུང་ལ་བར་དུ་ངལ་གསོས་ན་ཚད་ལྡན་དྲིས་ལན་ཐོབ་པར་གནོད་པ་འབྱུང་སྲིད། རྒྱུགས་ལེན་ལ་ཉེ་བའི་སྐབས་འདིར་བློ་སྒོ་འབྱེད་པའི་བསམ་གཞིག་གཏོང་རྒྱུ་ཧ་ཅང་གལ་ཆེ་སྟེ། དེ་ལ་བོད་ཀྱི་སློབ་འབྲིང་དྲ་བ་ལས“རྒྱུགས་གཞི་རེ་བཙལ་ནས་དེ་འགྲོལ་ཐབས་ཀྱི་གོ་རིམ་ལ་བསམ་གཞིག་གཏོང་བ་ལས་དེ་ཞིབ་ཏུ་འགྲེལ་དགོས་པའི་ངེས་པ་མེད། ཟུར་ལྟའི་དྲིས་ལན་ལྟར་རང་ཉིད་ཀྱི་བསམ་ཕྱོགས་ལ་ཞིབ་དཔྱད་བྱེད་དགོས། དེ་ལྟར་བསྒྲུབ་ན་རང་ཉིད་ཀྱིས་དུས་ཡུན་ཐུང་ངུའི་ནང་དུ་དྲིས་ལན་འདེབས་ཕྱོགས་ཀྱི་ཐད་དུ་སྦྱོང་བརྡར་གང་ལེགས་ཐོབ་ཡོད”(3)ཅེས་པ་ལ་དོན་སྙིང་གལ་ཆེན་ལྡན། 
     ④ རྒྱུགས་གཞི་སྒྲུབ་པའི་གོ་རིམ་ཁྲོད་དུ་མི་ཤེས་པའི་ནང་དོན་དང་འཕྲད་ན་རེ་ཞིག་མཚམས་བཞག་ནས་དྲི་བ་གཞན་པ་བསྒྲུབས་རྗེས་བསམ་བློ་གཏོང་དགོས། 
     ⑤ རྒྱུགས་གཞི་སྒྲུབ་སྐབས་དྲིས་ལན་ལ་ཟུར་ལྟ་མི་བྱེད་པར་བསྒྲུབས་ཚར་རྗེས་འགྲིག་མིན་ལ་བརྡར་གཅོད་བྱེད་པ་དང་ནོར་འཆུག་བྱུང་བ་དག་མྱུར་དུ་ཞུ་དག་དང་འབྲེལ་ཡོད་ཤེས་བྱ་བསྐྱར་སྦྱོང་བྱེད་པ།  

      རྒྱུགས་གཞི་སྒྲུབ་སྐབས་དུས་ཚོད་དམ་འཛིན་བྱས་ཏེ་ཆ་ཚང་ཞིག་འབྲི་རྒྱུ་ནི་མཐོ་རྒྱུགས་ཀྱི་ཐོབ་འབྲས་བཟང་ངན་ལ་ཐད་ཀར་དུ་འབྲེལ་བ་ཡོད། 
     ① རྒྱུགས་གཞིའི་དྲིས་ལན་འདེབས་སྐབས་རྒྱུགས་ཤོག་དང་དྲིས་ལན་འབྲི་ཤོག་གཉིས་ཁ་ཁ་མི་འབྱེད་པར་གཞི་གཅིག་ཏུ་སྦྲེལ་ནས་དྲིས་ལན་བྲིས་ན་དུས་ཚོད་དམ་འཛིན་བྱེད་པར་ཕན་ཐོགས་ཡོད།  ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་སློབ་མ་མགོན་པོ་ཚེ་རིང་གིས“སྐར་མ་མང་བའི་རྒྱུགས་གཞི་ལ་དུས་ཚོད་རིང་པོ་བཀོལ་དགོས་པ་དང་སྐར་མ་ཉུང་ན་དེ་ལས་ལྡོག”(4)ཅེས་བཤད་པ་བཞིན་དུས་རྒྱུན་དུ་བསྐྱར་སྦྱོང་བྱེད་སྐབས་སྐར་མའི་མང་ཉུང་ལྟར་དུས་ཚོད་བཀོད་སྒྲིག་བྱས་ནས་དམ་འཛིན་བྱེད་དགོས་ཚུལ་བསྟན་ཡོད།
     ② རྒྱུགས་ཞུགས་སློབ་མའི་ལག་ཏུ་རྒྱུགས་ཤོག་འབྱོར་མ་ཐག་ཤོག་གྲངས་ལྟར་རྒྱུགས་ཤོག་ཚང་མིན་ལ་མགྱོགས་པོར་ཞིབ་ལྟ་བྱས་རྗེས་རུས་མིང་དང་རྒྱུགས་ལེན་ཨང་གྲངས་སོགས་གསལ་བོར་བྲི་དགོས།  
      རྒྱུགས་ལེན་ལ་ཉེ་བའི་དུས་སུ་ཕྱོགས་བསྡུས་བསྐྱར་སྦྱོང་བྱས་ཏེ་ཤེས་བྱ་གཙོ་བོ་དག་རང་རྒྱུད་ལ་གསོག་གཉེར་བྱེད་རྒྱུ་ཧ་ཅང་གལ་ཆེ།  དེ་ལ་བོད་ཀྱི་སློབ་འབྲིང་དྲ་བ་ལས“སྤྱིར་བཏང་དུ་རྒྱུགས་ལེན་ལ་ཉེ་བའི་དུས་སུ་རྨང་གཞིའི་ཤེས་བྱར་དོ་སྣང་བྱེད་དགོས། རྙོག་འཛིང་ཅན་གྱི་རྒྱུགས་གཞི་ལ་འཐམས་ནས་བསྡད་ན་དེ་འདྲའི་འོས་འཚམ་ཞིག་མ་རེད། དེ་ལས་རང་ཉིད་ཀྱིས་སྦྱངས་ཟིན་པའི་རྨང་གཞིའི་ཤེས་བྱ་དག་ལ་ནན་གྱིས་བསྐྱར་སྦྱོང་ལེགས་པོ་བྱས་ནས་རྨང་གཞི་བརྟན་པོ་བཟོ་རྒྱུ་ནི་གལ་ཆེའོ”(5)ཞེས་བཤད་པ་བཞིན་རྒྱུགས་སྔོན་མའི་ཁྲོད་བྱུང་ཟིན་པའི་ཤེས་བྱ་གཙོ་བོ་དང་འབྲེལ་ནས་བསླབ་དེབ་ངོས་ཀྱི་ནང་དོན་ཕྱོགས་བསྡུས་བྱས་ནས་བློར་འཛིན་དགོས།
གཉིས། སེམས་ཁམས་སྙོམས་སྒྲིག་གི་ཕྱོགས།
      མཐོ་རྒྱུགས་ནི་ཤེས་བྱ་དང་བློ་གྲོས་བསྡུར་བའི་འགྲན་རྩོད་ཅིག་ཡིན་པ་མ་ཟད་མིའི་སེམས་ཁམས་ཀྱི་འགྲན་རྩོད་ཅིག་ཀྱང་ཡིན། མིའི་སེམས་ཁམས་དང་རྣམ་འགྱུར་གྱིས་ཡོད་ཚད་ཐག་གཅོད་སྲིད་པས་མཐོ་རྒྱུགས་ལ་ཉེ་བའི་དུས་སེམས་ཁམས་སྙོམས་སྒྲིག་བྱེད་དགོས། དགེ་རྒན་དང་ཕ་མ་ནི་དུས་རྒྱུན་དུ་སློབ་མ་དང་འབྲེལ་འདྲིས་བྱེད་མཁན་ཆེས་མང་ཤས་ཡིན་པས་སེམས་ཁམས་ལ་རྒྱུས་ལོན་བྱེད་ཐུབ་པ་ཡིན། དུས་སྐབས་འདིར་སློབ་མ་རེ་རེའི་སེམས་ཁམས་ཀྱི་འགྱུར་ལྡོག་དང་བསྟུན་ནས་ཁ་བརྡ་བྱེད་པའམ་བསྐྱར་སྦྱོང་གི་འཆར་གཞི་གྲོས་བསྡུར་བྱེད་པ་བཅས་ཀྱི་བྱེད་ཐབས་སྣ་མང་བརྒྱུད་ནས་སློབ་མའི་སེམས་ཁམས་བདེ་ལ་དབབ་ཏུ་འཇུག་རྒྱུ་ནི་ཧ་ཅང་གལ་ཆེ་བ་ཞིག་རེད།  དེ་ཡང་མཚོ་ནུབ་ཁུལ་ཐེམ་ཆེན་རྫོང་མི་རིགས་སློབ་འབྲིང་གི་དགེ་རྒན་ཁ་བ་ལྷ་མོས“སློབ་མ་ཕན་ཚུན་བསྡུར་ནས་སྡུག་དམོད་བྱེད་མི་རུང་། དེ་ལྟར་བྱས་ན་སློབ་མའི་སློབ་སྦྱོང་བྱེད་འདོད་ཀྱི་སེམས་གསོད་པ་རེད། གལ་ཏེ་ཁྱེད་ཀྱིས་རྒྱུགས་མ་འཕྲོད་ན་ད་ལྟའི་བར་བྱིན་པའི་སློབ་ཡོན་ཡོད་ཚད་བརླག་པ་དང་ཕྱིར་ཡུལ་དུ་ཡོང་ས་མེད་ཅེས་བཙན་མི་བཀོལ་བ་གལ་ཆེ”(6)ཞེས་བཤད་པ་བཞིན་སློབ་མའི་འཚོ་བ་དང་སེམས་ཁམས་ལ་བསྟུན་ནས་བསྐྱར་སྦྱོང་གི་འཆར་གཞི་འཛུགས་དགོས།
     མཐོ་རྒྱུགས་ལ་ཞུགས་པའི་སློབ་གྲོགས་ཚོས་ནང་སེམས་ཀྱི་ཞེད་སྣང་དང་དངངས་སྐྲག་རིང་དུ་དོར་ཏེ་རང་ལ་ཡིད་ཆེས་ཡོད་པའི་སྒོ་ནས་རྒྱུགས་རར་ཞུགས་རྒྱུ་ནི་ཧ་ཅང་གལ་ཆེ་བོ་འདུག ང་ཚོས་རྒྱུགས་གཞི་མང་པོ་སྒྲུབ་མྱོང་ལ་ལྷག་པར་དུ་ཚད་ལྡན་གྱི་ཚོད་བགམ་རྒྱུགས་གཞི་མང་བོ་བླངས་ཏེ་སྦྱོང་བརྡར་བྱས་ཡོད་པས་འཚུབ་ཆ་དང་དངངས་སྐྲག་སྐྱེ་དོན་ཅི་ཡང་མེད།  དེ་ལ་ནི་མཚོ་སྔོན་སློབ་ཆེན་བོད་ལུགས་གསོ་རིགས་སློབ་གླིང་གི་སློབ་མ་རྣམ་སྲས་རྒྱལ་གྱིས“གྲ་སྒྲིག་གི་རྒྱུགས་གཞི་དེ་མཐོ་རྒྱུགས་ཀྱི་ཚབ་བྱས་ཆོག་ལ་མཐོ་རྒྱུགས་ཀྱང་གྲ་སྒྲིག་གི་རྒྱུགས་གཞི་ཡིན་བསམ་ནས་བྲི་དགོས ”(7)ཞེས་བཤད་པ་བཞིན་དུས་རྒྱུན་གྱི་སེམས་ཁམས་དང་གྲ་སྒྲིག་དེ་རྒྱུགས་ཤོག་སྟེང་སྤྱོད་དགོས། གཞན་ཡང་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་སློབ་མ་ཚེ་རིང་ལྷ་མོས“དངངས་སྐྲག་སྐྱེ་བའི་སྐབས་ཆོས་ལུགས་ཀྱི་བྱ་འགུལ་སྤེལ་ན་སེམས་ཁམས་ལྷོད་ལ་འབབ་པ་རེད།  བསང་ཕུད་པ་དང་རྒྱལ་མཚན་རྩེ་མོའི་དར་ལྕོག་བསྒྲེང་བ་སོགས་ཀྱིས་སྔོན་ལ་སྦྱང་མེད་པར་རོགས་བྱེད་མི་ཐུབ་ཀྱང་བསྐྱར་སྦྱོང་བྱས་པ་དག་སེམས་ཁམས་ལ་བརྟེན་ནས་ཕྱིར་འཕུད་ཐུབ་པ་རེད”(8)ཅེས་བཤད་པ་བཞིན་སེམས་ཁམས་ལྷོད་ལ་དབབ་ཏུ་འཇུག་དགོས།
      རྒྱུགས་ལེན་ལ་ཉེ་བའི་དུས་སྐབས་དེར་སློབ་མའི་ལུས་སེམས་ཐང་ཆད་པའི་སྣང་བ་གཏན་ནས་སྐྱེ་མི་རུང། དེ་བས་རྒྱུགས་ཞུགས་སློབ་མའི་སེམས་ཁམས་སྤྲོ་སྣང་ཅན་དུ་བསྒྱུར་དགོས་ཚུལ་ལ“སྙིང་སྟོབས་རྒྱས་པ་དང་ལྟ་སྟངས་ཡང་དག་འཛིན་པ། དོན་དངོས་ལ་ཁ་གཏད་པ། བློ་ཁ་བརྟན་པོ་ཡོད་དགོས”(9)ཞེས་བཀོད་པ་ལས་དཔའ་བོ་གཡུལ་ལ་ཞུགས་པའི་སྙིང་སྟོབས་དང་ཡིད་ཆེས་ཀྱིས་ཁེངས་དགོས་པ་བསྟན་ཡོད། ལུས་སེམས་ཐང་ཆད་པའི་སྣང་ཚུལ་དེ་སེལ་ཆེད་འོས་འཚམ་གྱི་འགུལ་སྤྱོད་བྱས་ན་སུན་སྣང་མེད་པ་དང་བདེ་ཐང་ཅན་དུ་བསྒྱུར་ཆེད་ལུས་ཕུང་སྦྱོང་བརྡར་བྱས་ན་འགྲིག   དེ་ལས་རྐང་རྩེད་སྤོ་ལོ་རྩེ་བ་དང་འགྲན་སྡུར་མི་བྱེད་པ། གློག་བརྙན་ལ་མི་ལྟ་བ་གལ་ཆེ། ད་ལྟའི་སློབ་མ་མང་པོ་ཞིག་གིས་མཐར་མ་ཕྱིན་པའི་ཡར་སྔོན་དུ་སློབ་གྲོགས་ཀྱི་བརྩེ་འདང་བསམ་ནས་ལྷན་དུ་སྤྲོ་ཚོགས་ལ་རོལ་བའི་གྲངས་ཀ་ཇེ་མང་ནས་ཇེ་མང་དུ་འགྱུར་ཀིན་ཡོད།  དེ་ལ་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་སློབ་མ་ཚེ་རིང་ལྷ་མོས“སློབ་གྲོགས་ནམ་ཡིན་ཡང་སློབ་གྲོགས་རེད། མཐོ་རྒྱུགས་ནི་མི་ཚེ་གཅིག་ལ་ཐེངས་གཅིག་མ་གཏོགས་མེད་པས་མཐོ་རྒྱུགས་སྔོན་དུ་སྤྲོ་གསེང་རོལ་ན་དུས་ཚོད་བརླག་པ་མ་ཟད་སེམས་ཁམས་ཀྱང་དེ་འདྲ་སྐྱིད་པོ་མ་རེད”(10)ཅེས་བཤད་པ་ཧ་ཅང་གནད་ལ་ཁེལ་བ་དང་དོན་ཐོག་ཏུ་འཁྱོལ་བ་ཡིན་པས་ལག་བསྟར་བྱས་ན་ཕན་ཐོགས་ཆེ་བར་སྙམ།  མཐོ་རྒྱུགས་ལེན་ལ་ཉེ་བའི་དུས་འདིར་སློབ་གྲྭ་རེ་འགའ་ཡིས་གནང་བ་བྱིན་ནས་རང་རང་གི་ཡུལ་ལ་འགྲོ་རུ་འཇུག་པ་དང་ལ་ལས་གནང་བ་མི་སྟེར་པར་ཐུན་མོང་གིས་རྩ་འཛུགས་བྱས་ཏེ་མཐོ་རྒྱུགས་ལ་གྲ་སྒྲིག་བྱེད་བཞིན་ཡོད། དེ་ཡང་ས་སྐྱ་ལེགས་བཤད་ལས“མང་པོ་མཉམ་དུ་བློ་མཐུན་ན།། ཉམ་ཆུང་གིས་ཀྱང་དོན་ཆེན་འགྲུབ།། སྲོག་ཆགས་གྲོག་མའི་ཚོགས་འདུས་པས།། སེང་གེ་ཕྲུ་གུ་བསད་ཅེས་གྲགས།།”(11)ཞེས་གསུང་བ་བཞིན་དགེ་སློབ་ཀུན་གྱིས་རྒྱུགས་གཞིའི་ཁ་ཕྱོགས་ལྟར་ཚོད་དཔག་བྱས་ནས་གྲ་སྒྲིག་བྱས་ན་ཕན་ཐོགས་ཡོད་པར་གདོན་མི་ཟ་བས་ང་རང་སྔ་མ་དེར་འཐད་པ་ཡིན། ཕྱི་མ་ལྟར་བྱས་ན་བོད་རིགས་སློབ་མ་མང་པོ་ཁྱིམ་ཚང་གི་སློབ་གསོ་ཞན་སྟབས་བར་སྐབས་འདིར་སྤྲོ་གསེང་ལ་རོལ་བ་དང་མཚན་མོར་དྲ་ཁང་ནས་འདུག་པ། ཆང་འཐུང་བ་སོགས་ཀྱི་བྱ་བ་སྣ་ཚོགས་སྒྲུབ་བཞིན་ཡོད་པས་སློབ་མའི་སེམས་ཁམས་ལ་གནོད་པ་ཐེབས་ཀྱི་ཡོད། དེ་སྔོན་འགོག་བྱེད་པའི་ཆེད་དུ་སློབ་གསོ་གཏོང་ཐབས་ལ་མཚོ་ལྷོ་ཁུལ་མི་རིགས་སློབ་འབྲིང་གཉིས་པའི་རྒན་ཀླུ་ཐར་ལགས་ཀྱིས“དུས་རྒྱུན་དུ་སློབ་མར་ཁ་བརྡ་བྱས་ནས་ཟ་མ་ཟོས་ན་བྲོ་བ་ཅན་དང་ངལ་གསོས་ན་གཉིད་ཡོང་བ་ཞིག་བྱེད་དགོས ”(12)ཞེས་བཤད་པ་དོན་དུ་གནས་སོ། །

གསུམ།  ཁོར་ཡུག་དང་བཟའ་བཏུང་གི་ཕྱོགས།
     མཐོ་རྒྱུགས་ལེན་ལ་ཉེ་བའི་སྐབས་འདིར་བཟའ་བཏུང་ཕྱོགས་ལ་སློབ་གྲྭའི་འབྲེལ་ཡོད་དགེ་རྒན་དང་ཕ་མ། སློབ་མ་རང་ཉིད་ཀྱིས་གཟབ་ནན་བྱེད་དགོས།  རྒྱུགས་ལེན་ཁར་ཁྱིམ་བདག་ཚང་མས་དཔལ་འབྱོར་ཕྱོགས་ཀྱི་རྒྱབ་སྐྱོར་ཆེན་པོ་བྱས་པ་དེ་འདྲའི་འོས་འཚམ་མིན། དེ་ལས་དགོས་མཁོ་ཆེ་བ་ནི་ལུས་ཕུང་ལ་གནོད་པ་མེད་པའི་ཟས་རིགས་དང་བསམ་བློའི་སློབ་གསོ་གཏོང་བ།  བཟའ་བཏུང་ཕྱོགས་དུས་ལྟར་བཀོད་སྒྲིག་བྱེད་པ་དང་རྒྱུ་སྤུས་ཀྱང་ཅུང་ལེགས་པོ་བྱས་ནས་སློབ་མས་རྣམ་རིག་ཇེ་གསལ་དུ་གཏོང་དགོས།  དེ་ལ་མཚོ་སྔོན་བོད་ལུགས་སྨན་ཁང་གི་སྨན་པ་ལྷ་མཁར་རྒྱལ་ལགས་ཀྱིས“གོམས་མེད་པའི་ཟས་རིགས་མི་སྟེར་བ།  གལ་ཏེ་བྱིན་ན་ཕོ་བས་མི་ཞུ་བ་དང་འཁྲིས་པར་གནོད་ནས་ལུས་ཕུང་བདེ་ཐང་ཕྱོགས་ལ་གནོད་པ་ཐེབས། སྐབས་འདིར་ལུས་ཕུང་གསོ་ཕྱིར་རྒྱུན་དུ་ཤ་མི་ཟ་ནའང་བར་སྐབས་འདིར་ཤ་ཉུང་ཙམ་ཟ་རུ་འཇུག་པ། ཇ་མངར་མོ་འཐུང་བ་ནས་རྣམ་རིག་ཇེ་གསལ་དུ་གཏོང་དགོས ”(13)ཞེས་བཤད་པ་གཙིགས་ཆེན་དུ་འཛིན་དགོས་པ་མ་ཟད་གནམ་གཤིས་དྲོ་གྲང་ལྟར་ཟས་རིགས་འཁྱགས་པ་དང་དར་ཅན་གྱི་ཟས་རིགས་མི་སྟེར་བ། སྐོམ་ཆུ་འདྲ་མིན་སྣ་ཚོགས་ཀྱི་རིགས་འཐུང་དུ་མི་འཇུག་པ་གལ་ཆེ།
      སློབ་གྲྭའི་ཁོར་ཡུག་དང་ཁྱིམ་ཚང་གང་ནས་བསྡད་ཀྱང་བདེ་འཇགས་ཀྱི་འཚོ་བ་རོལ་རྒྱུ་ནི་ཆེས་གལ་འགངས་ཆེ་བ་ཞིག་ཡིན། རྒྱུགས་ལེན་ལ་ཉེ་བའི་སྐབས་འདིར་སློབ་གྲྭར་གནང་བ་བྱིན་ཏེ་རང་ཡུལ་ལ་སོང་ན་ཁྱིམ་བདག་གིས་རྒྱུགས་ཞུགས་སློབ་མ་དང་འཚམ་པའི་ཁོར་ཡུག་བསྐྲུན་དགོས་པ་སྟེ་དཔེར་ན། ཁྱིམ་ཚང་ནས་འུར་མི་རྒྱག་པ་དང་བརྙན་འཕྲིན་གྱི་སྒྲ་ཆེན་པོར་མི་གཏོང་བ།  ཆང་མི་འཐུང་བ་སོགས་བྱས་ནས་ལུས་བདེ་སེམས་སྐྱིད་ཀྱི་ཁོར་ཡུག་ཅིག་བསྐྲུན་དགོས་ལ། ཞག་སྡོད་སློབ་མས་དུས་ཚོད་སྙོམས་སྒྲིག་བྱས་ཏེ་སློབ་རའི་ཁོར་ཡུག་དང་བསྟུན་ནས་གྲ་སྒྲིག་གང་ལེགས་ཀྱང་བྱེད་དགོས།  
      རྒྱུགས་ལེན་པའི་སྔ་ཉིན་བཀོད་སྒྲིག་བྱས་ཡོད་པའི་རྒྱུགས་རའི་ཁོར་ཡུག་ལ་རྒྱུས་ལོན་བྱེད་དགོས་པར་མ་ཟད། ལམ་གྱི་བར་ཐག་དང་འགྲིམ་འགྲུལ་སྟབས་བདེ་མིན།  ཟ་མའི་ཕྱོགས་སོགས་ཚང་མར་རྒྱུས་ལོན་བྱེད་དགོས་སོ། 
【དཔྱད་གཞིའི་ལུང་ཁུངས】
    (1)(8)(10)མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་སློབ་རའི་འགྱུར་ཁུགས་སྐབས། 1564 《མཐོ་རྒྱུགས་ཀྱི་ཐབས་ལམ་དང་མཉམ་འཇོག་དགོས་པའི་སྐོར》 དུས་ཚོད།  2014.5.8
    (2)མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་སློབ་རའི་འགྱུར་ཁུགས་སྐབས།     1709《མཐོ་རྒྱུགས་བྱ་བའི་གྲ་སྒྲིག་སྐོར་གླེང་བ》 
དུས་ཚོད།   2015.5.11
    (3)(5)བོད་ཀྱི་སློབ་འབྲིང་དྲ་བ།   བཀྲ་ཤིས་མཚོས་བརྩམས་པའི《མཐོ་རྒྱུགས་སླེབས་ལ་ཉེ་བའི་དུས་འདིར་སློབ་གྲོགས་རྣམས་ལ་ཕུལ་བའི་བསླབ་བྱའི་ཚིག་འགའ》 དུས་ཚོད། 2015.5.11
    (4)མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་སློབ་རའི་འགྱུར་ཁུགས་སྐབས། 1568 《མཐོ་རྒྱུགས་ཀྱི་ཐབས་ལམ་དང་མཉམ་འཇོག་དགོས་པའི་སྐོར》 དུས་ཚོད།  2014.5.19
    (6)(7)མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་སློབ་རའི་འགྱུར་ཁུགས་སྐབས།     1710《མཐོ་རྒྱུགས་བྱ་བའི་གྲ་སྒྲིག་སྐོར་གླེང་བ》 དུས་ཚོད།    2015.5.11
    (9)长江日报报业集团主办《考试指南报》第48期   2010湖北考试指南报社
    (11)《ས་སྐྱ་ལེགས་བཤད》P45   མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་།
    (12) མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་སློབ་རའི་འགྱུར་ཁུགས་སྐབས།  1562《མཐོ་རྒྱུགས་ཀྱི་ཐབས་ལམ་དང་མཉམ་འཇོག་དགོས་པའི་སྐོར》  དུས་ཚོད།  2014.5.7
    (13) མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་སློབ་རའི་འགྱུར་ཁུགས་སྐབས།  1579《བཟའ་བཏུང་དང་སྤྱོད་ལམ》 དུས་ཚོད། 2014.5.28

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1