གཙོ་ངོས།>> སློབ་གསོ།>>སློབ་གསོའི་ཉམས་མྱོང་།

སྟོབས་ལྡན། རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། ༢༠༡༨ལོའི་ཟླ་བ་༠༥ཚེས་༠༩ཉིན།

༄༅།། ཐབས་གཅིག་དང་གཉིས་ཅན་གྱི་འཆད་ཐབས་ལ་དཔྱད་པ།


སྟོབས་ལྡན།①
[གནད་བཏུས] སྲོལ་རྒྱུན་གྱི་སློབ་ཁྲིད་བྱེད་ཐབས་ལ་ལུང་འདྲེན་པའི་འཆད་ཐབས་དང་། སྙན་པར་སྨྲ་བའི་འཆད་ཐབས་སོགས་ཐབས་གཅིག་ཅན་གྱི་འཆད་ཐབས་དང་། འཆད་ཐབས་ལུགས་གཉིས་མ་དང་། སེང་གེ་མཇིང་བསྣོལ་གྱི་འཆད་ཐབས་སོགས་ཐབས་གཉིས་ཅན་གྱི་འཆད་ཐབས་ཡོད་པས་འདིར་དེ་དག་ལ་འགྲེལ་བ་དང་དབྱེ་ཞིབ་བགྱིས་ཡོད།
[གནད་ཚིག] ས་པཎ། ཐབས་གཅིག་ཅན། ཐབས་གཉིས་ཅན། འཆད་ཐབས།

        བོད་གངས་ཅན་གྱི་ལྗོངས་སུ་འཁྲུངས་པའི་མཁས་པའི་ཚོགས་ཀྱིས་དོན་དུ་གཉེར་བྱ་གཙོ་བོ་ནི་མཁས་པའི་བྱ་བ་རྣམ་གསུམ་སྟེ། འཆད་པ་དང་། རྩོད་པ་དང། རྩོམ་པ་བཅས་སོ། ། དེ་ཡང་ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན་གྱི་མཁས་པ་ལ་འཇུག་པའི་སྒོ་དང་། ཨ་ལག་ཤ་ངག་དབང་བསྟན་དར་གྱི་འཆད་རྩོད་རྩོམ་གསུམ་གྱི་རྣམ་གཞག་ལེགས་བཤད་ཉིན་བྱེད་སྣང་བ་སོགས་བསྟན་བཅོས་ཁག་ལས་གསུངས་པ་དང་། བོད་རང་གི་སློབ་གསོའི་ལག་ལེན་དངོས་ལས་བྱུང་བ་ལྟར་ན། ང་ཚོ་བོད་འདིའི་འཆད་པ་ལ་འཆད་ཐབས་སྣ་མང་ཕུན་སུམ་ཚོགས་པ་ཞིག་འདུག དེ་དག་ལས་བདག་གི་མིག་བསོད་དུ་གྱུར་པའི་འཆད་ཐབས་དག་ཕྱོགས་བསྒྲིགས་བྱས་ན་ཡང་རིན་ཐང་ལྡན་པ་མང་པོ་ཞིག་འདུག་སྟེ། དཔེར་ན། ཐབས་གཅིག་ཅན་གྱི་འཆད་ཐབས་དང་། ཐབས་གཉིས་ཅན་གྱི་འཆད་ཐབས། དེ་བཞིན་དུ་ཐབས་གསུམ་ཅན་གྱི་འཆད་ཐབས་དང་། ཐབས་བཞི་ཅན་གྱི་འཆད་ཐབས། ཐབས་ལྔ་ཅན་གྱི་འཆད་ཐབས། ཐབས་དྲུག་ཅན་གྱི་འཆད་ཐབས། ཐབས་བརྒྱད་ཅན་གྱི་འཆད་ཐབས་ལྟ་བུ་ཡོད། འདི་དག་ལས་མང་ཆེ་བ་དཔྱད་རྩོམ་གྱི་རྣམ་པར་བརྟེན་ནས་ཀློག་པ་པོའི་སྤྱན་ལམ་དུ་འབུལ་འདོད་ཡོད་མོད། རྩོམ་འདིས་ཆེད་དུ་བརྗོད་པར་འདོད་པ་ནི་ཐབས་གཅིག་དང་གཉིས་ཅན་གྱི་འཆད་ཐབས་དག་ཡིན། དེའི་ཕྱིར། གཤམ་ནས་རང་གི་ཤེས་སྟོབས་དང་མྱོང་བ་ལ་བརྟེན་ནས་འཆད་ཐབས་འདི་དག་ལ་འགྲེལ་བ་དང་དབྱེ་ཞིབ་བྱའོ། །
དང་པོ། ཐབས་གཅིག་ཅན་གྱི་འཆད་ཐབས།
        དེ་ཡང་ཐབས་གཅིག་ཅན་གྱི་འཆད་ཐབས་ལ་ལུང་འདྲེན་པའི་འཆད་ཐབས་དང་། སྙན་པར་སྨྲ་བའི་འཆད་ཐབས་དང་། བསྐྱར་སྦྱོང་ཁ་གསབ་དང་བཅས་པའི་འཆད་ཐབས་སོགས་ཡོད། སོགས་སྒྲའི་ནང་དུ་སྒོ་གསུམ་ཀུན་སྤྱོད་རྣམ་པར་དག་པའི་འཆད་ཐབས་དང། མཉམ་ཞུགས་ཀྱི་འཆད་ཐབས། སྙིང་ཁྲིད་ཀྱི་འཆད་ཐབས་ལྟ་བུ་ཡོད། གཤམ་ནས་སྔ་མ་གསུམ་པོར་འགྲེལ་བ་དང་དབྱེ་ཞིབ་ཅུང་ཙམ་བྱའོ། །
༡. ལུང་འདྲེན་པའི་འཆད་ཐབས།
        ང་ཚོ་བོད་ཀྱི་མཁས་པའི་ཕྱག་སྲོལ་ལྟར་ན། རྒྱབ་རྟེན་གྱི་ལུང་དང་། སྒྲུབ་བྱེད་ཀྱི་རིགས་པ། གསལ་བྱེད་ཀྱི་དཔེ་སྟེ། ལུང་རིགས་དཔེ་གསུམ་ཞེས་པ་ནི་རྗོད་བྱེད་ཚིག་གི་སྒྲོམ་གཞི་ལྟ་བུར་མཐོང་། དེ་ལས་རྒྱབ་རྟེན་གྱི་ལུང་འདྲེན་པར་བྱེད་པ་ནི། འཆད་ཐབས་ཤིག་ཏུ་མཐོང་སྟེ། རྗེ་ཞབས་དཀར་ཚོགས་དྲུག་རང་གྲོལ་གྱིས་རང་གཞན་ཐམས་ཅད་འཚེངས་པའི་གདམས་ངག་གསེར་གྱི་རི་བོ་ཞེས་པའི་བསྟན་བཅོས་ཀྱི་ནང་དུ། ཐམས་ཅད་ཡིད་ཆེས་ངེས་ཤེས་སྐྱེ་བའི་ཕྱིར། ། སྔོན་གྱི་གཏམ་རྒྱུད་མདོ་རྒྱུད་བསྟན་བཅོས་ཀྱི། ། ལུང་འདྲེན་མང་པོ་བྱས་ནས་རང་གཞན་ཀུན། ། འཚེངས་པའི་གདམས་ངག་ལེགས་པར་བཤད་པར་བྱ། ། ཞེས་གསུངས་པར་གཞིགས་ན། ལུང་འདྲེན་པ་ནི་འཆད་ཐབས་ཤིག་ཏུ་གསལ་བར་ངོས་བཟུང་ཡོད། མ་ཟད་ཁོང་ནི་ལུང་ལ་ཧ་ཅང་དགའ་ཞིང་ལུང་འདྲེན་པ་ལ་ཧ་ཅང་མཁས་པའི་མཁས་གྲུབ་གཉིས་འཛོམས་ཀྱི་སྐྱེས་བུ་ཆེན་པོ་ཞིག་ཡིན། ང་ཚོས་ཀྱང་སྤྱིར་བཏང་གི་ཁ་བརྡ་དང་སྒོས་སུ་དཔེ་ཁྲིད་ཀྱི་སྐབས་སུ་ལུང་འདྲེན་པའི་འཆད་ཐབས་འདི་སྤྱོད་བཞིན་ཡོད་དེ། དཔེར་ན། གསུང་གི་ཕན་ཡོན་བརྗོད་དུས། ཐུབ་རྣམས་སྡིག་པ་ཆུ་ཡིས་མི་འཁྲུ་ཞིང་། ། འགྲོ་བའི་སྡུག་བསྔལ་ཕྱག་གིས་མི་སེལ་ལ། ། ཉིད་ཀྱི་རྟོགས་པ་གཞན་ལ་སྤོ་མིན་ཏེ། ། ཆོས་ཉིད་བདེན་པ་བསྟན་པས་གྲོལ་བར་མཛད། ། ཅེས་པའི་མདོ་ཚིག་དང་། མཛད་པ་ཀུན་ལས་གསུང་གི་ནི། ། མཛད་པ་མཆོག་ཡིན་དེ་ཡང་ནི། ། དེ་ཉིད་ཡིན་ཕྱིར་མཁས་པ་ཡིས། ། འདི་ལས་སངས་རྒྱས་རྗེས་དྲན་བྱོས། ། ཞེས་པའི་རྗེ་རིན་པོ་ཆེའི་རྟེན་འབྲེལ་བསྟོད་པའི་ནང་གི་གསུང་ཚིག་ལུང་འདྲེན་བྱེད་པ་ལྟ་བུ་དང་། ཡང་དཔེར་ན། འགྲེལ་བ་ཡིན་ན་གསལ་བོ་ཞིག་རྩོམ་དགོས་ཞེས་པ་ལ། གཞུང་མང་ཡོད་མིན་མེད་མིན་དབང་པོའི་གཞུ། ། ཡིག་འབྲུ་གཉེར་བས་བཀའ་བསྟན་ཟད་ན་ཡང་། ། བླ་མ་བླ་མ་མགོན་པོ་མགོན་པོ་ཞེས། ། སོམ་ཉིའི་སྒྲོག་ལས་ནམ་ཡང་ཐར་མི་འགྱུར། ། ཞེས་པའི་རྡོ་སྦིས་དགེ་བཤེས་ཤེས་རབ་རྒྱ་མཚོའི་གསུང་ཚིག་འདི་ལུང་འདྲེན་པར་བྱེད་པ་ལྟ་བུའོ། །
        ཡིད་ཆེས་ངེས་ཤེས་བསྐྱེད་ཕྱིར་ལུང་འདྲེན་པའོ་ཞེས་པའི་ལུང་འདྲེན་པའི་འཆད་ཐབས་འདི་ནི་བློ་ཁ་ཇི་ལྟར་མཐོ་ན་དེ་ལྟར་འཚམ་པའི་འཆད་ཐབས་ཤིག་ཡིན་ལ། འདི་ལེགས་པར་བཀོལ་སྤྱོད་གཏོང་བ་ལ་ངེས་པར་གཞུང་ཚིག་མང་པོ་བློ་ངོ་ན་ཡོད་པ་ཞིག་བྱ་དགོས། དེ་ལྟར་བྱ་བ་ལ། སློབ་སྦྱོང་གི་གོམས་སྲོལ་མང་པོ་ལས་བློར་འཛིན་པའི་གོམས་སྲོལ་རྒྱུད་ལ་ཆགས་པར་བྱ་དགོས་
སོ། །
༢. སྙན་པར་སྨྲ་བའི་འཆད་ཐབས།
        བོད་ཀྱི་སློབ་གསོའི་རྣམ་གཞག་ལྟར་ན། སློབ་དཔོན་ཏེ་དགེ་རྒན་རྣམས་ཀྱིས། མཁོ་བ་སྦྱིན་པ་དང། སྙན་པར་སྨྲ་པ། དོན་སྤྱོད་པ། དོན་མཐུན་པ་སྟེ་བསྡུ་བ་རྣམ་བཞིའི་སྒོ་ནས་སློབ་མ་བུ་བཞིན་སྐྱོང་དགོས་པ་ཡིན། འདི་ལས་སྙན་པར་སྨྲ་པ་ཞེས་པ་ནི་འཆད་ཐབས་ཡིད་དུ་འོང་པ་ཞིག་ཡིན་ལ། འདིར་དོན་གྱི་ཟུར་གཉིས་ཡོད་དེ། གཅིག་ནི་འཆད་བྱ་རྣམས་སྙན་མོ་ངག་གིས་འཆད་པ་དང་། ཅིག་ཤོས་ནི་འཆད་བྱ་འདི་ནི་སླའོ། ། ཞེས་པ་དང། ཡང་ན། འཆད་བྱ་འདིར་འབད་པ་ཅུང་ཙམ་བྱས་ན་ཤེས་ཡོང་། ཞེས་པ་དང་། ཡང་ན་། འཆད་བྱ་འདི་ནི་གལ་ཆེན་ཞིག་ཡིན་མོད། ཤེས་དཀའ་བ་ཞིག་མིན་ནོ། ། ཞེས་པ་ལྟ་བུའི་སྒོ་ནས་འཆད་པའོ། །
འཆད་ཐབས་འདི་ནི་བློ་ཁ་ཇི་ལྟར་དམའ་ན་དེ་ལྟར་འཚམ་པའི་འཆད་ཐབས་ཤིག་ཡིན་ལ། འདི་བཀོལ་སྤྱོད་གཏོང་སྐབས་འདི་དང་གཞུང་ལུགས་ཀྱི་ཆེ་བ་བརྗོད་པ་གཉིས་ཀྱི་འབྲེལ་བ་ཐག་གཅོད་ལེགས་པོ་བྱ་དགོས། དེ་ཡང་སྙན་པར་སྨྲས་ཏེ་གཞུང་ལུགས་ཀྱི་ཆེ་བ་མི་མངོན་པར་གཏོང་མི་རུང་ལ། གཞུང་ལུགས་ཀྱི་ཆེ་བ་བརྗོད་དེ་སྙན་པར་སྨྲ་པའི་ལྡོག་ཕྱོགས་ཀྱི་ནུས་པ་གདོན་མི་རུང་། འདི་ནི་དཔེ་ཁྲིད་ཀྱི་སྦྱོར་བ་སྟེ་འཁྲིད་སྦྱོར་གྱི་སྐབས་སུ་ཡིད་ལ་དྲན་དགོས་ཤིང་། ཐག་གཅོད་བྱ་དགོས་པའི་དོན་དག་ཅིག་ཡིན་ནོ། །
༣. བསྐྱར་སྦྱོང་ཁ་གསབ་དང་བཅས་པའི་འཆད་ཐབས།
        དེ་ཡང་དཔེ་ཁྲིད་གསར་པའི་སྔོན་དུ། དཔེ་ཁྲིད་སྔོན་མའི་ནང་དོན་གཙོ་བོར་བསྐྱར་སྦྱོང་བྱེད་པའི་ཞོར་དུ། དཔེ་ཁྲིད་སྔོན་མའི་ནང་དུ་དུས་ཚོད་ཀྱི་དབང་གིས་བཤད་མ་ཐུབ་པ་དང་། ཡང་ན། སྦྱོར་བ་སྟེ་གྲ་སྒྲིག་གི་དབང་གིས་བཤད་མ་ཐུབ་པ་རྣམས་ཁ་གསབ་བྱས་ནས་བཤད་པ་ལ། བསྐྱར་སྦྱོང་ཁ་གསབ་དང་བཅས་པའི་འཆད་ཐབས་ཞེས་མིང་འདོགས་བྱས་ན། དོན་ལྡན་གྱི་མིང་ཡིན་པར་འདོད།
འཆད་ཐབས་འདི་ནི་དཔེ་ཁྲིད་རྗེས་མའི་མགོར་བཀོལ་སྤྱོད་གཏོང་དགོས་པའི་འཆད་ཐབས་ཤིག་ཡིན། འདི་བཀོལ་སྤྱོད་གཏོང་སྐབས་ཡིད་འཇོག་བྱ་དགོས་པ་གཉིས་ཡོད་པ་ནི། དཔེ་ཁྲིད་སྔོན་མའི་ནང་དོན་གཙོ་བོར་བསྐྱར་སྦྱོང་བྱེད་པ་དང་། ཁ་གསབ་མ་བྱས་ན་མི་ཆོག་པའི་ནང་དོན་རྣམས་ཁ་གསབ་བྱ་དགོས་པ་བཅས་སོ། །
གཉིས་པ། ཐབས་གཉིས་ཅན་གྱི་འཆད་ཐབས།
        དེ་ཡང་ཐབས་གཉིས་ཅན་གྱི་འཆད་ཐབས་ལ་འཆད་ཐབས་ལུགས་གཉིས་མ་དང་། སེང་གེ་མཇིང་བསྣོལ་གྱི་འཆད་ཐབས་དང་། གང་ལ་གང་འཚམ་གྱི་འཆད་ཐབས་སོགས་ཡོད།
༡. འཆད་ཐབས་ལུགས་གཉིས་མ།
        རྒྱལ་དབང་ཆོས་རྗེ་བློ་བཟང་འཕྲིན་ལས་རྣམ་རྒྱལ་གྱིས་མཛད་པའི་འཇམ་མགོན་ཆོས་ཀྱི་རྒྱལ་པོ་ཙོང་ཁ་པ་ཆེན་པོའི་རྣམ་ཐར་ཐུབ་བསྟན་མཛེས་པའི་རྒྱན་གཅིག་ངོ་མཚར་ནོར་བུའི་ཕྲེང་བ་དང་། ཆ་ཧར་དགེ་བཤེས་བློ་བཟང་ཚུལ་ཁྲིམས་ཀྱིས་མཛད་པའི་རྗེ་ཐམས་ཅད་མཁྱེན་པ་ཙོང་ཁ་པ་ཆེན་པོའི་རྣམ་ཐར་གོ་སླ་བར་བརྗོད་པ་བདེ་ལེགས་ཀུན་གྱི་འབྱུང་གནས་སོགས་སུ་གསུངས་པ་ལྟར་ན། སྤྱི་ལོའི་དུས་རབས་བཅུ་བཞི་པའི་སྐབས་སུ། རྗེ་རེད་མདའ་པ་གཞོན་ནུ་བློ་གྲོས་ཀྱིས་གཙང་གི་རྩེ་ཆེན་ཆོས་སྡེའི་ནང་དུ། རྗེ་ཙོང་ཁ་པ་བློ་བཟང་གྲགས་པར་འཆད་ཐབས་ལུགས་གཉིས་མར་བརྟེན་ནས་མངོན་པ་མཛོད་དཔེ་ཁྲིད་གནང་བ་རེད། འཆད་ཐབས་ལུགས་གཉིས་མ་ནི། མཛུབ་ཁྲིད་ཀྱི་ལུགས་དང་། ཉན་བཤད་ཀྱི་ལུགས་གཉིས་སོ། ། དེ་ཡང་ཚིག་རྗེས་འབྲངས་ནས་འདིའི་དོན་འདིའོ་ཞེས་བཤད་པ་ནི་མཛུབ་ཁྲིད་ཀྱི་ལུགས་དང་། དྲི་བ་དྲིས་ལན་སོགས་བགྲོ་གླེང་གི་ཚུལ་དུ་བཤད་པ་ནི་ཉན་བཤད་ཀྱི་ལུགས་སོ། ། དེང་གི་སྐད་ཆས་བརྗོད་ན། མཛུབ་ཁྲིད་ཀྱི་ལུགས་ནི་ནག་རིས་གདོང་འདེད་དེ་མིང་རེ་རེ་དང་ཚིག་རེ་རེར་མཛུབ་མོ་བཙུགས་ཏེ་ཞིབ་ཏུ་ཁྲིད་པ་ལ་གོ་ཞིང་། ཉན་བཤད་ཀྱི་ལུགས་ནི་བགྲོ་གླེང་གི་རྣམ་པའི་སློབ་ཁྲིད་བྱེད་ཐབས་ལ་གོའོ། ། དེང་གི་དུས་སུ། བོད་ཀྱི་སྤྱི་ཚོགས་སློབ་གྲྭའི་ནང་དུ་མཛུབ་ཁྲིད་ཀྱི་ལུགས་ནི་ཀུན་གྱིས་བཀོལ་སྤྱོད་བྱེད་བཞིན་ཡོད་མོད། ཉན་བཤད་ཀྱི་ལུགས་ནི་བོད་ལ་གནའ་སྔ་མོ་སྟེ་མི་ལོ་དྲུག་བརྒྱའི་གོང་རོལ་ཏུ་ཡོད་ཀྱང་བཀོལ་མཁན་ཕར་ཞོག་ཤེས་མཁན་ཡང་ཉུང་ཉུང་ཡིན་རྒྱུ་རེད། ཡིན་ན་ཡང་། བོད་ཀྱི་སློབ་གྲྭ་ཁ་ཤས་ཀྱི་དགེ་རྒན་སྐོར་ཞིག་ནང་ལོགས་ཀྱི་སློབ་གྲྭའི་ནང་དུ་སོང་ནས་བགྲོ་གླེང་གི་རྣམ་པའི་སློབ་ཁྲིད་བྱེད་ཐབས་ཟེར་བ་ཞིག་ལ་སློབ་སྦྱོང་བྱས་པ་དང་། ནང་འདྲེན་བྱས་ཏེ་ཚོད་ལྟའི་ཚུལ་དུ་བཀོལ་སྤྱོད་བྱེད་བཞིན་ཡོད། འདི་ནི་རང་གི་ནོར་བུ་མཛོད་དུ་བསྐྱུར་ཏེ་གཞན་གྱི་ནོར་བུ་བཀོལ་སྤྱོད་བྱས་པ་མ་ཡིན་ནམ། ང་ཚོས་ཐོག་མར་རང་གི་སློབ་གསོའི་རྣམ་གཞག་ལས་འཆད་ཐབས་དག་ལ་སློབ་སྦྱོང་དང་ཞིབ་འཇུག་བྱ་དགོས། དེ་ནས་དཔེ་ཁྲིད་ཀྱི་ཁྲོད་དུ་གང་ལ་གང་འཚམ་གྱིས་བཀོལ་སྤྱོད་གཏོང་དགོས། སློབ་སྦྱོང་དང་ཞིབ་འཇུག་གི་སྐབས་སུ། སློབ་ཚན་གང་དག་ལ་མཛུབ་ཁྲིད་ཀྱི་ལུགས་གཅིག་པུས་ཆོག་པ་དང་། གང་དག་ལ་ཉན་བཤད་ཀྱི་ལུགས་གཅིག་པུས་ཆོག་པ། གང་དག་ལ་གཉིས་ཀ་མཁོ་བ། གང་དག་ལ་གཉིས་ཀ་མི་མཁོ་བ། གང་དག་ལ་འཆད་ཐབས་གཞན་ཡང་ཁ་སྣོན་བྱ་དགོས་པ་སོགས་ཐག་གཅོད་བྱ་དགོས། ཉན་བཤད་ཀྱི་ལུགས་ཏེ་བགྲོ་གླེང་གི་རྣམ་པའི་སློབ་ཁྲིད་བྱེད་ཐབས་ལ་མཚོན་ན་ཡང་། དཔེ་ཁྲིད་དང་སློབ་སྦྱོང་གི་ལག་ལེན་དངོས་ཀྱི་ཁྲོད་དུ་བཀོལ་སྤྱོད་ཇི་ལྟར་བྱ་དགོས། དེ་ཡང་བརྗོད་དོན་གང་དག་བགྲོ་གླེང་ཇི་ལྟར་བྱ་དགོས། དགེ་རྒན་དང་སློབ་མ་བགྲོ་གླེང་བྱའམ། ཡང་ན། སློབ་མ་ཕན་ཚུན་བགྲོ་གླེང་བྱ། སློབ་མ་ཕན་ཚུན་བགྲོ་གླེང་བྱེད་པ་ལ་ཡང་བགྲོ་གླེང་ཇི་ལྟར་བྱ། མི་གཉིས་རེ་རེས་བགྲོ་གླེང་བྱའམ། ཚན་ཆུང་བཀར་ནས་བགྲོ་གླེང་བྱ། ཚན་ཆུང་དགར་ན་ཚན་ཆུང་རེར་མི་དུ་རེ་བྱས་ན་འོས། འདི་དག་ནི་སློབ་མའི་གནས་ཚུལ་དངོས་དང་འཆད་བྱ་སློབ་ཚན་སོགས་ལ་གཞིགས་ཏེ་གཏན་ལ་འབེབས་དགོས། གང་ལྟར་རང་གི་མཁས་པ་སྔོན་མ་དག་གི་བློ་གྲོས་ལས་བྱུང་བའི་འཆད་ཐབས་དག་ལ་བདག་པོ་བརྒྱག་དགོས། བཀོལ་སྤྱོད་བྱ་དགོས། ཚེ་སྲོག་སྦྱིན་དགོས། འདི་ནི་ང་ཚོ་ཕྱི་རབས་པ་རྣམས་ཀྱི་འགན་འཁྲི་ཡིན་ཏེ་ངེས་པར་ཕྲག་ཏུ་ལེན་དགོས་པ་ཞིག་ཡིན་ནོ། །
༢. སེང་གེ་མཇིང་བསྣོལ་གྱི་འཆད་ཐབས།
        ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན་གྱིས་མཛད་པའི་མཁས་པ་རྣམས་འཇུག་པའི་སྒོ་ཞེས་བྱ་བའི་བསྟན་བཅོས་ལ་རྩོམ་པ་ལ་འཇུག་པའི་ལེའུ་སྟེ་དང་པོའོ། ། བཤད་པ་ལ་འཇུག་པའི་ལེའུ་སྟེ་གཉིས་པའོ། ། འབེལ་བའི་གཏམ་ལ་འཇུག་པ་སྟེ་ལེའུ་གསུམ་པའོ། ། ཞེས་ལེའུ་གསུམ་གསུངས་ཡོད་པ་ལས་ལེའུ་གཉིས་པ་བཤད་པ་ལ་འཇུག་པའི་ལེའུའི་ནང་དུ། ཐོག་མར་སྒྲ་ལ་མཁས་པ་ཡིས། ། ཚིག་དོན་རྣམ་པར་ཕྱེ་སྟེ་བསྟན། ། དེ་ནས་དོན་ལ་མཁས་པ་ཡིས། ། ལྷག་ཆད་འཁྲུལ་བ་མེད་པར་བཤད། ། ཅེས་པའི་བཤད་པའི་ཐབས་ཏེ་འཆད་ཐབས་ཤིག་བསྟན་ཡོད། ཤོ་ལོ་ཀ་འདིའི་ཁག་སྔ་མས་བརྡ་སྤྲོད་རིག་པར་བརྟེན་ནས་འཆད་བྱ་འཆད་དགོས་པ་གསུངས་ཡོད་པ་དང་། ཁག་ཕྱི་མས་ཚད་མ་རིག་པར་བརྟེན་ནས་འཆད་བྱ་འཆད་དགོས་པ་གསུངས་ཡོད། དེ་ཡང་སྒྲ་ཚད་སེང་གེའི་མཇིང་བསྣོལ་གྱི་རིགས་པ་ཞེས་བཤད་སྲོལ་ཡོད་ཕྱིར། བདག་གིས་འཆད་ཐབས་འདི་ལ་སེང་གེ་མཇིང་བསྣོལ་གྱི་འཆད་ཐབས་ཞེས་པའི་མཚན་གསོལ་བ་ཡིན། འདི་ལྟར་མཚན་གསོལ་ན་ནི། རང་གིས་བརྗོད་བདེ་བ་དང་། གཞན་གྱིས་གོ་སླ་བ། གཉིས་ཀའི་རྣར་སྙན་པ་ཞེས་ས་པཎ་གྱིས་གསུངས་པ་ནང་བཞིན་དགེ་མཚན་ལྡན་ནོ། ། དེས་ན། ཚིག་གི་འཁྲུལ་བ་ཚར་གཅོད་པའི་བརྡ་སྤྲོད་རིག་པ་དང་། དོན་གྱི་འཁྲུལ་བ་ཚར་གཅོད་པའི་ཚད་མ་རིག་པ་སྟེ་ཚར་གཅོད་པའི་རིག་པ་འདི་ལ་སློབ་སྦྱོང་བྱ་བ་དང་འདི་དག་བཀོལ་སྤྱོད་བྱས་ཏེ་འཆད་བྱ་རིག་པའི་གནས་དག་འཆད་པར་བྱེད་པ་ནི་རིག་གནས་འཛིན་སྐྱོང་སྤེལ་གསུམ་བྱེད་མཁན་རྣམས་ཀྱི་འགན་འཁྲི་ཡིན་ནོ། །
༣. གང་ལ་གང་འཚམ་གྱི་འཆད་ཐབས།
        བློ་ཅན་རྣམས་ལ་ཟབ་རྒྱ་ཆེ། ། བློ་ཆུང་གཟུང་བདེ་གོ་སླ་བ། ། ཕྱིས་ནས་ཚིག་དོན་འབྲེལ་ཆགས་ནས། ། དོན་ཕྲ་འགལ་འབྲེལ་དཔྱད་ཅིང་བཤད། ། ཅེས་པ་འདི་ས་པཎ་གྱི་མཁས་འཇུག་གི་ལེའུ་གཉིས་པ་ལས་གསུངས་པའི་འཆད་ཐབས་ཤིག་རེད། འདི་ལས་སློབ་དཔོན་ཏེ་དགེ་རྒན་གྱིས་སློབ་མའི་བློ་ཁ་ཡི་མཐོ་དམན་ལྟར་འཆད་བྱ་འཆད་པ་སྟེ་དཔེ་ཁྲིད་བྱེད་དགོས་པ་བསྟན་ཡོད་ཕྱིར། འདིར་གང་ལ་གང་འཚམ་གྱི་འཆད་ཐབས་ཞེས་པའི་མཚན་གསོལ་བ་ཡིན། འཆད་ཐབས་འདིས་གནས་སྐབས་གསུམ་བསྟན་ཡོད་དེ། དེ་ཡང་དང་པོ་ནི་བློ་ཅན་ཏེ་བློ་ཁ་མཐོན་པོ་ཅན་དང་། གཉིས་པ་ནི་བློ་ཆུང་སྟེ་བློ་ཁ་དམའ་མོ་ཅན་དང་། གསུམ་པ་ནི་བློ་ཆུང་བློ་ཅན་དུ་གྱུར་པའི་གནས་སྐབས་སོ། ། དེ་ཡང་དང་པོ་བློ་ཅན་རྣམས་ལ་འཆད་བྱ་དག་གཏིང་ཟབ་པ་དང་རྒྱ་ཆེ་བའི་སྒོ་ནས་འཆད་དགོས་པ་དང་། གཉིས་པ་བློ་ཆུང་རྣམས་ལ་འཆད་བྱ་དག་གཟུང་བདེ་བ་དང་གོ་སླ་བའི་སྒོ་ནས་འཆད་དགོས་པ་དང་། གསུམ་པ་བློ་ཆུང་བློ་ཅན་དུ་གྱུར་པ་རྣམས་ལ་འཆད་བྱ་དག་གི་དོན་ཕྲ་མོ་དང་འགལ་འབྲེལ་བཅས་ལ་དཔྱད་པ་བཏང་སྟེ་བཤད་དགོས་པ་བསྟན་ཡོད། དེའི་ཕྱིར། ང་ཚོས་སྔོན་དུ་བཤད་རྒྱུ་རྗེས་སུ་མི་འདོར་བ་དང་། རྗེས་སུ་བཤད་རྒྱུ་སྔོན་དུ་མི་ལེན་པ་སྟེ་གོང་འོག་གོ་རིམ་མི་དཀྲུག་པར་བཤད་པ་ལ་འབད་པ་བྱ་དགོས།
        ཚང་མས་ཤེས་གསལ་ལྟར་དུ། སློབ་ཁྲིད་ཀྱི་རྩ་དོན་ཏེ། སློབ་ཁྲིད་ཀྱི་ཆོས་ཉིད་གཞིར་བཟུང་ནས་གཏན་ལ་ཕབ་ཅིང་། སློབ་ཁྲིད་ཀྱི་བྱ་བར་མཛུབ་སྟོན་བྱེད་པའི་རྩ་བའི་རིགས་པ་འདི་སློབ་གསོ་རིག་པའི་བསྟན་བཅོས་སོགས་སུ་མང་པོ་ཞིག་བསྟན་ཡོད་པ་ལས། གང་ལ་གང་འཚམ་གྱི་སློབ་ཁྲིད་རྩ་དོན་དང་། ས་པཎ་གྱིས་གསུངས་པའི་གང་ལ་གང་འཚམ་གྱི་འཆད་ཐབས་གཉིས་གཅིག་ཡིན་ཕྱིར། ང་ཚོ་བོད་ཀྱི་འཆད་ཐབས་སྐོར་ཞིག་ནི་འཆད་ཐབས་ཀྱང་ཡིན་ལ། སློབ་ཁྲིད་རྩ་དོན་ཡང་ཡིན་པ་གསལ་བཤད་བྱས་ཡོད། དེའི་ཕྱིར། ང་ཚོ་བོད་ལ་སློབ་ཁྲིད་རྩ་དོན་ཞེས་པའི་མིང་འདི་མེད་མོད། སློབ་ཁྲིད་རྩ་དོན་མེད་པ་མིན་ཏེ་ཡོད་དོ། །
བོད་ཀྱི་རྒྱ་མཚོ་ལྟ་བུའི་རིག་གནས་ལས་བྱུང་བའི་ཕུན་སུམ་ཚོགས་པའི་འཆད་ཐབས་ལས། ཐབས་གཅིག་ཅན་གྱི་འཆད་ཐབས་དང་། ཐབས་གཉིས་ཅན་གྱི་འཆད་ཐབས་གཉིས་ལ་ཅུང་ཟད་དཔྱད་ཁུལ་བྱས་པ་འདིས་ང་ཚོ་བོད་ཀྱི་སློབ་གསོ་སྤྱི་དང་སྒོས་སུ་སློབ་ཁྲིད་ཀྱི་ལས་དོན་འདི་ལ་ཕན་ཅུང་ཟད་ཙམ་ཞིག་འདོགས་ཐུབ་པའི་སྨོན་འདུན་ཞུ། །
① མཚོ་སྔོན་དགེ་འོས་སློབ་ཆེན་མི་རིགས་དགེ་འོས་སློབ་གླིང་དུ་ཕྱག་ལས་གནང་བཞིན་ཡོད།

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1