གཙོ་ངོས།>> ཞིབ་འཇུག>>ཀུན་འདུས།

ཤ་བོ་རབ་རྒྱས། རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། ༢༠༡༨ལོའི་ཟླ་བ་༠༥ཚེས་༠༨ཉིན།

༄༅།། ཞང་ཞུང་ཤེས་རིག་ལས་བྱུང་བའི་ཁྱུང་གི་མིང་བརྡ་གླེང་བ།


ཤ་བོ་རབ་རྒྱས།①

[གནད་བཏུས] ཁྱུང་གིས་བོན་བསྟན་དར་སའི་གནའ་བོའི་ཡུལ་ཁམས་ཀུན་གྱི་རིག་གཞུང་དང་སྲོལ་རྒྱུན། ཆོས་ལུགས་སོགས་འཚོ་བའི་གོམས་གཤིས་ལ་འབྲེལ་བའི་བསམ་པའི་འདུ་ཤེས་ཁྲོད་དུ་གོ་གནས་གལ་ཆེན་ཟིན་པ་མ་ཟད། ཞང་ཞུང་རིག་གནས་ཁྱབ་ཚད་ལ་ཕལ་ཆེར་ཁྱུང་གི་རིག་གནས་འདི་ཁྱབ་ཡོད་པ་བསྟན་ཡོད།
[གནད་ཚིག] ཁྱུང་། ཞང་ཞུང་། རིག་གནས།
        ཁྱུང་ངམ་མཁའ་ལྡིང་གི་རིགས་འདི་ཆུ་བུར་མིག་ལ་སྣང་དུ་ཡོད་མེད་གང་ལྟར་ཡང་བོད་ཡུལ་འདིར་གནའ་མི་དག་གིས་དད་མོས་དང་རེ་སྨོན་ཟུང་འབྲེལ་སྒོས་བཞེངས་སྐྲུན་བྱས་པའི་འདབ་ཆགས་ཁྱད་པར་ཅན་ཞིག་སྟེ་མི་ཡི་ལུས་ལ་བྱ་ཡི་མགོ རྭ་ཅོའི་གཙུག་ན་ནོར་བུ་འོད་འབར་བརྒྱན་ཡོད་པ་ནི་གདོད་མའི་ཤེས་རིག་གི་སེམས་ཁམས་མཚོན་པ་སྟེ། བོན་གྱི་ཡིག་ཆ་དང་སྲོལ་རྒྱུན་གྱི་བྲིས་གཟུགས་སོགས་ལ་གཞི་བཅོལ་ཁར་ཁྱུང་ནི་ཞང་ཞུང་རིག་གནས་ཁྲོད་དུ་མི་རྒྱུད་གྲོལ་ཚུལ་དང་རིགས་རུས་འཕེལ་འགྱུར་སྐོར་གླེང་སྐབས་དེ་ཐ་སྙད་མང་དུ་བྱུང་ཡོད་ཅིང་། དེ་དང་འབྲེལ་བའི་ལྷ་སྒྲུང་ངམ་གཏམ་རྒྱུད་ཀྱང་སྣ་ཚོགས་ཤིག་བྱུང་ཡོད་སྟབས། གང་ཉིད་ཀྱིས་ཞང་བོད་རུས་རྒྱུད་ཀྱི་མཆེད་ཁུངས་དང་དེས་མཚོན་པའི་རིག་གནས་ཀྱི་ངོ་བོར་ཕན་པའི་འགྲེལ་བཤད་གནང་ཆེད་འདིར་བྱ་རྒྱལ་ཁྱུང་ཆེན་གྱི་ཐ་སྙད་བྱུང་ཡུལ་དང་གཟུགས་རིས། མཚོན་དོན་བཅས་ཀྱི་ཆ་ནས་ཟུར་ཙམ་གླེང་བར་འདོད་དོ། །
དང་པོ། ཁྱུང་གི་ངོས་འཛིན།
༡. ཁྱུང་ཞེས་པའི་ཐ་སྙད་ཀྱི་འབྱུང་ཁུངས།
        ཁྱུང་ཞེས་པའི་ཐ་སྙད་འདི་བྱ་དངོས་གང་ལ་ཚུལ་ཇི་ལྟར་བཏགས་པའི་ཆེད་རྩོམ་ད་ཡོད་དཔྱད་འབྲས་སུ་གསལ་ཐག་ཆོད་པ་ཞིག་ལག་སོན་བྱུང་དཀའ་ཡང། མིའི་རིགས་ཀྱི་ངག་སྒོ་བརྒྱུད་པའི་ཐ་སྙད་གང་ཡིན་ཡང་དུས་ནམ་ཞིག་ལ་ཡུལ་གང་དུ་སྤྱི་ཚོགས་ཀྱི་གནས་བབ་ཅི་འདྲ་ཞིག་དང་བསམ་བློའི་ཆུ་ཚད་ག་འདྲའི་འོག་དགོས་པ་ཅིའི་ཕྱིར་བཏགས་པའི་བསམ་ཚུལ་བརྗོད་དུ་ཡོད་ངེས་སྟབས། ཁྱུང་ལ་ཡང་དེ་དག་རེ་རེ་བཞིན་དགོད་རྒྱུ་ཡོད་ན་འོས་མོད་ཀྱང་ཡིག་ཆའི་དབང་གིས་ཐོག་མར་ཡུལ་གང་ལ་སྐད་གང་གིས་བཏགས་པ་དང་གང་དུ་བསྒྱུར་ཏེ་འགྱུར་ཚུལ། ཐ་མར་དེ་ལས་འཕྲོས་པའི་མཚོན་དོན་སྣ་མང་བྱུང་སྟངས་ལ་དུས་རིམ་མི་འདྲ་བའི་ནང་བྱུང་བའི་བརྡ་འདིར་ཁུངས་འདེད་ཙམ་བྱས་ན། ཁྱུང་ཞེས་པའི་ཐ་སྙད་བྱུང་རིམ་གྱི་ཆ་ནས་བལྟས་ན་དེ་ནི་ཆེས་སྔ་མོའི་གྲས་སུ་བརྩིས་ཆོག་སྟེ་གནའ་རབས་ཞང་ཞུང་སྐད་ཀྱི་འགྱུར་ཡིག་གི་བརྡ་ཆད་རྙིང་པ་ཞིག་ཡིན་པར་འདོད། «སྒྲ་ཡི་དོན་སྡེབ་སྣང་གསལ་སྒྲོན་མེ»ལས་བྱུང་སེག་སྐྱེ་ལ་ཞུང་ཞག་ནིལ།② (དཔག་བསམ་ཤིང་ལ་བྱ་ཁྱུང་ལྡིང་།)དང་ཞུང་ཞག་དམུ་ཨུ③(བྱ་ཁྱུང་མཁའ་འབྲུག)ཞེས་ཁྱུང་ནི་བོད་སྐད་རྣལ་མ་ཡིན་པ་དང་ཞང་ཞུང་སྐད་དུ་ཞུང་ཞག་ཟེར་བར་བསྟན་ཡོད་པས་ཞང་ཞུང་གི་སྐད་དུ་ཁྱུང་ལ་ཞུང་ཞེས་བརྗོད་ཅིང་བོད་སྐད་དུ་བསྒྱུར་ན་ཁྱུང་ཞེས་འབྱུང་། སློབ་དཔོན་བསྟན་རྣམ་པས་ཀྱང་ཞང་ཞུང་ཞེས་པའི་མིང་འདི་ཡང་ཞང་ཞུང་གི་སྐད་དུ་ཁྱུང་གི་ལུང་བའམ་ཁྱུང་བོའི་ལུང་བ་ཞེས་བརྗོད་པ་ཡིན་པར་བཤད།④ཡུལ་ཁམས་འདིའི་ས་མིང་མ་བྱུང་བའི་ཡར་སྔོན་ནས་ཞང་ཞུང་པ་རྣམས་ཀྱིས་བྱ་རྒྱལ་ཁྱུང་ཆེན་ལ་དད་མོས་བྱུང་སྟེ་བླ་རུ་བཀུར་སྲོལ་ཆགས་འདུག་པ་རྟོགས་ཐུབ་ཅིང་། ཞང་ཞུང་ཞེས་པའི་ས་མིང་འདིར་མིང་ཐོགས་ཚུལ་གྱི་རྒྱུ་མཚན་ངེས་ཅན་རེ་འདྲེན་རྒྱུ་ཡོད་པས་རྗེས་གྲུབ་ཀྱི་མིང་ཞིག་ཡིན་པའང་ཤེས་ནུས། དེ་བཞིན«ཏི་སེའི་འོད»ལས། ཞང་ཞུང་གི་སྐད་དུ་ཞུང་ཞེས་པ་དེ་ནི་བོད་སྐད་བརྡ་རྙིང་ཁྲོད་ཁྱུང་ཞེས་བྱ་བ་དང་དོན་གཅིག་པ་ཡིན། ཁྱུང་ཞེས་བྱ་བའི་ཐ་སྙད་འདི་བོད་ཀྱི་བརྡ་ཆེས་རྙིང་མ་ཞིག་ཡིན་པ་ནི་དུས་ཕྱིས་བོད་དུ་བྱོན་པའི་སངས་རྒྱས་པའི་མདོ་རྒྱུད་ཡོངས་གྲགས་ཀྱི་དཔེ་རྣམས་སུ་ཁྱུང་ལ་ནམ་མཁའ་ལྡིང་ཞེས་པའམ་མཁའ་ལྡིང་ཞེས་པའི་ཐ་སྙད་ཡོད་པ་ལས་ཁྱུང་ཞེས་པའི་ཚིག་འདི་ཤིན་ཏུ་རྙེད་དཀའ་བ་དེ་ཙམ་གྱིས་ཀྱང་ཤེས་ཐུབ་པ་ཡིན། ཁྱུང་ནི་བོན་ལུགས་སུ་ཡ་ཐོག་སྲིད་པའི་ལྷ་རབས་ཀྱི་མཆེད་ཁུངས་ཤིན་ཏུ་གལ་ཆེན་པོ་ཞིག་ཏུའང་ངོས་འཛིན་སྲོལ་བྱུང་འདུག་པར⑤གསུངས་པ་སོགས་ལས་སྔ་རབས་ཞང་ཞུང་པ་རྣམས་ཀྱིས་གནས་སྐབས་ཀྱི་དཀའ་སྡུག་སེལ་བ་དང་ཡབ་མེས་ཀྱི་མཆེད་ཁུངས་དང་རུས་རྒྱུད་ཁུངས་བཙུན་པ་སྟོན་ཕྱིར་འདབ་ཆགས་བྱ་ལ་ཡིད་སྨོན་ནམ་གོང་བཀུར་བྱས་ཏེ་དད་པ་བྱེད་པའི་ཡུལ་སྲོལ་བྱུང་ཟིན་པ་མཚོན་ཞིང་དངོས་ཡོད་འཚོ་བའི་ཁྲོད་དུ་བྱ་རྒྱལ་ཁྱུང་གིས་གོ་གནས་གལ་ཆེན་ཟིན་པའང་རིགས་འདེད་བྱེད་སླ། དེས་ན་གནའ་བོའི་ཞང་སྐད་ལས་ཞུང་ཞག་ནི་བོད་སྐད་དུ་ཁྱུང་གི་དོན་ཏེ་གཡུང་དྲུང་བོན་གྱི་བསྟན་པ་བོད་དུ་སྤེལ་སྐབས་སྒྲ་བསྒྱུར་ལོ་ཙཱ་པ་རྣམས་ཀྱིས་བསྒྱུར་བའི་ཐ་སྙད་ཅིག་ཡིན་པར་སྣང་།
        ཁྱུང་ཞེས་པའི་མིང་གི་འབྲི་ཚུལ་ཐོག་ནས་བྱ་ཁྱུང་དང་ནམ་མཁའ་ལྡིང་། ཁྱུང་། དུག་འཇོམས། མཁའ་ལྡིང་སོགས་དོན་གཅིག་ལ་མིང་གི་རྣམ་གྲངས་དུ་མ་སྲིད་རུང་གནའ་བོའི་བོན་གྱི་རིག་གཞུང་དང་ལོ་རྒྱུས་རྣམས་སུ་ཞང་ཞུང་རིག་གནས་ཀྱི་ཤུགས་རྐྱེན་འོག་ཁྱུང་ཞེས་པ་འདི་བོད་སྐད་བརྡ་རྙིང་དུ་རྒྱུན་འབྱམས་སུ་གནས་འདུག «མདོ་དྲི་མེད་གཟི་བརྗིད»དུ་ཀླུ་ཡིས་ཆུ་སྲིན་པ་ཏྲ་ཁྱུང་ལ་ཕུལ་པས། ཁྱུང་ཡང་དཔའ་བརྗིད་དང་ལྡན་ནོ། །⑥ཞེས་ཁྱུང་གི་ཐ་སྙད་བྱུང་། མདོ་དྲི་མེད་ནི་གཡུང་དྲུང་བོན་གྱི་རྗེས་འཇུག་དད་ལྡན་རྣམས་ཀྱིས་སྟོན་པ་གཤེན་རབ་མི་བོས་ཞལ་ནས་དངོས་སུ་གསུངས་པའི་བཀའ་འཁྲུལ་མེད་ཅིག་ཏུ་འདོད་ནའང་སྙན་བརྒྱུད་ཡིག་ཐོག་ལ་འགོད་པ་པོ་ནི་སྤྲུལ་སྐུ་བློ་ལྡན་སྙིང་བོ(༡༣༦༠~༡༤༠༦)ཡིན། ཡང«མདོ་འདུས»ལས་བྱ་ཁྱུང་ཁ་ན་ཀླུ་བྲུག་ཟ:ནམ་མཁའ་ལྡིང་གི་རྒྱལ་བོས་ཕུལ:⑦ ཞེས་སྟོན་པ་གཤེན་རབ་མི་བོའི་མཛད་རྣམ་བསྡུས་མའི་ནང་དུ་ཡང་ཁྱུང་ཡིག་བྱུང་ཡོད། འདིའི་ནང་བརྡ་རྙིང་མཚོན་བྱེད་ཀྱི་རྟགས་མང་པོ་མཐོང་རྒྱུ་ཡོད་པ་སྡེ་བ་རེ་རེའི་མིང་གཞི་མགོ་མ་གཉིས་ཕན་ཚུན་བརྗེ་སྲོལ་ཡོད་པ་དང་ཤད་ཀྱི་དོད་དུ་རྟགས:འདི་སྦྱར་བ། ཡིག་གཟུགས་འབྲུ་ཚ་སྒོང་ཞབས་མས་བྲིས་པ་བཅས་ཆོས་པ་རྣམ་གཉིས་ཀྱིས་བསམ་ཡས་ནས་བཏོན་པར་བཞེད་པས་དུས་རབས་བཅུ་གཅིག་ནང་ཡིན་པར་གསུངས་པ་དེ་ཡང་རྒྱུ་མཚན་དང་ལྡན་པར་མཐོང། གཞན«ཞང་ཞུང་སྙན་བརྒྱུད་ཀྱི་བོན་མ་ནུབ་པའི་གཏན་ཚིགས»སུ་ཞང་ཞུང་རྒྱལ་པོའི་ཁབ་ཆེན་མ་ཁྱུང་ཟ་མཚོ་རྒྱལ་དེས། བོད་ཀྱི་རྒྱལ་པོོ་ལ་ཐུགས་ཀྱི་བརྣག་པ་སྐྱེས་ནས⑧ ཞེས་ཁྱུང་ཡིག་ཡོད་ལ། གཞུང་འདི་ཡིག་ངོས་སུ་ཕབ་མཁན་ནི་དུས་རབས་བརྒྱད་པའི་ནང་ཞང་ཞུང་དུ་བྱོན་པའི་རྫོགས་པ་ཆེན་པོ་ཞང་ཞུང་སྙན་བརྒྱུད་ཀྱི་བླ་མ་གྱེར་སྤུངས་སྣང་བཞེར་ལོད་པོ་ཡིན་པ་གཞིར་བྱས། ཁྱུང་ཞེས་པའི་ཐ་སྙད་འདི་ཉུང་མཐའ་ཡང་དུས་རབས་བརྒྱད་པའི་སྐབས་སུ་བཀོལ་རྒྱ་ཆེ་ཞིང་ནང་དོན་དམིགས་བསལ་ལྡན་པའི་བརྡ་ཆད་རྙིང་པ་ཞིག་ཡིན་པ་གསལ། དེ་བཞིན་ཏུན་ཧོང་ཡིག་ཆའི་རྒྱལ་ཕྲན་རྣམས་དང་དེ་དག་གི་རྗེ་བློན་གྱི་མིང་བཤད་སྐབས་ཞང་ཞུང་རྗོ་བོ་ལིག་སྙ་ཤུར། བློན་པོ་ཁྱུང་པོ་ར་སངས་རྗེ⑨ཞེས་དང། འོ་ལྡེ་སྤུ་རྒྱལ་པའི་བློན་པོ་རྩལ་ཅན་རིམ་བྱུང་ལས། དེ་འྀ་འོག་ཏུ་ཁྱུང་པོ་སྤུངས་སད་ཟུ་ཙེས། བྱས་པ་ལས། འོ་མ་ལྡེ་ལོད་བཙན་དང་རེགས་མ་མཇལ་ནས། མཁར་ཁྲི་བོམས་སུ་མཆིས་ཏེ⑩ ཞེས་པ་སོགས་ཁྱུང་གི་ཡིག་འབྲུ་མང་པོས་བོད་རྒྱལ་སྲོང་བཙན་ཡར་སྔོན་གྱི་སྲིད་ལུགས་ལོ་རྒྱུས་མཚོན་པའི་མི་སྣ་སྟོན་པ་དང། ཏུན་ཧོང་ཡིག་རྙིང་གི་དཔེ་གཟུགས་འདི་དུས་རབས་དགུ་པ་ཡས་མས་སུ་བྱུང་ཚུལ་བོད་རིག་པའི་ཞིབ་འཇུག་མཁས་ཅན་ཚང་མས་མགྲིན་གཅིག་ཏུ་སྨྲ་སྟབས་ཁྱུང་ཞེས་པའི་ཐ་སྙད་ཁྲི་སྲོང་ཡན་ནས་རྒྱུགས་ཆེ་བ་གཏན་འཁེལ་བྱས་ཆོག གཞན་ད་དུང«ཁྲི་སྲོང་ལྡེ་བཙན་རིང་ཆོས་མི་བསྣུབ་པའི་ཕྱིར་རྗེ་བློན་མནས་བསྒགས་པའི་བཀའ་གཙིགས་དང་པོའི་ཡི་གེ»ལས་ཕྱི་བློན་སྐབས། བློན་གཙུག་ཁྱུང་གླིང ཞེས་པས་ཀྱང་རིགས་རུས་ཁྲོད་འབྲེལ་བ་ངེས་ཅན་ལྡན་པའི་ཁྱུང་གི་ཐ་སྙད་འདི་དུས་རབས་བརྒྱད་པའི་སྔོན་ནས་བཀོལ་བའི་མིང་བརྡ་ཞིག་ཡིན་པ་རྟོགས་ཐུབ།
        མདོར་ན་ཁྱུང་ཞེས་པའི་ཐ་སྙད་འདི་ལོ་ཙཱའི་ལམ་ནས་ཞང་སྐད་ཞུང་ཞག་ལས་བསྒྱུར་ཏེ་བོད་རང་གི་ཐ་སྙད་ཅིག་ཏུ་གྱུར་པ་མ་གཏོགས། སྐད་རིགས་གཞན་ནས་ཚུར་ཟུར་ཆག་པ་ཞིག་མིན་པ་ནི་མིང་བརྡ་དེའི་བྱུང་རིམ་ལ་བལྟས་ཀྱང་གསལ་པོར་རྟོགས་ཐུབ། ཡིག་ཆར་གཞིར་བཅོལ་ནའང་གོང་དུ་བསྟན་པ་ལྟར་མ་མཐའ་ཡང་དུས་རབས་བརྒྱད་པ་སྟེ་ཁྲི་སྲོང་ཡན་ནས་བཀོལ་རྒྱ་ཆེ་བ་ཐག་གིས་ཆོད་ཅིང་བསྟན་འབྱུང་དག་གི་བརྗོད་བྱར་བརྟགས་ན་བོད་དུ་གཡུང་དྲུང་བོན་གྱི་བསྟན་པ་རྒྱ་ཁྱབ་ངང་དར་བའི་དུས་ནས་ཁྱུང་གི་ཐ་སྙད་བྱུང་ཡོད་ཤོས་ཆེ།
༢. ཁྱུང་རིས་ཀྱི་མཚོན་དོན།
        གནའ་མི་དག་གིས་བྱ་རྒྱལ་ཁྱུང་གིས་ཀླུའམ་དུག་སྦྲུལ་གྱི་ཁ་གནོན་དང་མི་མཐུན་གཡུལ་ལས་རྒྱལ་བ་མཚོན་པར་འདོད་པས། རྒྱུན་མཐོང་གི་སྐུའི་ཁྲི་རྒྱབ་ཀྱི་དབུ་སྐོར་སྟེང་དང་དེ་མིན་ལྡེབས་རིས་དང་ཞལ་ཐང་སོགས་སུ་ཁྱུང་གཟུགས་ཕབ་སྟེ་མི་འདོད་བར་ཆད་ཟློག་པའི་རྟགས་སུ་མཚོན་པར་བྱས་ཡོད།
        སྤྱིར་བྱ་རྒྱལ་ཁྱུང་ཆེན་ནི་མིག་ལ་བསྟན་དུ་དཀའ་བའི་འདབ་ཆགས་ཤིག་ཡིན་ཕྱིར་རི་མོ་མཁན་རྣམས་ཀྱིས་དེའི་གཟུགས་རིས་ཐུན་མོང་དུ་མངོན་པ་ནི་མི་ཡི་ལུས་ལ་བྱ་ཡི་ཁྱད་ཆོས་ལྡན་པ་ཞིག་སྟེ། ཁོག་སྟོད་མིའི་གཟུགས་སུ་ལག་པ་གཉིས་ཀྱང་མིའི་ལག་པར་འདུག་པ་དཔའ་བོ་གང་རུང་ཞིག་གི་དཔུང་སྣོན་དང་བྱ་ཡི་མགོ་ལ་རྭ་ཅོ་ལྡན་པ་དེ་ཉིད་དཔའ་རྟགས་སུ་གཟེངས་བསྟོད་ཀྱི་མཚོན་བྱེད་དུ་བྲིས་འདུག་པའི་རྒྱུ་མཚན་གྱིས་ཞང་ཞུང་ལོ་རྒྱུས་སུ་བྱ་རུ་ཅན་གྱི་རྒྱལ་པོ་བཅོ་བརྒྱད་བྱུང་མྱོང་བར་བཤད་པའི་ཐོག་མ་ཁྲི་ཝེར་གསེར་གྱི་བྱ་རུ་ཅན་ཞེས་པས་ཀྱང་སྲིད་སྐྱོང་སྐབས་སྲིད་འབྱོར་དབང་ཐང་གི་རྟགས་མཚན་དུ་གསེར་ལས་བྱས་པའི་བྱ་རུ་ཞིག་བཙུགས་ཡོད་པར་བརྗོད་པ་དེ་ནས་རྒྱལ་པོ་དེ་དག་གི་མཚན་ལ་བྱ་རུ་ཅན་ཞེས་ཐོགས་སྐད། སྤྱི་གཙུག་ན་ནོར་བུ་འོད་འབར་གྱིས་བརྒྱན་པ་ནི་འབྱུང་བ་མེའི་བྱེད་ནུས་མཚོན་པར་འདོད་དེ་གཉན་ཆེན་སྡེ་བཞིའམ་རླུང་རྟའི་ལྷ་བཞི་ཞེས་བོད་ཀྱི་དམངས་ཁྲོད་དུ་རྒྱུགས་ཆེ་བའི་རླུང་རྟ་དང་དར་ལྕོག་སྟེང་དུ་བཀོད་པའི་ཁྱུང་གིས་སྲོག་གམ་བར་སྣང་དུ་གནས་ཤིང་སྤྱི་གཙུག་ལས་མེ་འབར་བས་ཚ་དབལ་གྱི་མཐུ་སྟོབས་དང་ནུས་ཤུགས་མ་ལུས་པ་མཚོན་སྟབས་ཁྱུང་ཆེན་འབར་བ་མེའི་ནུས་ཤུགས་སུ་གོ གཤོག་ཟུང་བརྐྱངས་ཤིང་འཕུར་སྟངས་ཀྱི་རྣམ་པ་ཅན་དེས་མི་མཐུན་ཕྱོགས་ཟིལ་གྱིས་གནོན་པར་བྲེལ་བའི་ངང་ཚུལ་སྟོན་པ་བཤད་རྒྱུན་དུ་གཤོག་པ་ཡ་གཅིག་ཀྱང་མི་འགས་ཐེག་མི་ནུས་ཤིང་ནམ་འཕང་བཅད་དེ་འཇིག་རྟེན་གྱི་ཆེས་རྩེ་མོར་གནས་པས་མཆོད་རྟེན་གྱི་རྩེ་དང་རྒྱལ་པོའི་དབུ་སྐོར་སོགས་སུ་བཀོལ་ནས་བླ་མེད་མཆོག་གྱུར་མཚོན་པ་དང་འཕུར་བའི་རླུང་ཤུགས་ཀྱིས་འདབ་ཆགས་ཀུན་གྱི་སྙིང་རྩ་འགེམས་པར་བརྗོད། ཞབས་གཉིས་ས་ལ་བརྟན་པོར་བཙུགས་ཏེ་རྣོ་ཞིང་རིང་བའི་སྡེར་མོ་བགྲད་པ་དེས་རང་ཚུགས་བརྟན་ཞིང་དུས་དང་རྣམ་པ་ཀུན་ཏུ་གཞན་གྱིས་བསྒྱུར་མི་ཐུབ་པའི་གཤིས་ཀ་བསྟན། ཕྱག་གཡས་པས་དུག་སྦྲུལ་གྱི་སྐེ་ནས་འཛིན་ཞིང་གཡོན་པས་དུག་སྦྲུལ་གྱི་མཇུག་མ་འཛིན་བཞིན་མཆུ་ཡིས་དུག་སྦྲུལ་གྱི་ལྟོ་ནས་ཧམ་ཟ་བྱེད་པ་འདིས་ནད་གདོན་འབྱུང་བའི་འགལ་རྐྱེན་ཐམས་ཅད་བཟློག་པ་མཚོན། མཆུ་ནི་རྣོ་ཞིང་གུག་པ་དང་མིག་གཉིས་འབུར་ཚུགས་སུ་བགྲད་དེ་རལ་པ་སེང་གེ་ལྟར་གཟེངས་ཤིང་རྭ་ཅོ་གྱེན་ཏུ་ཕྱོགས་པའི་འཇིགས་ཤིང་རྔམ་པའི་ཉམས་འགྱུར་གྱིས་མི་མཐུན་ཕྱོགས་ལས་རྣམ་པར་རྒྱལ་བ་མཚོན།
གཉིས་པ། ཁྱུང་ཡིག་གི་འཕོ་འགྱུར།
        གནའ་བོའི་ཞང་ཞུང་དུས་སྐབས་སུ་མི་རྣམས་ཀྱིས་བྱ་རྒྱལ་ཁྱུང་ཆེན་ནི་ཞང་ཞུང་དུ་འཚོ་སྡོད་བྱས་མྱོང་ཞིང་གནས་དེ་རུ་ངོ་མཚར་མཛད་རྗེས་གང་མང་བསྐྲུན་པར་ཡིད་ཆེས་གནང་མཐར་ཁྱུང་ནི་རིགས་རྒྱུད་ཀྱི་ཡབ་མེས་སུ་མཆོད་བཞིན་མཚོན་རྟགས་ཅན་གྱི་བླ་རུ་གྱུར་པ་དང་ཆབས་ཅིག སྔོན་བྱོན་མེས་པོ་དག་གིས་ཁྱུང་ཉིད་གདོད་མའི་ཆོས་ལུགས་ཀྱི་གྲུབ་ཆ་གཙོ་བོ་ཞིག་ཡིན་པ་མ་ཟད་རུས་མིང་གཅིག་པའི་རིགས་རྒྱུད་ཀྱི་འབྱུང་ཁུངས་སུ་སྨྲ། འདི་ལྟར་འབྲེལ་བ་རྒྱུ་མཚན་ལ་བརྟེན་ནས་ཞང་ཞུང་མངའ་ཁོངས་སུ་གནས་པའི་ས་མིང་དང་རུས་མིང་། གདུང་རྒྱུད་མཆེད་ཁུངས་སོགས་ཚང་མ་ཁྱུང་དང་སྦྲེལ་ནས་མིང་བཏགས་པར་བརྟེན་ད་ལྟ་མདོ་ཁམས་ཕྱོགས་སུ་ཁྱུང་གི་རྒྱུད་པ་མང་བ་ཡང་ཡ་ཐོག་ཞང་ཞུང་པ་ཤར་བསྐྱོད་བྱས་ནས་བོན་བསྟན་སྤེལ་པ་ལས་མངོན་པའི་རྒྱུད་འཛིན་ཡིན་པར་སྙམ།
༡. འཇིག་རྟེན་བྱེད་པོར་ཁྱུང་གི་མིང་བཏགས་པ།
        བསྟན་འབྱུང་རྣམས་སུ་ཁྱུང་ཡིག་མང་དུ་བྱུང་ཞིང་ཡུལ་མཁར་དང་རུས་མིང་ཁྲོད་ལྷག་ཏུ་མང་བ་འདིས། སྔ་རབས་ཞང་བོད་ཀྱི་ཤེས་རིག་ཚང་མ་འདབ་ཆགས་དེ་བླ་རུ་བཀུར་བའི་ཡུལ་སྲོལ་གྱིས་ཤུགས་རྐྱེན་ཐེབས་ཡོད་པ་རྟོགས། ཁྱུང་ནི་ཁྱིམ་རྒྱུད་ཀྱིས་མཆོད་པའི་སྲོག་ཆགས་གང་ཞིག་དུས་རིམ་ངེས་ཅན་ནང་དུ་རུས་མིང་ལ་ཐོགས་ཤིང་རྗེས་སུ་མིའི་མིང་དང་ཡུལ་མིང་། འཇིག་རྟེན་བྱེད་པོར་སྦྱར་བའང་ཡོད་པས་ས་གནས་སོ་སོའི་ལོ་རྒྱུས་ཤེས་རྟོགས་བྱེད་པ་ལ་ཉེ་བར་མཁོ་བའི་རྒྱུ་ཆ་མེད་དུ་མི་རུང་བ་ཞིག་ཡིན།
བོན་གྱི་བསྟན་འབྱུང་ལོ་རྒྱུས་དག་ན་ཁྱུང་དང་རུས་སྦལ་གྱིས་འཇིག་རྟེན་བསྐྲུན་པར་བཤད་པ་དང་ངག་རྒྱུན་དུ་དེ་མཚམས་མ་ཆད་པར་རྒྱུད་འཛིན་བྱས་ཡོད། «སྲིད་པའི་ཁྱུང་ཆེན»ལས། དང་མ་སྲིད་པ་ཆགས་དུས་སུ། ། གནམ་ས་གཉིས་ཀ་འདྲེས་བསྡད་ཡོད། ། ས་གནམ་ཕྱེ་ནོ་ཁྱུང་ཆེན་རེད། ། ཅེེས་གནམ་ས་གོ་འབྱེད་མཁན་ནམ་འཇིག་རྟེན་སྐྲུན་པ་པོ་ནི་ཁྱུང་ཆེན་ཡིན་པར་བཤད་ནས་ཁྱུང་གི་ཐ་སྙད་འབྱུང་བ་ལས་འཇིག་རྟེན་བྱེད་པོ་དབང་ཕྱུག་སོགས་གཞན་གང་ཡང་བརྗོད་མེད་པར་བརྟགས་ཚེ། སྐབས་འདིར་ཁྱུང་ངམ་འཇིག་རྟེན་བྱེད་པོ་གཉིས་གདགས་གཞི་གཅིག་གི་མིང་སྟེ། གདོད་མའི་མི་རྣམས་ཀྱིས་རང་བྱུང་སྣང་ཚུལ་ལ་དཔྱད་པའི་མུར་ཁྱུང་གི་མིང་བཏགས་ནས་གནམ་སའི་ཁ་ཕྱེ་སྟེ་འགྲོ་བ་ཆགས་ཚུལ་དུ་འགྲེལ་བ་དང་། སྐབས་དེའི་ཁོ་ཚོའི་བསམ་བློ་ལྟར་ན་ཁྱུང་འདི་ལྷའམ་དེ་ལས་ལྷག་པའི་ནུས་མཐུ་ཅན་དུ་གོ་དགོས་པས་ཁྱུང་གི་མིང་བརྡ་དེ་འཇིག་རྟེན་བྱེད་པོ་ལ་སྦྱར་བའི་བཏགས་མིང་ཞིག་ཏུ་སྙམ།
༢. སྤྱི་ཚོགས་སྒྲིག་གཞིའི་ནང་དུ་ཁྱུང་གི་མིང་བཏགས་པ།
        ཞང་ཞུང་རྒྱལ་རབས་སྐབས་ཁྱུང་ལ་ངེས་ཤེས་གསར་བ་བསྐྱེད་དེ་ཁྱུང་གི་རིགས་རུས་དེ་མིའི་ནུས་པ་ལས་ཁྱད་དུ་འཕགས་པའི་ལྷ་རིགས་ཀྱི་གདུང་རྒྱུད་ལས་མཆེད་པར་ཡིད་རྟོན་གནང་མཁན་བྱུང་། «ཁྱུང་རབས་གསེར་སྒམ་མ»རུ་ཞང་ཞུང་ཁ་ཡུག་གི་ཡུལ་མེ་ཏོག་མཛེས་པའི་གླིང་ལ། ཀུན་ཏུ་བཟང་པོའི་སྐུ་གསུང་ཐུགས་ལས་སྤྲུལ་བའི་བྱ་རྒྱལ་ཁྱུང་ཆེན་གསུམ་སྔ་དྲོ་དར་གཅིག་བབས་ནས་སླར་འཕུར་ཏེ་དགུང་དུ་གཤེགས་སོ། །
        དེ་ལ་ཡུལ་མི་རྣམས་ཀྱིས་ལྟད་མོ་བལྟས་པས། མེ་ཏོག་གླིང་ལ་འདབ་ཆགས་ཀྱི་རྒྱལ་པོ་ཁྱུང་ཆེན། སྤྱན་མིག་དམར་བ་རྭ་ཅོ་དང་ལྡན་པ། སྤྱི་གཙུག་ན་ཡིད་བཞིན་གྱི་ནོར་བུ་འབར་བས་བརྒྱན་པ་གསུམ་བབས་པ་འདི་ཅི་ཡིན་བལྟས་པ། ཆོ་འཕྲུལ་ཡིན་ཞེས་ཀུན་ལ་དྲིས་པས། ཤེས་ཆེ་རྒན་པ་རྣམས་ན་རེ་ཁྱུང་མོ་ལ་གནམ་རུ་མེད་ཅིང་ཁྱུང་ཕོ་ལ་གནམ་རུ་སྔོ་ཟང་ངེ་བ་ཡོད་པ་ནོར་བུའི་བརྒྱན་པ་དེ། ཁྱུང་པོ་ཁྱད་པར་ཅན་ཞིག་རེད་ཟེར། ཡུལ་དེར་ཁྱུང་པོ་ཟེར་བའི་གཏན་ཚིགས་ཀྱང་དེ་ནས་བྱུང། ཞག་གསུམ་དྲོས་བཞི་ནས་སྔར་ཁྱུང་གསུམ་བབས་པའི་མལ་དུ། སྤར་མོའི་དྲོད་ལས་ཟིལ་བ་ཆགས། ཟིལ་བ་དེ་ལས་སྒོ་ང་དཀར་ནག་སེར་གསུམ་གྱུར་ཏོ། ། སྒོ་ང་དེ་གསུམ་བརྡོལ་བའི་ནང་དུ། ཁྱད་པར་འཕགས་པའི་ཁྱེའུ་མཚན་དང་ལྡན་པ་གསུམ་བྱུང་ངོ་། ། ཞེས་གསལ་བ་ལྟར་ཐོག་མའི་འདབ་ཆགས་ཤིག་ནས་དད་མོས་ཀྱི་འདུ་ཤེས་འཕེལ་རྒྱས་བྱུང་སྟེ་ལྷ་སྒྲུང་གི་ངོ་བོ་ལྡན་པའི་སྒོང་སྐྱེའི་ལྟ་བ་ཞུགས་པའི་གཏམ་རྒྱུད་དུ་འཕེལ་བ་དང་། དེ་ནས་རིགས་རུས་ཀྱི་མཆེད་ཁུངས་སུ་འདོད་པའི་ལྟ་བ་དམིགས་བསལ་ཅན་བཏོན་མཐར་བོན་གྱི་ཐུན་མོང་མ་ཡིན་པའི་འཇིག་རྟེན་ལྟ་ཚུལ་ཆགས། གཙོ་བོ་མཚོན་སྟངས་ཀྱི་རྣམ་པའི་ཐོག་ནས་བྱ་རྒྱལ་ཁྱུང་ཆེན་ཡང་བོན་སྐུ་ཀུན་ཏུ་བཟང་པོ་སོགས་ཀྱི་རྣམ་སྤྲུལ་ལ་རིག་སྣང་འོད་ཀྱི་རྒྱལ་པོ་དེ་སྐུ་ལུས་ལྷ་བྱ་ཁྱུང་ཆེན་གསུམ་དུ་སྤྲུལ་ནས་འགྲོ་བའི་དོན་ལ་དགོངས་ཏེ་ཞང་ཞུང་གི་ཡུལ་ཁ་ཡུག་མེ་ཏོག་མཛེས་པའི་ཚལ་དུ་བབས་པ«སྐལ་བཟང་མགྲིན་རྒྱན»ལས། ཀུན་བཟང་རྣམ་སྤྲུལ་རིག་སྣང་འོད་ཀྱི་རྒྱལ། ། འགྲོ་དོན་བྱ་ཁྱུང་གསུམ་སྤྲུལ་ཡས་མར་འཕུར།།ཞེས་གསུངས་པ་བཞིན་བོན་གྱི་ལྷ་རིགས་རྣམས་མི་ཡུལ་དུ་བྱོན་ཚུལ་བརྗོད་དུས་ཡུལ་སའི་འདབ་ཆགས་དང་འབྲེལ་ཏེ་བཀོད་འབྲི་བྱས་ཡོད། «རྩ་རྒྱུད་ཉི་ཟེར་སྒྲོན་མར»དེ་ནས་སྟོན་པ་གཤེན་རབ་ཉིད་འདབ་ཆགས་རྒྱལ་པོ་ཁྱུང་དུ་སྤྲུལ། ཞེས་ལྷ་སྒྲུང་གི་ངོ་བོར་སིམ་པའི་བྱ་རྒྱལ་ཁྱུང་ཆེན་གྱི་ནུས་མཐུ་དང་བྱེད་ནུས། སྙན་པའི་གྲགས་པ་བཅས་ཀྱི་ཁྱད་ནུས་ནི་སྟོན་པ་གཤེན་རབ་ལ་སྦྱར་ནས་མི་མང་གིས་དང་ལེན་བྱེད་བདེ་བ་དང་མི་ཕྱེད་པའི་དད་པ་ཐོབ་པར་བསམ་བློའི་རྨང་གཞི་བརྟན་པོ་བཏིང་འདུག དེར་བརྟེན་ཁྱུང་གི་མིང་འདི་ཐོག་མའི་དོན་གྱི་ངོ་བོ་ལས་འགྱུར་ཏེ་ཆོས་ལུགས་དང་རིགས་རུས་ལ་སོགས་ཤེས་བྱའི་ཁྱབ་ཁོངས་མི་འདྲ་བ་སོ་སོར་མཆེད་པར་སྣང་། དཔེར་ན་ཁྱུང་གི་མིང་འདི་གཞིར་བཟུང་ནས་མིང་མཐའ་མི་གཅིག་པ་སྦྱར་ཏེ་ཐ་སྙད་དུ་མ་བྱུང་བ་ཡུལ་མིང་ལ་ཁྱུང་བོ་ལྟ་བུ་སྟེ། སྐབས་དེའི་མི་རྣམས་ཀྱིས་ཁྱུང་བོའི་ཡུལ་ན་ཡོད་པའི་མཁར་རྫོང་མང་པོར་ཁྱུང་དང་འབྲེལ་ནས་ཁྱུང་ལུང་དངུལ་མཁར་དང་དྭང་ར་ཁྱུང་རྫོང་བཞིན་ནོ། ། འདི་ནི་འདབ་ཆགས་ཀྱི་མིང་སྔོན་ལ་བྱུང་ཞིང་ཡུལ་མིང་རྗེས་སུ་གྲུབ་པ་རིགས་པས་དཔོག་ཐུབ།
        འཇིག་རྟེན་ཆགས་གྲུབ་ཀྱི་ལྟ་བ་ལས་སྲིད་པ་སྒོ་ང་ལས་གྲོལ་བ་ནི་བོན་གྱི་ཐུན་མིན་ལྟ་བ་ཞིག་ཏུ་འདོད་ཀྱང་སྒོ་ངའི་གྲངས་ཀྱི་ཆ་ནས་ཐུན་མོང་གིས་ཁས་ལེན་པའི་གཅིག་མཐུན་གྱི་ལྟ་ཚུལ་ཞིག་བྱུང་མེད། «ལེགས་བཤད་མཛོད»དུ་དེར་ཁྱུང་གསུམ་འཕུར་བའི་ཤུལ་དུ་བལྟས་པས། སྤར་མོ་ས་ལ་རེག་པའི་དྲོད་རླངས་ལས་སྒོ་ང་རེ་རེ་བྱུང་བའི་མིང་ཡང་ཁྱུང་ཕོ་ཞེས་བཏགས་ཏེ། ཆེ་བ་ཁྱུང་དཀར་ཐོག་ལ་འབར། དེ་འོག་ཁྱུང་སེར་ལྷ་ཁྱུང། དེ་འོག་ཁྱུང་འཕགས་ཁྲ་མོ། ཆུང་བ་མུ་ཁྱུང་རྒྱན་ཞེས་གྲགས་
སོ། ། གསུངས་པ་ལྟར་ཁྱུང་གི་དད་མོས་ཤེས་རིག་ལས་བྱུང་བའི་ཡུལ་ལུང་ལ་ནང་གསེས་དབྱེ་བ་གསུམ་མམ་བཞི་བྱུང་སྟེ་ཁྱུང་པོ་དཀར་ནག་སེར་གསུམ་དང་ཁྱུང་ཁྲ་བཅས་བཞི་རུ་ངོས་འཛིན་གནང་སྲོལ་བྱུང། དེ་ལྟར་ཁྱུང་གི་ཡུལ་ནས་བརྒྱུད་པའི་མི་རྒྱུད་ཀྱི་འབྱུང་ཁུངས་སྟོན་པའི་ཐད་ནས་ཁྱུང་པོ་ཞེས་རུས་སུ་གཏོགས་སྟངས་ལ་རིགས་གཉིས་ཡོད། གཅིག་ནི་བོན་གྱི་གདུང་རྒྱུད་མཆེད་དྲུག་གི་ཡ་གྱལ་གཤེན་དང་བྲུ་ཞུ་སྤ་རྨེའུ་ཁྱུང་བཅས་སུ་གསལ་བའི་དམ་པ་ཁྱུང་གི་རིགས་རུས་འདིར་གོ་དགོས་ཏེ། སྒོ་ང་ལས་སྐྱེས་པའི་ཁྱེའུ་རྣམས་ཚེའི་རིག་འཛིན་གྲུབ་པས་ཞང་ཞུང་དང་བོད་ཀྱི་རྒྱལ་རབས་རིམ་བྱོན་གྱི་བླ་ཡི་མཆོད་གནས་མཛད་ཞོར་ཁྲོ་རྒྱལ་སྨོན་ལམ་བར་གདུང་རབས་བླ་བརྒྱུད་ཟམ་མ་ཆད་པར་བྱོན་སྟབས་ཐོག་མའི་ས་མིང་དེ་དག་ཀྱང་ལོ་རྒྱུས་ཀྱི་འགྱུར་བ་སྣ་ཚོགས་ཀྱིས་ཁྱུང་པོ་ཞེས་པ་ཡུལ་ལུང་བྱེ་བྲག་གི་མིང་དང་གདུང་རྒྱུད་ཀྱི་མིང་དུ་སོང་བ་དང་། དེ་ནས་བླ་དཔོན་གྱི་གོ་གནས་མཚོན་པའི་དཔོན་མིང་གི་ཚབ་བྱས། འདི་ནས་ཁྱུང་བོའི་བླ་དཔོན་རྣམས་ཀྱི་མངའ་དབང་ས་ཆ་དང་མི་སྡེ་རྣམས་རིས་སུ་བཅད་དེ་ཤོག་ཁ་ཕྱེ་ནས་ཁྱུང་བོའི་སྟོབས་ཤུགས་ཉམས་རྒུད་སོང་ཚུལ་དང་ཁྱུང་བོ་དཀར་ནག་སེར་གསུམ་གྱི་བླ་རྒྱུད་འཁྲུངས་ཚུལ་ལ། ཁྱུང་དཀར་ནག་སེར་གསུམ་ཚབ་ཚ་བཅས་ཤོག་ཁ་བཞི་དང་། དེ་རྗེས་བྱང་རྩེ་སྒང་སྤུ་ལ་ཁ་ཡི་གདུང་རྒྱུད་བཅས་ཤོག་ཁ་ལྔ་བྱུང་བས་མངའ་འབངས་མི་སྡེ་དང་རུ་ཤོག་ས་ཡི་མིང་དེ་དཔོན་ལ་ཐོགས། དཔོན་མིང་རུས་ལ་ཐོགས་པ་ཡིན་ཏེ། དཔོན་ཚང་རྒྱལ་བ་གྲུབ་ཀྱི་ཡུམ་དཀར་རུ་དང་བཞུགས་ས་སྟེང་ཆེན་ཁྱུང་བོ་ཡིན་པས་ཁྱུང་དཀར་དང། ཤེས་རབ་རྒྱལ་མཚན་གྱི་ཡུམ་གསེར་རྩ་དང་བཞུགས་ས་བྱ་ཟེ་ཡིན་པས་ཁྱུང་སེར་དང་། ཨ་རྒྱལ་བསོད་ནམས་ཀྱི་ཡུམ་ནག་རུ་དང་བཞུགས་ས་ཝེ་རོ་རྫོང་ཡིན་པས་ཁྱུང་ནག་སོགས་ཕྱིས་གདུང་རྒྱུད་ལ་དེ་ལྟར་འབོད་སྲོལ་ཆགས་སོ། །དེའི་རྒྱུད་འཛིན་རྗེས་རབས་པ་ཚོས་རང་གི་ཡབ་མེས་རྣམས་ཡུལ་ལུང་གང་དུ་འཚོས་ཤིང་འོང་བ་དང་རིགས་རུས་གང་ལས་མཆེད་པའི་ས་མིང་དང་རུས་མིང་མ་དོར་བར་རང་གི་ཡུལ་སྡེ་རིགས་རུས་ཁྲོད་ཁྱུང་བོ་དཀར་ནག་སེར་གསུམ་གྱི་མིང་འདི་ད་ལྟའི་བར་རྒྱུན་འབྱམས་ངང་སོར་བཞག་བྱས་ཡོད། གཉིས་སུ«དུང་དཀར་ཚིག་མཛོད»དུ་གཉའ་ཁྲིའི་སྐབས་བོད་ཀྱི་མངའ་ཁོངས་སུ་གཏོགས་པའི་རུས་རྒྱུད་ཚོ་བ་དྲུག་སྟེ། བཙན་པོ་ལྷོ་དང་གཉགས་གཉིས། བཙུན་པ་ཁྱུང་དང་སྣུབས་གཉིས། གཉན་པ་བསེ་དང་སྤོ་གཉིསཞེས་བོད་ཀྱི་ཡབ་འབངས་རུས་དྲུག་ནང་གི་བཙུན་པ་ཁྱུང་དང་མིའི་རིགས་དྲུག་ལས་བསེ་ཁྱུང་དབྲ་གཉིས་ཀྱི་ནང་དུ་བྱུང་བའི་རིགས་རུས་ཁྱུང་ནི་ཐོག་མའི་དུས་ནས་དད་མོས་སུ་གྱུར་ཏེ་གནས་སྐབས་ཀྱི་དཀའ་སྡུག་སེལ་ཆེད་གནམ་ལ་འཕུར་རྩལ་ཆེ་ཞིང་ས་ཡི་གནོན་བྱེད་མཐའ་དག་གཞོམ་པར་ནུས་པའི་བྱ་ཁྱུང་དེ་ཉིད་རང་གི་རིགས་རུས་ཁུངས་བཙན་པར་བརྗོད་ཕྱིར་རིམ་བཞིན་བླ་རྟགས་ཀྱི་མིང་དེ་རུས་ཚན་དུ་འཕོ་འགྱུར་བྱུང་བ་སོགས་གང་ཡིན་གསལ་ཆ་འབྱུང་ཐབས་མི་འདུག་ཀྱང་གནའ་སྔ་མོ་ནས་བོད་ཀྱི་རིགས་རུས་ཁྲོད་དུ་ཁྱུང་ཡིག་སྤྱད་དེ་རྩ་བའི་རུས་ཆེན་བཞི་དང་མིའི་རིགས་དྲུག དེ་ནས་ཡན་ལག་གི་རུས་ཕྲན་མང་པོ་འཕེལ་བས་ན་ཁྱུང་དང་བོད་མིའི་རུས་ཚན་དབར་འབྲེལ་བ་ངེས་ཅན་ལྡན་པར་འདོད།
༣. ཁྱུང་དང་འབྲེལ་བའི་བོན་གྱི་ཆོ་ག
        བོན་ནི་ཆོ་ག་རིམ་གྲོ་མང་ཞིང་ནང་དོན་ཕུན་སུམ་ཚོགས་པའི་ཆོས་ལུགས་ཤིག་ཡིན་པ་དངོས་ཡོད་འཚོ་བའི་ནང་ལྷ་རིགས་སྣ་ཚོགས་ལ་གསོལ་མཆོད་བྱེད་པ་ལས་ཤེས་ཐུབ། རང་བྱུང་ཁམས་ལ་དད་གུས་བྱེད་པའི་ཡུལ་སའི་རིག་གནས་ལས་བོན་ནི་ལྷ་སྒྲུང་གསར་བ་བཟོ་སའི་ཁ་གཏད་ལྟ་བུར་གྱུར་ཡོད་པ་དེ་ནི་ནུབ་ཕྱོགས་པའི་བོད་ཀྱི་སྣེ་མང་རིག་གཞུང་དང་དེ་བཞིན་བོན་ལ་འཛིན་པའི་ལྟ་བ་ཁྱད་མཚར་དེའི་དམིགས་ཡུལ་རེད། བོན་གྱི་ཆོ་གར་བོད་པ་རང་གིས་བཟོས་པའི་ལྷ་མཆོད་འདྲེ་བཀར་དང་གཡང་འགུགས་དགྲ་འདུལ། ནད་སེལ་བགེགས་ཟློག་སོགས་འཇིག་རྟེན་གྱི་ཕན་བདེ་སྒྲུབ་པའི་ཆོ་ག་ཞིག་དང་ཕྱི་མའི་དོན་དུ་སྒྲུབ་པ་ཉམས་ལེན་བྱེད་པའི་ཆོ་ག་གཉིས་སོ། ། དེ་ལས་སྒྲུབ་པ་ཉམས་ལེན་ནི་གཙོ་བོ་ཡི་དམ་གྱི་སྒྲུབ་པ་དང་བླ་མའི་སྒྲུབ་པ་རྣམས་ཀྱི་ཆོ་གའི་རིགས་ལ་གོ བྱ་ཁྱུང་གི་སྒྲུབ་ཐབས་ནི་ཡི་དམ་གྱི་སྒྲུབ་པའི་རིགས་སུ་གཏོགས། «ཞང་ཞུང་སྙན་བརྒྱུད་ཀྱི་བོན་མ་ནུབ་པའི་གཏན་ཚིགས»ལས། ཁྱུང་བྱ་བ་གསེར་སྲང་ཕྱེད་ལ་ཟླ་བ་གསུམ་བསྒྲུབས་ནས་བཏང་ན གསུངས་པ་འདིས་བྱ་ཁྱུང་སྒྲུབ་ཐབས་ནི་རྒྱུ་ཆ་གསེར་ལས་བྱས་པའི་མཐུ་སྒྲུབ་ཚུལ་གྱི་རིགས་ཤིག་ཡིན་པ་བསྟན་ཡོད་ཅིང་དེ་ནི་གསེར་བསྒྲུབས་པ་ལས་བྱུང་བའི་ཛྭ་ལ་གོ་བ་མ་ཟད་གཞན་གྱི་གནོད་པའམ་དམོད་མོ་འགོག་པ་སོགས་ལ་ཡང་འཇུག་པ་མཚོན། ཛྭ་ནི་གྲུབ་ཆེན་གྱེར་སྤུངས་སྣང་བཞེར་ལོད་པོས་བསྟན་པ་བཞིན་སྤུ་བྱ་བ་སྲང་གང་། ཁྱུང་བྱ་བ་སྲང་ཕྱེད། རྔུབ་བྱ་བ་ཞོ་གང་བཅས་ཀྱི་གསང་བའི་ཐབས་ལམ་ཟབ་མོ་ཞིག་གམ་མཐུ་སྒྲུབ་ཚུལ་གྱི་དབྱེ་བ་རིགས་གསུམ་སྟེ་སྔགས་ཀྱིས་བསྒྲུབ་པའི་མཐུ་རྒྱག་བྱེད་ཀྱི་རྫས་སོ། ། དཔེར་ན་ཛྭ་ཐིས་དང་ཛྭ་དབལ། ཛྭ་རྩམ་དང་ཛྭ་ཟོར་སོགས་ལྟ་བུ་རེད། འདི་བསྒྲུབས་ཟིན་པའི་སྔགས་མཁན་ཕལ་ཆེར་གནོད་པ་ཞི་བའི་ནུས་པ་དང་ལྡན། བྱ་ཁྱུང་སྒྲུབ་ཐབས་འདི་ཐོག་མར་མཚོ་བོད་མཐོ་སྒང་ནས་བྱུང་བར་ངེས་ཤིང་མིའི་རིགས་ཀྱིས་བསམ་འདུན་དང་དགོས་མཁོ་གང་ཞིག་གི་ཆེད་དུ་རིག་གནས་ཀྱི་མཚོན་དོན་གང་འཚམ་ཞིག་སྦྱར་ནས་རང་རང་གི་དད་མོས་དང་ཆོས་ལུགས་ཆོ་ག་ཅི་རིགས་སུ་བེད་སྤྱད་མཐར་སྔགས་ལ་བརྟེན་པའི་མཐུ་རུ་གྲུབ་གཤིས་ཡི་དམ་ཉམས་ལེན་གྱི་བྱེ་བྲག་ཏུ་གྱུར་ཏོ། །
མཇུག་གི་གཏམ།
བསྟན་འབྱུང་དག་ལས་ཤེས་གསལ་ལྟར། ཁྱུང་ལ་རྩོམ་རིག་དང་ལོ་རྒྱུས་གཉིས་ཀྱི་ཕྱོགས་ནས་དཔྱད་པ་བཏང་ཆོག་སྟེ། གདུང་རྒྱུད་དང་ཡུལ་མིང་བྱུང་ཚུལ་ལ་གཏམ་རྒྱུད་འཐུས་ཚང་ཞིག་བཤད་དུ་ཡོད་པས་རྩོམ་རིག་སྒྱུ་རྩལ་གྱི་ཁྱད་ཆོས་ལྡན་པ་དང་། དེ་ལ་ལོ་ཚིགས་དང་བྱུང་རིམ་ལྡན་པ། དངོས་ཡོད་ཀྱི་ཆ་ལྡན་པས་ལོ་རྒྱུས་རང་བཞིན་གྱི་དོན་སྙིང་ལྡན། དེའི་སྟེང་ནས་གནའ་མིའི་དཀའ་སྡུག་སེལ་འདོད་ཀྱི་རེ་སྨོན་དང་སེམས་ཁམས། རང་བྱུང་ཁམས་ལ་དད་པའི་སྣང་ཚུལ། ཚོ་ཁག་གི་འབྲེལ་བ་སོགས་ལོ་རྒྱུས་ཀྱི་ཟུར་སྣེ་གང་མང་འཚོལ་བར་རྒྱུ་ཆ་གལ་ཆེན་ཞིག་ཏུ་མཐོང་། འདིས་སྤྱི་ཚོགས་ཀྱི་ཡོངས་ཁྱབ་རང་བཞིན་དང་དངོས་སྤྱོད་རང་བཞིན། ཚབ་མཚོན་རང་བཞིན། མཛེས་དཔྱོད་བཅས་ལ་དམིགས་ཏེ་འདབ་ཆགས་བྱ་ལ་དད་པ་དང་གདུང་རྒྱུད་རིགས་རུས་ཀྱི་མཆེད་ཁུངས་སྟོན་པ། ཡུལ་མཁར་ས་མིང་ཐོགས་ཚུལ་དང་ཆོས་ལུགས་ཆོ་ག་སོགས་ཡུལ་དུས་གང་དུ་ཡང་བོད་མིའི་བསམ་པའི་འདུ་ཤེས་ཁྲོད་གོ་གནས་གལ་ཆེན་ཟིན་ཡོད་པས་འབྲོང་གཡག་དང་གངས་སེང་ལྟར་བོད་རང་གི་བླ་རྟགས་ཤིག་ཏུ་འཁུམས་སོ། །
① མཚོ་སྔོན་མི་རིགས་སློབ་ཆེན་བོད་རིག་པའི་སློབ་གླིང༢༠༡༥ལོའི་ནང་བསྟན་རིག་པའི་རབ་འབྱམས་སློབ་མ་ཡིན།

② ③དྲན་པ་ནམ་མཁའ་སོགས། བོན་གྱི་ལོ་རྒྱུས་ཡིག་ཆ་ཕྱོགས་སྒྲིག བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། 2010:371. 377
④སྨན་རིའི་སློབ་ཟུར་བསྟན་འཛིན་རྣམ་དག སྔ་རབས་བོན་གྱི་བྱུང་བ་བརྗོད་པ་འབེལ་གཏམ་ལུང་གི་སྙིང་བོ། [M]དཔལ་འབྱོར་དཔར་སྐྲུན་ཁང། 1997:27
⑤ནམ་མཁའི་ནོར་བུ། ཞང་བོད་ལོ་རྒྱུས་ཏི་སེའི་འོད།[M]ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2015:37
⑥ སྤྲུལ་སྐུ་བློ་ལྡན་སྙིང་བོའི་སྙན་བརྒྱུད། མདོ་དྲི་མེད་གཟི་བརྗིད—གཉིས་པ། [M]བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། 2009:64
⑦ དྲན་པ་ནམ་མཁའ་སོགས། བོན་གྱི་ལོ་རྒྱུས་ཡིག་ཆ་ཕྱོགས་སྒྲིག [M]བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། 2010:2
⑧ རྩོམ་སྒྲིག་འགན་ཁུར་པ་བཀྲ་ཤིས། སྒོ་བཞི་མཛོད་ལྔའི་ཡང་བཅུད—སྙན་བརྒྱུད་སྟོད་ཆ། [M]སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 2013:254
⑨ གཉའ་གོང་དཀོན་མཆོག་ཚེ་བརྟན། བརྡ་རྙིང་ཡིག་ཆའི་ཚིག་དོན་ཀུན་ཁྲོལ། [M] ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 2010:3
⑩ གཉའ་གོང་དཀོན་མཆོག་ཚེ་བརྟན། བརྡ་རྙིང་ཡིག་ཆའི་ཚིག་དོན་ཀུན་ཁྲོལ། [M] ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 2010:33
  གཉའ་གོང་དཀོན་མཆོག་ཚེ་བརྟན། བརྡ་རྙིང་ཡིག་ཆའི་ཚིག་དོན་ཀུན་ཁྲོལ། [M]ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 2010.5:136
  འབའ་སྟོད་པདྨ་དབང་རྒྱལ། བཅུད་རྫ་གཡང་མོ་སྐྱིད། བོད་ཀྱི་དམངས་ཁྲོད་རྩོམ་རིག་སྤྱི་བཤད་བློ་གསར་འདྲེན་པའི་སྐྱ་རེངས། [M]མི་རིགས་དཔེ་སྐྲུན་ཁང་། 2005:115
  ཧི་བོན་ཟིན་བྲིས་ཀྱི་དྲ་ཚིགས། སྤེལ་དུས། 2012. 7: 21
 དཔལ་ཚུལ། གཡུང་དྲུང་བོན་གྱི་བསྟན་འབྱུང་ཕྱོགས་བསྡུས།[M]བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 2006 : 286
  བྲ་བོ་སྒོམ་ཉག་ཞུ་བས་གཏེར་གནས་བཏོན། རྩ་རྒྱུད་ཉི་ཟེར་སྒྲོན་མ། བོན་གྱི་བཀའ་རྟེན་གླེགས་བམ63པར་བཞུགས།
 ཤར་རྫ་བཀྲ་ཤིས་རྒྱལ་མཚན། ཀུན་མཁྱེན་ཤར་རྫ་བ་བཀྲ་ཤིས་རྒྱལ་མཚན་གྱི་གསུང་འབུམ་བཞུགས་སོ—ལྔ་བ།[M]སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 2011:155
 ཧི་བོན་ཟིན་བྲིས་ཀྱི་དྲ་ཚིགས། སྤེལ་དུས། 2012. 7: 21
 དུང་དཀར་བློ་བཟང་འཕྲིན་ལས། དུང་དཀར་ཚིག་མཛོད་ཆེན་མོ། [M]ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2012:1872
 དོན་གྲུབ་ལྷ་རྒྱལ་གྱིས་བསྒྱུར། ཕྱི་གླིང་བས་བོན་ལ་ཞིབ་འཇུག་བྱས་པའི་དཔྱད་རྩོམ་བདམས་བསྒྱུར།[M]ཀྲུང་གོ་བོད་རིག་པ་དཔེ་སྐྲུན་ཁང་། 2005 : 31

  རྩོམ་སྒྲིག་འགན་ཁུར་བ་བཀྲ་ཤིས། སྒོ་བཞི་མཛོད་ལྔའི་ཡང་བཅུད—སྙན་བརྒྱུད་སྟོད་ཆ།[M]སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 2013:255

(《བོད་ཀྱི་སློབ་གསོ》སྤྱིའི་དེབ་236ལས་བཤུས།)

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1