གཙོ་ངོས།>> རྩོམ་རིག>>སྙན་རྩོམ།

གཙང་སྐྱེས་རོལ་དབྱངས། རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། ༢༠༡༨ལོའི་ཟླ་བ་༠༥ཚེས་༡༥ཉིན།

༄༅།། ངས་ཁྱོད་རང་དྲན་དོན་ནི།


གཙང་སྐྱེས་རོལ་དབྱངས། (མགོ་ལོག

ངས་ཁྱོད་རང་དྲན་དོན་ནི།
གཞན་གྱིས་ཕྲན་ལ་ངན་སྨྲས་ཅུང་ཙམ་བྱས་ཀྱང་། 
ཁྱོད་ཀྱིས་དེ་ལ་སྡང་མིག་གིས་བལྟ་ཞིང་།  
གཞན་གྱིས་ཁོ་བོར་བསྟོད་པ་ཏོག་ཙམ་མཛད་ཀྱང་།
ཁྱོད་ཀྱིས་དེ་ལ་ཐལ་མོ་རྡེབ་པས་ཡིན།
ངས་ཁྱོད་རང་དྲན་དོན་ནི།
ངུས་ནས་མིག་ཆུ་གཅིག་ཏུ་འདྲེས་མྱོང་ཞིང་།
བགད་ནས་དགོད་སྒྲ་ལྷན་དུ་འཕུར་མྱོང་བས་ཡིན།
ངས་ཁྱོད་རང་དྲན་དོན་ནི།
རེ་བ་ཞེས་པའི་ཡིག་འབྲུ་གཉིས་མིག་མདངས་ལས་སྟོན་ཞིང་།  
གདེང་འཇོག་ཟེར་བའི་ཁྲིའུ་ཞིག་སེམས་ཁོང་དུ་བརྩེགས་ནས།
ང་རང་དེ་རུ་བཞག་པས་ཡིན།
ངས་ཁྱོད་རང་དྲན་དོན་ནི།
ཁོ་བོ་བརྡ་རྟགས་ཡོད་སར་སླེབས་མ་ཐག
ཁྱོད་ཀྱི་ཁ་པར་ཐོན་ངེས་པས་ཡིན།
ངས་ཁྱོད་རང་དྲན་དོན་ནི།  
ནམ་རྒྱུན་ང་ལ་སྒོ་ཁ་ཕྱེས་མ་ཐག
ཁྱོད་རྒྱུགས་ནས་སྐེ་ལ་འཐམས་ཤིང་།
ཆད་པ་ཡིན་ཟེར་བའི་འོ་མང་བོ་གནང་བས་ཡིན།
ངས་ཁྱོད་རང་དྲན་དོན་ནི།
ཕོར་ཇ་ཁ་རླངས་ཐུལ་ལེ་བ་ང་ལ་དྲངས་ཏེ།
ཤིང་ཏོག་ཤུན་པགས་བཤུས་པ་ཟས་སུ་བསྟབས་ཏེ།
བཙན་གྱིས་ང་ལ་དཔེ་ཆར་བལྟ་རུ་བཅུག་པས་ཡིན།
ངས་ཁྱོད་རང་དྲན་དོན་ནི།
དོར་མ་དང་ནང་ལྭ་ཅུང་ཙམ་སྣོག་རྗེས་གསར་བར་བརྗེ་རུ་འཇུག་ཅིང་།
ལག་ཆུ་བླུགས་ཤིང་ཁོ་བོའི་སྐྲ་ལོ་བཀྲུ་བས་ཡིན།
ངས་ཁྱོད་རང་དྲན་དོན་ནི།
ཕྲན་གྱིས་བྱ་བཞག་ཅུང་ཙམ་འགྲུབ་ཀྱང་འཛུམ་མདངས་དེས་རྦ་རླབས་འཕྱུར་དུ་འཇུག་ཅིང་།  
ཕྲན་གྱིས་ཕམ་ཁ་བསྟུད་མར་ཉོས་ཀྱང་སེམས་གསོ་དེས་ཡིད་ལ་དྲོད་སྣང་སྟེར་བས་ཡིན།
ངས་ཁྱོད་རང་དྲན་དོན་ནི།
ཆུང་མའི་ཁ་ནས་འཛེར་མ་ལྟ་བུའི་སྐད་ཆ་ཞིག་སྙིང་ལ་བརྡབས་ཤིང་།  
བདུད་བྷེའི་རྡུང་ལེན་ཞིག་གིས་སླར་ཡང་སྐྱོ་བར་བྱས་པས་ཡིན།   

༢༠༡༦.༡༡.༢༦ གི་ངལ་གསོའི་མཚན་མོར།

(ཟླ་ཟེར་སྤྱིའི་དེབ་135པ་ལས་བཤུས།

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1