གཙོ་ངོས།>> རྩོམ་རིག>>ལྷུག་རྩོམ།

མཚེ་ཀེ་བསོད་དོན། རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། ༢༠༡༨ལོའི་ཟླ་བ་༠༥ཚེས་༡༥ཉིན།

༄༅།། རྒན་གྱའི་བྲག་དཀར་ལ་གནས་སྐོར་དུ་ཕྱིན་པའི་ཟིན་ཐོ།


མཚེ་ཀེ་བསོད་དོན། (བསང་ཆུ་རྫོང)

        འཛམ་གླིང་གནས་ཆེན་ཉེར་བཞིའི་ཡ་གྱལ་དཔལ་འཁོར་ལོ་བདེ་མཆོག་གི་ཕོ་བྲང་རྒན་གྱའི་བྲག་དཀར་གནས་ཆེན་འདི་ནི། སློབ་དཔོན་པདྨ་འབྱུང་གནས་ཀྱིས་ཐོག་མར་གནས་སྒོ་ཕྱེ་ཞིང་། དེ་ནས་ས་སྐྱའི་འགྲོ་མགོན་འཕགས་པ། ཏཱ་དབོན་གཞོན་ནུ་སེང་གེ སྟོང་འཁོར་མདོ་རྒྱུད་རྒྱ་མཚོ། ཀིརྟི་བསྟན་པ་རབ་རྒྱས། སྒོམ་ཆེན་དགེ་འདུན་ཤེས་རབ། བསོད་ནམས་ཡེ་ཤེས་དབང་བོ། ཤར་སྐལ་ལྡན་རྒྱ་མཚོ། གུང་རུ་མཁའ་འགྲོ་མ་རིམ་བྱོན་སོགས་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་ཆེན་མང་བོ་ཟམ་མ་ཆད་པར་ཕེབས་ནས་གནས་མཇལ་དང་སྒོམ་སྒྲུབ་མཛད་པས་ཉམས་རྟོགས་འཕེལ་བ་དང་ངོ་མཚར་བའི་གཟིགས་སྣང་སྣ་ཚོགས་བྱུང་བ་སོགས་གནས་ཀྱི་ཆེ་བ་མང་དུ་སྣང་། གནས་འདིར་སྒོམ་སྒྲུབ་བྱས་ན་གནས་ཀྱི་བྱིན་རླབས་ཀྱིས་ས་ཆོད་ཆེ་བར་སྣང་བས་ནུས་པ་རྣམས་ཀྱིས་སྒོམ་སྒྲུབ་དང་མི་ནུས་པ་དག་གིས་ནི་ཕྱག་སྐོར་དང་གནས་ཞག་འཕེན་པ་སོགས་གནས་འབྲེལ་འཇོག་པ་ཤིན་ཏུ་མང་།
        འདིར་གཙོ་བོ་གནས་ཆེན་ཙ་རི་དང་བྱིན་རླབས་མཉམ་པ་དཔལ་འཁོར་ལོ་སྡོམ་པའི་གནས་མཆོག་རྒན་གྱའི་བྲག་དཀར་ཞེས་ཡོངས་སུ་གྲགས་པའི་གནས་འདི་ལ། རྩེ་སྐོར་བར་སྐོར་རིང་སྐོར་གསུམ་ཡོད་པ་ལས་བར་སྐོར་ལ་ཕྱིན་པའི་གནས་ཚུལ་ཡི་གེའི་གཟུགས་སུ་ཕབ་པ་ལ། སྐོར་ལམ་དུ་མ་ཎི་དབྱངས་སུ་གྱེར་བ་དང་ཁ་ཏོན་འདོན་པ། དགེ་བའི་སེམས་དང་བཅས་ངག་འཁྱལ་སྤངས་ཏེ་འགྲོ་བ་ཡིན། སྐོར་མགོ་གང་ནས་འཛིན་ན་དེ་ནས་ཡར་ལ་ཕྱག་གསུམ་འཚལ། སྤྲེལ་ལོར་བར་སྐོར་ཐེངས་གཅིག་ཕྱིན་ན་མ་ཎི་དུང་ཕྱུར་གསུམ་གྱི་ཕན་ཡོན་ཡོད་པར་བཞེད། བར་སྐོར་ལ་སྤྱི་ལེ༢༣ཡས་མས་ཡོད་ལ། མཚོ་ངོས་ལས་ཆེས་མཐོ་སར་སྨི༣༩༥༠དང་། ཆེས་དམའ་སར༣༡༥༦ཡས་མས་ཡིན།
        བསྐལ་བ་སྤྲེལ་གྱི་ལོར་དཔལ་འཁོར་ལོ་སྡོམ་པའི་གནས་བྱིན་ཆེན་སྟོད་ཙ་རི་དང་སྨད་རྒན་གྱའི་བྲག་དཀར། བྲག་དཀར་སྤྲེལ་རྫོང་བཅས་ལ་གནས་སྐོར་དང་གནས་མཇལ་ལ་འགྲོ་བའི་ལོ་ཡིན་སྟབས། ཡོངས་གྲགས་སུ་སྤྲེལ་ལོ་ལ་གནས་འདུས་ཀྱི་ལོ་ཞེས་སུ་འབོད། བོད་རབ་བྱུང་བཅུ་བདུན་པའི་མེ་ཕོ་སྤྲེལ་གྱི་ལོ་སྟེ། སྤྱི་ལོ༢༠༡༦པའི་ཟླ༦པའི་ཚེས༡༠ཉིན་གྱི་སྔ་དྲོ་ཆུ་ཚོད་ལྔ་བར་མལ་ལས་ལངས་ནས་ལམ་ལ་ཆས། ཞོགས་པའི་ཆུ་ཚོད་དྲུག་པར་བྲག་དཀར་གནས་སྒོའམ་ཆུ་དཀར་ཆུ་ཁར་འབྱོར་ཏེ་སྐོར་མགོ་བཟུང་། ཆུ་དཀར་ཆུ་ཁ་ནས་འོད་དཀར་གདོང་དང་ཚེ་རིང་ལ་བརྒྱུད་ནས་ཚེ་རིང་ལའི་ལ་མགོའམ་ཀི་འདེབས་སའི་ཁ་ལ་ཆུ་ཚོད་གཅིག་ཏག་ཏག་གིས་ཐོན་ཐུབ། ས་མིང་འོད་དཀར་གདོང་དང་ཚེ་རིང་ལ་གཉིས་ནི་ཀུན་མཁྱེན་ལྔ་བ་ཆེན་མོ་འཇམ་དབྱངས་ཡེ་ཤེས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོས་བཏགས་པར་བཞེད། ཀི་འདེབས་སའི་ཁ་ནས་ཀི་འདེབས་སའི་ཀླད་བརྒྱུད་དེ་ཁྲ་ལྡང་ཁོག་ལ་སོང་ན་རྒྱལ་ཆེན་ཡུལ་འཁོར་སྲུང་གི་རང་བྱོན་བྲག་རིར་མཇལ་ཐུབ། དེ་ནས་ཁྲ་ལྡང་ཁོག་གྱེན་ལ་སོང་ནས་ཤར་ལ་དཀྱོགས་ཏེ་ཞོ་ཁའི་ལ་བརྒྱུད་ན་གཟའ་མཆོག་རཱ་ཧུ་ལ་རང་བྱོན་བཞུགས། ཞོ་ཁའི་ལའི་སྤང་ཐང་དུ་གེ་སར་རྒྱལ་བོའི་ཆིབས་པ་རྟ་རྐྱང་རྒོད་ཀྱི་རྨིག་རྗེས་མང་བོ་དང་རྟའི་གློ་སྙིང་རང་བྱོན་ཡོད། སྤང་ཐང་དུ་གེ་སར་རྟ་རྗེས་གསལ་ལེར་མངོན་ལ་རྨིག་རྐོང་དུ་མཇལ་སྐོར་བས་འབྲས་དང་ནས་འབྲུ་གཏོར་བའམ་བལ་དཀར་བཞག་ཡོད། སྔོན་གྱི་དུས་སུ་ཞོ་ཁའི་ལ་རྩེ་བར་དུ་རྨིག་རྗེས་ཤ་ལེར་འཐེན་ཡོད་པར་བཤད་མོད་དེང་སྐབས་དེ་འདྲའི་གསལ་བོར་མཐོང་མི་ཐུབ། ཞོ་ཁའི་ལ་རྩེ་རུ་ཀླུང་རྟའི་དར་ལྕོག་བཙུགས་ཡོད་ལ་དར་གསེབ་ཏུ་གཟའ་མཆོག་རྒྱལ་བོ་རཱ་ཧུ་ལ་གནས་པར་གྲགས། ཚེ་རིང་ལའི་ལ་མགོ་ནས་ཞོ་ཁའི་ཁ་དབར་ལ་སྐྱེས་བུ་དར་མ་ཞིག་གི་གོམ་འགྲོས་ཀྱིས་ཆུ་ཚོད་གཅིག་ཏག་ཏག་གིས་ཐོན་ཐུབ་ལ། རིའི་ཕ་རོལ་གྱི་བྲག་རྩ་ཞིག་ནས་བྲོ་ཟོས་པ་ཡིན། འདིར་བརྗོད་པའི་ས་མིང་ཚེ་རིང་ལའི་ལ་མགོ་དང་ཀི་འདེབས་སའི་ཁ་གཉིས་ནི་གནས་གཅིག་ལ་ངོས་འཛིན་པ་སྟེ། ཡུལ་མིའི་འབོད་སྟངས་མ་འདྲ་བ་ལས་དོན་གཅིག་མིང་གི་རྣམ་གྲངས་ཡིན་ལ། དོན་དུ་ཚེ་རིང་ལ་བརྒྱུད་སྐབས་ངག་སྡོམ་པ་སྟེ་ངག་ཐུན་བཟུང་ནས་འགྲོ་དགོས་པ་དང་ལ་མགོར་བསླེབས་ཚེ་ངག་གྲོལ་ཏེ་ལྷ་བསང་བཏང་ནས་རླུང་རྟ་སྤུར་ཞིང་རྒྱལ་མཚན་རྩེ་མོ་འདོགས་ལ། ཕྱོགས་བཞིར་ཀི་རིང་འདེབས་པའམ་ལྷ་རྒྱལ་འཐེན་པའི་སྲོལ་ཡོད། དེ་ལ་རྐྱེན་བྱས་ཏེ་ཚེ་རིང་ལའི་ལ་མགོར་རྒན་གྱའི་དམངས་ཁྲོད་དུ་ཀི་འདེབས་སའི་ཁ་ཞེས་པའི་རྗེས་གྲུབ་ཀྱི་མིང་འདི་བྱུང་བ་བསྙོན་དུ་མེད།
        ཞོ་ཁའི་ཁ་ནས་འཇང་ལའི་ཁོག་གི་ཨོ་རྒྱན་དབུ་མནབ་བར་དུ་སྐར་མ་ལྔ་བཅུའི་དུས་ཡུན་གྱིས་བསླེབས་སོང་། ཞོ་ཁའི་ལ་རྩེ་ནས་ཕྱོགས་བཞིར་རྒྱང་བལྟ་བྱས་ཚེ་ཨ་མྱེས་དར་རྒྱལ་དང་དཔལ་མཁར་རི་བོ་སོགས་གནས་རི་གྲགས་ཅན་མང་པོར་རྒྱང་མཇལ་ཐུབ་ལ། རྒན་གྱའི་གཞོང་ལ་ཕྱིར་མིག་ཅིག་བལྟས་ཙ་ན། རྒན་གྱའི་གཞོང་ནི་ལག་མཐིལ་ལ་བླངས་པ་ལྟར་འདུག ཐག་རིང་གི་གནས་སུ་རི་བོ་སྦལ་རྒྱལ་མགོ་ལེབ་ནི་བརྗིད་ཆགས་ངང་ཡོད་པར་མ་ཟད་དེ་དང་མི་རིང་བའི་གནས་སུ་བསང་གི་ཁྱུང་རྩེ་ཞེས་པའི་རི་བོ་རྩེ་མོ་མཐོ་ལ་ཕྲ་བ་ཞིག་ཡོད། དེ་ནི་ཐག་རིང་ནས་བལྟས་ན་བྱ་རྒྱལ་ཁྱུང་གི་གཤོག་ཟུང་བརྐྱངས་པ་དང་གཉིས་སུ་མེད། བསང་ཁོག་དང་མདོ་བ་ཕྱོགས་ཀྱི་ངག་རྒྱུན་དུ་ཁྱུང་རྩེ་དང་སྦལ་རྒྱལ་མགོ་ལེབ་གཉིས་ཀྱིས་སྲིབ་ལུང་ཨ་མ་ཁྲ་ཟེའུ་མ་ཟེར་བའི་མོ་རི་ཞིག་བརྩད་དེ་སྦལ་རྒྱལ་མགོ་ལེབ་ཀྱིས་གྲི་གཡུགས་ནས་ཁྱུང་རྩེའི་ཁ་ཤོ་བའི་གཏམ་རྒྱུད་ཅིག་ཡོད་ལ། དེ་ནས་བཟུང་རི་བོ་དེ་ལ་ཁྱུང་རྩེ་ཁ་ཤོ་ཞེས་སུ་འབོད་པར་གྲགས། ཞོ་ཁའི་ལ་རྩེ་ནས་ཐུར་དུ་བབས་ནས་ཕ་མའི་དྲིན་ལན་འཇལ་སའི་གཡང་གཟར་གྱི་ཐུར་ལམ་ཅིག་བརྒྱུད་པ་ཡིན། དཀན་གཟར་འདིར་ངག་ཀྱལ་སྤངས་ཏེ་དྲིན་ཆེན་ཕ་མའི་བཀའ་དྲིན་སྙིང་ལ་བཅངས་ནས་དྲིན་གཟོའི་བསམ་པ་དང་བཅས་མ་ཎི་དབྱངས་སུ་གྱེར་ནས་འགྲོ་དགོས། སྔོན་གྱི་དུས་སུ་འདི་ནས་རྐྱང་ཕྱག་འཚལ་ཏེ་ཕེབས་པ་ཡང་ཡོད་པར་གྲགས། རི་སྐེད་དུ་ཁྲོ་བོ་སྨེ་བརྩེགས་དང་དེའི་གྲིབ་སེལ་ཆུ་ཡོད། གྲིབ་ཆུས་ངག་ཐུན་ཕུད་ནས་ཐུར་ལ་བབས་ན་བདེ་མཆོག་དང་གསང་འདུས་རང་བྱོན་གྱི་ཕ་བོང་གཉིས་ཡོད། དེ་ནས་མཁའ་འགྲོའི་བྲོ་ར། མཁའ་འགྲོའི་བརྡ་ཡིག་རང་བྱོན། སེངྒེའི་སྒྲ། མཁའ་སྤྱོད་མའི་གནས་སྒོ་མ་ཕྱེ་བ་ཞིག རྣམ་སྲས། ཆོས་རྒྱལ། ལྷ་མོའི་ཚེས་གཏོར། མགོན་པོ། དུས་འཁོར་རྩ་སྔགས་སོགས་རང་བྱོན་སྣ་ཚོགས་གསལ། དེ་ནས་རི་རྐེད་ཀྱི་ཁེར་ལམ་བརྒྱུད་ནས་སོང་ན་ལམ་ཞོལ་གྱི་ཤུག་གསེབ་ཏུ་གེ་སར་རྟ་ཕུར་དང་ལམ་ཟུར་གྱི་བྲག་ངོས་སུ་ཉི་ཟླ་རང་བྱོན་ཡོད། ལུང་མདོའི་སྲིབ་ངོས་སུ་འཇང་ལའི་གཏེར་ས་ཅེས་པ་ཞིག་ཡོད། ངག་རྒྱུན་དུ་གཏེར་ས་འདི་ནི་རྒན་གྱའི་པཎྚིཏས་ངོས་འཛིན་གནང་བར་སྨྲ་བའང་ཡོད། གཏེར་ས་འདིའི་བྱང་གི་ཁ་གཏད་དུ་རྫ་མོ་ཁྲ་ལེབ་ཅེས་པའི་རྫ་རི་མཐོ་ལ་བརྗིད་པ་ཞིག་ཡོད། རྫ་རི་དེའི་ངོས་སུ་རྡོ་ཕ་བོང་མང་བོ་ཁྲ་ལམ་མེར་འདུག་ལ་ཐག་རིང་ནས་བལྟས་ན་སྟོང་ལུག་མང་བོ་རྩྭ་ལ་བཀྲམ་པ་དང་གཉིས་སུ་མ་མཆིས། ས་གཏེར་འབུལ་སྐབས་སུ་གཏེར་ཁུག་གི་མདུན་རྫ་མོ་ཁྲ་ལེབ་ལ་གཏོད་དགོས་ལ་རྟེན་འབྲེལ་འདི་ཡི་མཐུས་རྒན་གྱར་ལུག་མང་པར་བཤད། འཇང་ལའི་ཁོག་གི་ཆུའི་ཕ་རོལ་ཏུ་ཨོ་རྒྱན་རིན་པོ་ཆེའི་དབུ་ཞྭ་རང་བྱོན་ཡོད། དེའི་འོག་ཏུ་འཛུལ་ཚེ་སྡིག་སྒྲིབ་འདག་ཅིང་སྡིག་ཆེན་རྣམས་ཐར་དཀའ་བར་གྲགས། དེའི་ཡར་ཕྱོགས་སུ་མཁའ་འགྲོའི་བྲོ་ར་ཡོད། འཇང་ལ་གོང་མའི་ལུང་མདོར་གླང་ཆེན་ལྕི་བ་དང་། གཡས་ཀྱི་རི་ངོས་སུ་ཚེ་བུམ་ཁ་རྒྱན་དང་བཅས་པའི་རང་བྱོན་ཡོད། འཇང་ལ་གོང་མའི་ལ་མགོར་ཚེ་ཆུ་དང་ཡར་ཕྱོགས་སུ་བཀའ་བསྟན་རང་བྱོན་ཏེ་བྲག་ཆོས་རྩིག་ཅེས་པ་ཡོད།
        འཇང་ལའི་ཁོག་གི་ཨོ་རྒྱན་དབུ་མནབ་ནས་འཇང་ལ་གོང་མའི་ལ་རྩེ་བར་དུ་ཆུ་ཚོད་གཅིག་དང་སྐར་མ་ཉི་ཤུས་ཐོན་ཐུབ། འཇང་ལའི་ཁོག་གི་ཆུ་དཀར་ཆུ་ནི་ཕུ་རྩེ་ནས་རྫ་ལུང་སོ་སོའི་ཆུ་ཕྲན་མང་བོ་འདུས་པ་ལས་ལྷུང་ལྷུང་དུ་འབབ་ལ་དྭངས་ཤིང་གཙང་། ཆུའི་གཏིང་གི་རྡེའུ་དཀར་ནག་དང་གསེར་མིག་ཉ་མོའང་གསལ་ལེར་མཐོང་ཐུབ་ལ། འཇང་ལའི་ཁོག་དང་བྲག་དཀར་གནས་སྒོ་བཅས་བརྒྱུད་ནས་རྒན་གྱའི་གཞོང་ཆུར་འབབ། ཆུ་མོའི་ཤང་ཤང་གི་བཞུར་སྒྲས་ལུང་ཁོག་ཡོངས་ལ་འགེང་བར་བྱེད་ཅིང་བྲག་ཆར་མཆེད་ཡོང་། ངག་རྒྱུན་དུ་རྒན་གྱ་བ་ལ་གྲགས་སྐད་ཆེ་བ་དེ་དོན་ཡིན་ཟེར། འདིར་བརྗོད་པའི་ས་མིང་ཕུ་རྩེ་ལ་རྒན་གྱའི་ཁ་སྐད་དུ་ཧུར་རྩེ་ཞེས་སུ་འབོད་མོད་བརྡ་རྙིང་བ་སོར་བཞག་ཡིན་ལ། ཨ་མདོའི་སྐད་དུ་ཕ་དང་ཧ་གཉིས་རེས་མོས་སུ་སྤྱོད་པ་མང་སྟེ། ཕུན་ཚོགས་ལ་ཧུན་ཚོགས་དང་ཕན་ཚུན་ལ་ཧན་ཚུན། ཕ་རོལ་ལ་ཧ་རོལ་སོགས་རིགས་བསྒྲེ། དར་རྒྱལ་ཀླད་གོང་མ་དང་ཞོལ་མ་གཉིས་ཀྱི་མཚམས་སུ་འཇང་ལའི་ཁོག་ཅེས་ལུང་ཁོག་རིང་མོ་ཞིག་ཡོད་པ་དེའི་ཕུ་ལ་ཕུ་རྩེ་ཞེས་སུ་བརྗོད་པ་ལ་རྩེ་ཡི་ར་མགོའི་སྒྲ་སྐྱེད་ནས་ཧུར་རྩེའམ་ཕུར་རྩེ་ཞེས་སུ་བརྗོད་པ་རིགས་པས་དཔག་ཐུབ། ཆུ་དཀར་ཆུའི་མགོ་ཁུངས་ཡིན་པའི་ཆ་ནས་ཆུ་དཀར་ཕུ་རྩེ་ཞེས་སུ་འབོད་པའང་ཡོད། འཇང་ལ་གོང་མ་ནི་ལ་རིང་ཞིང་གཟར་བ་ཞིག་ཡིན། ཐེངས་སྔོན་མར་གནས་བསྐོར་ལ་འོང་སྐབས་རྫ་ལུང་འདིའི་ཆུ་བོ་ཐམས་ཅད་སྐམ་ནས་འཐུང་ཆུའང་དཀོན་པའི་ཚད་ན་ཡོད་མོད། ཟླ་ལྔ་བར་ཆར་ཆུའི་འབབ་ཞོད་ཆེ་སྟབས་རི་ལུང་ཀུན་ཏུ་ཆུ་ཕྲན་མང་པོ་ལྷུང་ལྷུང་འབབ། འཇང་ལ་གོང་མའི་ལ་རྩེ་ནས་ངལ་གསོས་ཏེ་སྐར་མ་བཅོ་ལྔ་ལྷག་ལ་བསྡད། ཉེ་འཁོར་གྱི་རི་ལུང་ཀུན་ན་མི་དང་སྲོག་ཆགས་ཀྱི་གྲིབ་མ་ཙམ་ཡང་མཐོང་རྒྱུ་མེད་སྟབས་མི་མེད་ལུང་སྟོང་ཤིག་ཏུ་བསླེབས་པ་དང་འདྲ་བར་སྟོང་ཞིང་འཇགས།
        འཇང་ལ་གོང་མའི་ཁ་ནས་གྱེས་ཀླད་བར་ལ་ཕལ་ཆེར་ཆུ་ཚོད་གཅིག་ཙམ་གྱིས་སོང་བ་ཡིན། འཇང་ལ་གོང་མའི་ལ་རྩེར་བུད་ན་འཇམ་མཉེན་གྱི་སྤང་གཞོང་ཡངས་ཤིང་མཐོ་ལ་སྐྱེ་འགྲོའི་ཡིད་ཀྱི་བརྟན་པ་ཅིག་ཅར་འཕྲོག ཡོངས་གྲགས་སུ་རྒན་གྱའི་དར་རྒྱལ་ཀླད་ལ་གོང་ཞོལ་གཉིས་ཡོད་པ་ལས་ཀླད་ཞོལ་མའི་རི་རྒྱུད་ཡིན། དར་རྒྱལ་ཀླད་གོང་ཞོལ་གཉིས་སུ་གནའ་བ་དང་རྒོ་བ། གཉན། ཤ་རྒྱ། ར་རྒྱ། རི་སྤྱང་སོགས་རི་སྐྱེས་སྲོག་ཆགས་སྣ་ཚོགས་དང་བྱ་རྒོད་སུག་པ་དང་ཡུ་མོ་མདེའུ་འབྱིན། སྤང་རྩི་དོ་བོ་སོགས་སྨན་སྣ་རིགས་སྣ་ཚོགས་ཀྱིས་ཁྱབ་པའི་གནས་མཆོག་ཁྱད་དུ་འཕགས་པ་ཞིག་ཡིན། འདིར་ཀླད་ཞོལ་མ་ནི་སྤང་སྒང་ཅིག་ཡིན་ན་ཡང་སྤང་རི་མཐོན་པོའི་ཀླད་ཡིན་སྟབས་འབའ་འབུར་ན་རྐོ་མང་བོ་ཡོད་རྐྱེན་དེ་འདྲའི་འགྲོ་བདེ་བོ་མི་འདུག ལམ་བར་ཅིག་ནས་ངལ་ཅུང་ཙམ་གསོས་ཏེ་བྱང་ཕྱོགས་སུ་ཕྱི་མིག་ཅིག་བལྟས་ཙ་ན། ཐག་རིང་གི་མིག་གི་མཐོང་ཚད་ན་འབྲོག་སྡེ་ཞིག་ཁྲ་ཆིལ་ལེར་ནམ་མཁའི་སྐར་ཚོགས་ཐང་ལ་བབས་པ་དང་འདྲ་བར་འདུག ཞིབ་ཏུ་བལྟས་པ་ན། མཚོ་སྒང་མཚོ་དང་ལུ་གུ་རེའུ་ལྡོམ་ཕྱོགས་ཡིན་འདུག ཕྱོགས་དེ་རུ་མཚོ་སྒང་གཡུ་མཚོ་དང་མཚོ་ལོག་རིལ། དར་རྒྱལ་བླ་མཚོ་སོགས་སྔོ་ཞིང་དྭངས་པའི་མཚོ་མོ་དུ་མ་མཆིས། སྔོན་ཆད་གཞུང་གིས་མངགས་པ་ལྟར་ས་ཕྱོགས་དེར་རྟ་ཞོན་ནས་ཐེངས་དུ་མར་སོང་བ་དྲན་ལ། རུ་སྡེ་དེ་ཡང་རྒན་གྱའི་རྩེ་དབུས་སྡེ་བའི་དབྱར་མཚེར་ཡིན། རྒྱང་ཐག་གིས་ཆོད་ཙམ་ན་ལུ་གུ་རེའུ་ལྡོམ་ཞེས་པའི་བྲག་དེའུ་ཆུང་ཆུང་གཉིས་ས་དཀྱིལ་ཅིག་ན་ཀྲོང་ངེར་འགྲེང་འདུག་པ་མཐོང་ཐུབ། ཤར་གྱི་ཕྱོགས་སུ་གཉན་ཆེན་པོ་སྔོ་ལ་གཡུ་རྩེའི་རི་རྒྱུད་དང་བཅས་པའི་རི་བོ་མཐོ་ལ་བརྗིད་པ་མང་པོ་ཡོད། མི་རིང་བའི་གནས་སུ་ཨ་མྱེས་ཐོད་ཤོར་འབོད་པའི་རི་བོ་ཞིག་ཡོད་པ་དེ་ལ་དམིགས་བསལ་དང་དོད་ཙམ་བྱ་དགོས་བྱུང་སྟེ། རྒན་གྱའི་དམངས་ཁྲོད་ངག་རྒྱུན་དུ་ཨ་མྱེས་ཐོད་ཤོ་དང་སྦལ་རྒྱལ་མགོ་ལེབ་གཉིས་ཀྱིས་རི་དྲུག་མ་བུ་དྲུག་ཅེས་པའི་མོ་རི་ཞིག་བརྩད་ནས་མ་འཆམ་སྟབས། སྦལ་རྒྱལ་མགོ་ལེབ་ཀྱིས་ཨ་མྱེས་ཐོད་ཤོའི་དཔྲལ་བར་གྲིས་བསྣུན་པའི་རྨ་ཤུལ་དུ་ངེས་འཛིན་པའི་ཤུར་མོ་རྨ་སྒྲོ་ལྟ་བུ་ཞིག་ཡོད། ཕྱིས་སུ་དེ་ལ་བཤགས་རྟེན་དུ་སྦལ་རྒྱལ་མགོ་ལེབ་ཀྱི་སྒོ་ཕྱུགས་སྦྲུལ་དང་སྦལ་བ་ཐམས་ཅད་ཕུལ་བའི་དགོད་བྲོའི་གཏམ་རྒྱུད་ཁྱད་མཚར་ཅན་ཡོད། གྱེས་ཁ་ནས་གྱེས་མདོ་བར་ཆུ་ཚོད་སྐར་མ་བཞི་བཅུ་ལྷག་གིས་ཐོན་ཐུབ། གྱེས་ཁོག་ནི་ལུང་ཁོག་གཟར་ལ་དོག་པ་དང་ལམ་ཡོངས་རྡོ་དང་བྱེ་ཟེགས་ཀྱིས་བཀང་ཡོད་སྟབས་འགྲོ་མི་བདེ་ལ་འགྱེལ་སླ་བོ་ཡོད། ཉིན་གྱི་བྲག་རིར་འབྲུ་ཤུག་མོད་པོ་སྐྱེས་ཡོད་ལ་རྩ་བ་བྲག་སྲིབས་ལ་ཟུག་འདུག གྱེས་ཁོག་ཏུ་མར་བབས་ཚེ་གཡོན་གྱི་བྲག་ངོས་སུ་བཀྲ་ཤིས་རྟགས་བརྒྱད་དང་ལམ་གྱི་གཡས་ཟུར་དུ་རྟ་རྔ་དབྱུག་དང་བཅས་པའི་རང་བྱོན་ཡོད། ལུང་བའི་སྲིབ་ཀྱི་གཟར་ལ་མཐོ་བའི་རི་བོའི་འདབས་དང་རྐེད་ལ་ཤུག་པ་དང་གསོམ་པ། སྐྱེར་ཚེར་སོགས་ལྗོན་ཤིང་སྣ་ཚོགས་ཀྱིས་ཁེབས་ཡོད། རྩེ་མོ་བྲག་རི་ཡིན་ལ་ཡང་སྟེང་དུ་ཀླུང་རྟ་བཙུགས་ཡོད། སྒྲུབ་ཕུག་ཅིག་ཀྱང་ཡོད་པར་བཞེད། རི་བོ་འདི་ལ་ཡོངས་གྲགས་སུ་འབྲོང་རི་རྩེ་ཞེས་སུ་འབོད། འབྲོང་རི་རྩེར་གྲུབ་པ་དུང་རྣ་བ་དང་དགའ་ལྡན་ཨ་ལགས་གཉིས་ཀྱི་ཞབས་རྗེས་ཡོད་ལ་དམ་པ་མང་དུ་བཞུགས་མྱོང་། སྐྱེར་ཚེར་མང་བར་གཞིགས་ནས་ལུང་ཁོག་འདི་ལ་སྐྱེར་ལུང་དུ་འབོད་པའང་ཡོད་མོད། རྒན་གྱའི་ཁ་སྐད་དུ་གྱེས་ཁོག་གམ་གྱེས་ནང་ཞེས་སུ་འབོད། མདོ་ནས་བྲག་དཀར་དགོན་པའི་བར་དུ་ཆུ་ཚོད་གཅིག་དང་ཕྱེད་ཀའི་དུས་ཡུན་དགོས། གྱེས་མདོའི་གཡས་ཀྱི་བྲག་ངོས་སུ་སྒྲོལ་མ་དཀར་ལྗང་གཉིས་དང་འཕགས་མཆོག་ཐུགས་རྗེ་ཆེན་པོ། ཁ་ཊཱཾ་ག་བཅས་ཡོད། ལུང་ཁུག་གི་ལམ་འགྲམ་གྱི་རྡོའི་སྟེང་དུ་མཁའ་འགྲོའི་ཞབས་རྗེས་དང་བདུད་ཀྱི་བླ་རྡོ་རང་བྱོན་ཡོད། འདིའི་ཐད་ཀྱི་བྲག་རི་མཐོ་ཞིང་མཛེས་པ་དེ་ལ་འབྲོང་རི་ཟེར་ཞིང་རིགས་གསུམ་མགོན་པོའི་བྲག་བརྒྱུད་ཀྱི་མཐའ་སྣེ་ཡིན། དེ་ནས་དྲི་མེད་ཀྱི་དར་དཀར་འཐེན་པ་ལྟ་བུའི་བྲག་རིའི་མུ་ཁྱུད་མཚར་དུ་དངར་བའི་གཤམ་ནས་བྲག་དང་སྤང་གི་འདྲེས་མཚམས་སུ་རྐེད་ལ་ཁེར་ལམ་བརྒྱུད་དེ་འགྲོ་དགོས་ལ། ལམ་འགྲམ་གྱི་བྲག་ངོས་ཤིག་ཏུ་སྟག་གཉིས་འཐབ་པའི་རྐང་རྗེས་དང་འཐབ་འཛིང་བཟློག་སླད་གླིང་རིན་པོ་ཆེས་བྲག་ལ་ཡང་ཡང་བརྡབས་པའི་ཕྱག་རྗེས་ཀྱང་ཡོད། ཡང་ཕར་སོང་ན་དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོའི་གནས་བྲག་ཁུང་དཀར་བོ་ཞེས་སུ་འབོད་པ་ཧ་ཅང་ཆེན་པོ་ཞིག་ཡོད། དེ་ནས་ཅུང་ཙམ་སོང་ན་བྲག་ངོས་སུ་སེང་ལྕམ་འབྲུག་མོའི་གོས་སྒམ་ཡོད། གནས་དེར་གནའ་མིའི་ངག་རྒྱུན་དུ་དུས་ནམ་ཡང་གཟིམས་པ་མེད་པའི་མར་མེ་ཚེ་འབར་རང་བྱོན་ཡོད་པ་བསྐལ་ལྡན་ལས་འཕྲོ་ཅན་གྱིས་མཐོང་ཐུབ་ཟེར། ལམ་ནང་དུ་མ་ཁྱེ་བླ་མས་བཀག་པའི་རྦབ་རྡོ་མ་ཁྱེའི་རྡོ་རྒན་ཞེས་པ་ཞིག་ཀྱང་ཡོད། མ་ཁྱེའི་རྡོ་རྒན་ཅེས་པའི་ཕ་བོང་འདི་ནི་རྩེ་དབུས་ཨ་གསས་ཀྱིས་ཐུར་དུ་སྒྲིལ་བ་ཨ་ལགས་མ་ཁྱེ་ཚང་གིས་དེར་བཀག་ཚུལ་བཤད་ཅེས་མདོ་སྨད་རྒན་གྱའི་ལོ་རྒྱུས་སྔོན་བྱུང་གསལ་བའི་མེ་ལོང་ན་ཟུར་བཀོད་བྱས་ཡོད། གོས་སྒམ་དང་ཉེ་བའི་ནགས་གསེབ་ཅིག་ན་རྨ་རིགས་སྐྲང་རིགས་སོགས་ཀྱི་ནད་གཞི་འཇོམས་པ་ལ་ཧ་ཅང་ཕན་པའི་ཆུ་མིག་ཅིག་ཡོད། དེ་ནས་ཡང་ཕར་སོང་ན་བྲག་རྣ་བ་དང་འདྲ་བ་ལས་ཤག་ཤག་ཏུ་འབབ་པའི་ཡན་ལག་བརྒྱད་ལྡན་གྱི་རྣ་ཅོག་རྦབ་ཆུ་ཡོད་ལ་དེས་ཁྲུས་བྱེད། རྣ་ཅོག་བྲག་གི་གཡས་ངོས་སུ་གནས་འདིའི་ཡུལ་ལྷ་དཀར་བོ་བྲག་དཀར་གནས་རི་ལྗོངས་འདིའི་སྣོད་བཅུད་ཀྱི་དཔལ་དུ་བརྗིད། དེའི་གཤམ་དུ་ཀླུང་རྟའི་དར་ལྕོག་དང་མདའ་དར་གྱི་ལབ་ཙེ་ཡོད། དེ་ནས་ས་གཞིའི་ཉག་ཁར་བསླེབས་ཏེ་ཡར་བལྟས་ན་དཔལ་གསང་བ་འདུས་པའི་གནས་ཁང་མཆོད་རྟེན་ཁང་ཡོད་སའི་ལུང་བར་མཇལ་ཐུབ། བྲག་གཤམ་གྱི་རྐེད་ལམ་བརྒྱུད་ནས་ཡོང་སའི་བྲག་ངོས་རྣམས་སུ་མཆོད་རྟེན་བརྒྱ་དང་བརྒྱད། ངོས་བཟུང་མ་བཟུང་གི་ངོ་མཚར་རང་བྱོན་ཧ་ཅང་མང་བོ་ཡོད། དེ་ནས་རྒན་གྱའི་བྲག་དཀར་དགོན་གསང་སྔགས་སྨིན་རྒྱས་གླིང་ལ་ཐོན་ན་ཨ་མདོ་ལྷ་ཁང་ཀ་མེད་གཙོས་ལྷ་ཁང་རྟེན་དང་བརྟེན་པར་མཆོད་མཇལ་བྱ་ཐུབ། དགོན་པའི་གཡས་ཟུར་གྱི་གོང་རོལ་དུ་གུང་རུ་ཡེ་ཤེས་ཀྱི་མཁའ་འགྲོ་མའི་བཞུགས་གནས་སྒྲུབ་ཕུག་དང་ནང་ཆེན་བཅས་ཡོད།
        བྲག་དཀར་དགོན་པའི་སྒོ་ཆེན་ནས་གནས་སྒོའི་བར་དུ་སྤྱི་ལེ་གཅིག་ཙམ་གྱི་ལམ་ཐག་ཡོད་ལ། ང་རང་སྐར་མ་བཅུ་དྲུག་གི་ཡུན་ལ་བསླེབས་ཐུབ་སོང་། ལམ་ཐག་དུས་ཡུན་ཐུང་ཐུང་འདིའི་རིང་ལ་གློ་བུར་དུ་དྲག་ཆར་བབས་བྱུང་། ངས་ཆར་གདུགས་ཆུང་ཆུང་ཞིག་བཟུང་ཡོད་སྟབས་ལུས་ཀྱི་ཁོག་སྟོད་ལ་ཆར་ཆུས་བརློན་པར་མ་བྱས་མོད། ཁོག་སྨད་ཆུ་ཡིས་བྲན་པར་མ་ཟད་ལྷམ་ནང་ལ་ཆུ་བླུགས་ནས་ཕྱི་ནང་མེད་པར་བྱས་སོང་། གནས་སྒོའམ་སྨན་ཆུའི་ཁ་ནས་ཞལ་ལག་འཁྲུད་ཅིང་ཕོ་བའི་སྨན་ལ་མཆོག་ཏུ་བསྔགས་པའི་སྨན་ཆུ་ཡོད། ལུང་བའི་གཡས་ཀྱི་བྲག་རི་མཐོ་ཞིང་བརྗིད་པ་དེ་ནི་གནས་ཀྱི་གཙོ་བོ་དཔལ་འཁོར་ལོ་སྡོམ་པ་ཡབ་ཡུམ་གྱི་རང་བྱོན་ཡིན། བྲག་རྩར་ཤར་སྐལ་ལྡན་རྒྱ་མཚོའི་སྒྲུབ་ཕུག་དང་བྲག་རྐེད་དུ་གནས་ཁང་ཁ་ཤར་དུ་བསྟན་ནས་ཡོད། གཡོན་གྱི་བྲག་རི་མཐོ་ལ་རྩེ་གསུམ་ཅན་དེ་ནི་རིགས་གསུམ་མགོན་པོ་རང་བྱོན་དང་བྲག་རྩར་གུང་རུ་མཁའ་འགྲོ་མའི་སྒྲུབ་ཕུག་དང་དཔའ་རིས་སྒྲུབ་ཕུག་ཟེར་བ་གཉིས་ཡོད། ང་རང་ཞོགས་པ་སྔ་མོ་གོམ་བགོད་ཀྱིས་ལམ་ལ་ཆས་སའི་ཆུ་དཀར་ཆུ་ཁ་ནས་གནས་བསྐོར་ཡོངས་སུ་གྲུབ་རྗེས་སྔར་གནས་སུ་ཐོན་པ་ལ་བསྡོམས་པས་ཆུ་ཚོད་བརྒྱད་ལྷག་གི་དུས་ཡུན་བརྒྱུད་པ་ཡིན། ངོ་མཚར་བའི་རང་བྱོན། སྔོ་ཞིང་བསངས་པའི་ནམ་མཁའ། འཇམ་ཞིང་མཉེན་པའི་སྤང་གཞོང་། དྭངས་གཙང་གི་ཆུ་བོ། དྲི་ལྡན་མེ་ཏོག་གི་ཞིང་ཁམས། རི་སྐྱེས་རི་དྭགས་ཀྱི་རྩེ་དགའ་སོགས་ནི་ཡིད་ཀྱི་གསོས་སུ་གྱུར་སྟབས་ཉིན་གཅིག་གི་ངལ་དུབ་དང་བཀྲེས་སྐོམ་དག་ནི་གཏིང་ནས་བརྗེད་དེ་ཡིད་ཚིམས་པ་དང་། བློ་བདེ་བ། བག་ཕེབས་པ། དོན་ཀུན་འགྲུབ་པ་ལྟ་བུའི་དགའ་བ་འབུམ་གྱིས་མྱོས་པའི་ཉམས་སྣང་ཁྱད་མཚར་དང་བཅས་རང་ཡུལ་ཕྱོགས་སུ་ལོག་པ་ཡིན།
༢༠༡༦ལོའི་ཟླ་༦པའི་ཚེས་༡༠ཉིན་གནས་སྐོར་གྱི་ལམ་བར་དུ་ཁ་པར་ལ་བཏབ་ཅིང་མཚན་མོ་དག་བསྒྲིགས་གྱིས།

        མཆན། ཟིན་ཐོ་འདིར་འཁོད་པའི་གནས་སྐོར་གྱི་ལམ་ཡིག་དང་རང་བྱོན་སོགས་ནི། རྒན་གྱའི་དཀོན་མཆོག་རྒྱ་མཚོས་མཛད་པའི་མདོ་སྨད་རྒན་གྱའི་ལོ་རྒྱུས་སྔོན་བྱུང་གསལ་བའི་མེ་ལོང་དང་། བྲག་དཀར་དགོན་པའི་དགེ་སློང་འཇམ་དབྱངས་སྦྱིན་པས་མཛད་པའི་རྒན་གྱའི་བྲག་དཀར་རྩེ་སྐོར་དང་བར་སྐོར་གྱི་གནས་བཤད་གཉིས་ལ་ཁུངས་གཏུགས་པ་ལས་རང་བློས་རྟོག་བཟོ་བགྱིས་པ་གཅིག་ཀྱང་མེད།

(ཟླ་ཟེར་སྤྱིའི་དེབ་135པ་ལས་བཤུས།)

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1