གཙོ་ངོས།>> གསར་འགྱུར།>>སི་ཁྲོན་བོད་ཁུལ།

མགོན་པོ་ཚེ་བརྟན། རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། ༢༠༡༨ལོའི་ཟླ་བ་༠༥ཚེས་༡༦ཉིན།

རྒྱལ་རོང་ཁ་སྐད་སློབ་དེབ་རྩོམ་སྒྲིག་གི་ཚོགས་འདུ་འབར་ཁམས་སུ་འཚོགས།

     ཟླ་5བའི་ཚེས་12ཉིན། འབར་ཁམས་གྲོང་ཁྱེར་གྱི་སྲིད་གྲོས་དང་རྔ་བ་ཁུལ་བོད་ཡིག་རྩོམ་སྒྱུར་ཅུས་གཉིས་ཀྱིས་རྩ་འཛུགས་བྱས་པའི་《རྒྱལ་རོང་ཁ་སྐད་སློབ་དེབ》ཀྱི་རྩོམ་སྒྲིག་ལས་ཀའི་གྲོས་ཚོགས་དེ་འབར་ཁམས་གྲོང་ཁྱེར་དུ་གཟབ་རྒྱས་ངང་འཚོགས་པ་རེད།
     ཐེངས་འདིའི་གྲོས་ཚོགས་སུ་འབར་ཁམས་གྲོང་ཁྱེར་གྱི་སྲིད་གྲོས་དང་རྔ་བ་ཁུལ་བོད་ཡིག་རྩོམ་སྒྱུར་ཅུས་ཀྱི་འགོ་ཁྲིད་དང་།《རྒྱལ་རོང་ཁ་སྐད་སློབ་དེབ》ཁག་དང་པོའི་རྩོམ་སྒྲིག་མི་སྣ། འབར་ཁམས་གྲོང་ཁྱེར་གྱི་སློབ་གྲྭ་ཆུང་འབྲིང་གི་དགེ་རྒན་བཅས་མི་བདུན་ཅུ་ལྷག་ཚོགས་འདུར་ཞུགས་ཡོད། ཚོགས་འདུར་འབར་ཁམས་གྲོང་ཁྱེར་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཚེ་རིང་མགོན་གྱིས་མགོ་འཛིན་མཛད་ཅིང་། འབར་ཁམས་གྲོང་ཁྱེར་སྲིད་གྲོས་ཀྱི་ཀྲུའུ་ཞི་ཚེ་དབང་ལགས་ཀྱིས་གསུང་བཤད་གནང་བ་དང་། རྔ་བ་ཁུལ་རྩོམ་སྒྱུར་ཅུས་ཀྱི་ཅུས་ཀྲང་གཞོན་པ་དང་《རྒྱལ་རོང་ཁ་སྐད་སློབ་དེབ》ཁག་དང་པོའི་ལག་བསྟར་སྤྱི་ཁྱབ་རྩོམ་སྒྲིག་པ་སྒྲོལ་དཀར་སྐྱིད་ལགས་ཀྱིས་ཁ་སྐད་སློབ་དེབ་འདི་རྩོམ་སྒྲིག་བྱས་པའི་སྐོར་གྱི་གནས་ཚུལ་སྙན་ཞུ་གནང་། དེ་མིན་ཚོགས་འདུར་མཁས་དབང་ཆེན་མོ་བཙན་ལྷ་ངག་དབང་ཚུལ་ཁྲིམས་སོགས་རྒྱལ་རོང་རིག་གནས་ཕྱོགས་ཀྱི་ཆེད་མཁས་པ་མང་པོས་གསུང་བཤད་གནང་བ་རེད།
     རྒྱུས་ལོན་པ་ལྟར་ན།《རྒྱལ་རོང་ཁ་སྐད་སློབ་དེབ》ཀྱི་ནང་དོན་ལ་བོད་ཡིག་གི་སྦྱོར་ཀློག་དང་མིང་ཚིག ཁ་བརྡ། དམངས་ཁྲོད་རྒྱུན་ཤེས་བཅས་རིགས་4རུ་དབྱེ་ཡོད། བོད་ཡིག་གི་སྦྱོར་ཀློག་ལ་སློབ་ཚན་31དང་སྦྱང་ཚན་8ཡོད། དེའི་ནང་དུ་རི་མོར་བལྟས་ནས་ཡི་གེ་ངོས་འཛིན་པའི་ནང་དོན་ཡང་འདུས་ཡོད། རྒྱལ་རོང་ཡུལ་སྐད་ཀྱི་རྩ་བའི་མིང་ཚིག་300ལྷག་ཡོད། མིང་ཚིག་སྐོར་ལ་སློབ་ཚན་8ཡོད་ཅིང་། དེའི་ནང་དུ་ཚབ་ཚིག་དང་ཚད་ཚིག གྲངས་ཚིག མིང་ཚིག བྱ་ཚིག རྒྱན་ཚིག་སོགས་འདུས་ཡོད་པ་རེད། དེ་མིན་ཁ་བརྡའི་སྐོར་ལ་སློབ་ཚན་6ཡོད་ཅིང་། གཙོ་བོ་རྒྱལ་རོང་ཁ་སྐད་ཀྱི་རྒྱུན་སྤྱོད་ཁ་བརྡ་དག་ཡིན། གཞན་དམངས་ཁྲོད་རྒྱུན་ཤེས་ཀྱི་སྐོར་ལ་རྒྱལ་རོང་གི་དམངས་ཁྲོད་གཏམ་རྒྱུད་དང་རོལ་རྩེད། བྱིས་གླུ། གཏམ་དཔེ། ལེགས་བཤད་སོགས་ནང་དོན་འདུས་ཡོད།
    རྔ་བ་ཁུལ་བོད་ཡིག་རྩོམ་སྒྱུར་ཅུས་ཀྱི་ཅུས་ཀྲང་གཞོན་པ་སྒྲོལ་དཀར་སྐྱིད་ཀྱིས་གསར་འགོད་པར་ངོ་སྤྲོད་བྱས་པ་ལྟར་ན། རྒྱལ་རོང་ཁ་སྐད་ནི་བོད་ཀྱི་ཡུལ་སྐད་ཀྱི་རིགས་ཤིག་ཡིན་ལ། མདོ་སྨད་ཤར་རྒྱལ་མོ་ཚ་བ་རོང་གི་ས་ཆར་རྒྱ་ཆེར་སྤྱོད་བཞིན་ཡོད་ཅིང་། བོད་རིག་པའི་ཆེད་མཁས་པའི་ཞིབ་འཇུག་ལྟ་ཚུལ་ལྟར་ན། རྒྱལ་རོང་ཡུལ་སྐད་དུ་བོད་ཀྱི་བརྡ་རྙིང་གི་སྒྲ་འབྱིན་སྟངས་དང་བརྡ་རྙིང་མང་བོ་ཡོད་ཅིང་། རིག་གནས་ཤུལ་བཞག་གི་རྩ་ནོར་འདི་སྔར་བས་ལྷག་པར་རྒྱུད་འཛིན་དང་བེད་སྤྱོད་ཐུབ་པ། རྒྱལ་རོང་ས་ཆའི་ལས་བྱེད་པ་དང་མང་ཚོགས་ཀྱི་རྒྱལ་རོང་ཁ་སྐད་བཤད་པའི་འཇོན་རྩལ་ཇེ་བཟང་དུ་གཏོང་བ། རྒྱལ་རོང་ཡུལ་གྱི་བྱིས་པ་ཚོས་ཆུང་དུས་ནས་ཕ་སྐད་སློབ་པ་དང་ཕ་སྐད་བཤད་པའི་ནུས་པ་ཇེ་མཐོར་གཏོང་བ། ནང་སྒོས་སུ་རྒྱལ་རོང་ཡུལ་སྐད་ས་ཁུལ་གྱི་ལས་བྱེད་པ་དང་མང་ཚོགས་ཀྱིས་རང་གི་ཡུལ་སྐད་ལ་བརྟེན་ནས་སྤྱི་སྤྱོད་བོད་ཡིག་དང་རྒྱ་ཡིག་ལ་སློབ་སྦྱོང་བྱེད་ཆེད། རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་འབར་ཁམས་གྲོང་ཁྱེར་གྱི་སྲིད་གྲོས་དང་རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་བོད་ཡིག་རྩོམ་སྒྱུར་ཅུས་ཀྱིས་2016ལོར་རྩོམ་སྒྲིག་ཨུ་ཡོན་ལྷན་ཚོགས་བཙུགས་ཏེ།《རྒྱལ་རོང་ཁ་སྐད་སློབ་དེབ》ཁག་དང་པོའི་རྩོམ་སྒྲིག་ལས་ལ་ཞུགས་པ་ཡིན་ཟེར།།



39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1