གཙོ་ངོས།>> གསར་འགྱུར།>>བོད་ཁུལ་གཞན་དག

རྩོམ་སྒྲིག་པ།ཡོང་ཁུངས།ཀྲུང་གོ་བོད་ཀྱི་དྲ་བ། སྤེལ་དུས། ༢༠༡༨ལོའི་ཟླ་བ་༠༦ཚེས་༡༡ཉིན།

ཟི་ལིང་ས་ཁུལ་གྱི་སྐབས32པའི་བོད་ཀྱི་རིག་གནས་སྒྱུ་རྩལ་དུས་ཆེན་ཟི་ལིང་ལྷོ་རི་གླིང་ག་རུ་ཚོགས་པ།

  དབྱར་ཟླ་དྲུག་པའི་ཟི་ལིང་ནི་ནམ་ཟླ་དྲོ་ཞིང་། སྤྲོ་སྐྱིད་ཀྱིས་ཁེངས་པའི་དུས་ཚིགས་ཤིག་རེད། 2018ལོའི་ཟླ6པའི་ཚེས9ཉིན།ཟི་ལིང་ས་ཁུལ་གྱི་སྐབས32པའི་བོད་ཀྱི་རིག་གནས་སྒྱུ་རྩལ་དུས་ཆེན་ཟི་ལིང་ལྷོ་རི་གླིང་ག་ནས་གཟབ་རྒྱས་ངང་འཚོགས།
  ཐེངས་འདིའི་ཟི་ལིང་ས་ཁུལ་བོད་ཀྱི་རིག་གནས་སྒྱུ་རྩལ་དུས་ཆེན་སྟེང་རྒྱལ་ཡོངས་སྲིད་གྲོས་མི་རིགས་ཆོས་ལུགས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་རིན་ཆེན་རྒྱལ་དང་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་རྡོ་རྗེ་རབ་བརྟན། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་རིན་ཆེན་རྣམ་རྒྱལ། ཞིང་ཆེན་དམག་ཁུལ་གྱི་སི་ལིན་གཞོན་པ་ངག་དབང་བསོད་ནམས། གཞན་ཡང་བློ་མཐུན་རྒན་པ་སྐལ་བཟང་རྡོ་རྗེ་དང་སྟག་འབུམ་ཐར་སོགས་ཟི་ལིང་ས་ཁུལ་བོད་ཀྱི་རིག་གནས་སྒྱུ་རྩལ་དུས་ཆེན་སྐབས32པའི་མཛད་སྒོར་ཞུགས། ཞིང་ཆེན་སྤྱི་ཚོགས་ཚན་རིག་གླིང་གི་གླིང་གཙོ་ཁྲུན་ཝེ་ཡིས་ཚོགས་ཆེན་སྟེང་ཤིས་ཚིག་ཕུལ།
  ཟི་ལིང་ས་ཁུལ་བོད་ཀྱི་རིག་གནས་སྒྱུ་རྩལ་དུས་ཆེན་ནི1983ལོའི་ཟླ6པར་མཚོ་སྔོན་ཞིང་ཆེན་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་དང་ཞིང་ཆེན་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་གཉིས་ཀྱིས་ཟི་ལིང་ས་ཁུལ་གྱི་རྒྱ་ཆེའི་བོད་རིགས་སྤུན་ཟླ་རྣམས་ཀྱི་རིག་གནས་རོལ་རྩེད་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་དང་སྲོལ་རྒྱུན་རིག་གནས་རྒྱུད་འཛིན་དང་དར་སྤེལ་ལ་དམིགས་ཏེ་སྒྲུབ་པའི་བྱ་འགུལ་ཞིག་རེད། ལོ་རེའི་ཟླ་དྲུག་པའི་གུང་གསེང་དང་པོ་ལ་ཟི་ལིང་ས་ཁུལ་བོད་ཀྱི་རིག་གནས་སྒྱུ་རྩལ་དུས་ཆེན་སྤེལ་བར་གཏན་ཁེལ་བྱས་ཞིང་། 2004ལོར་ཞིང་ཆེན་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་དང་ཞིང་ཆེན་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་གིས2003ལོའི་ཡིག་ཆ(22)ལྟར། ཟི་ལིང་ས་ཁུལ་བོད་ཀྱི་རིག་གནས་སྒྱུ་རྩལ་དུས་ཆེན་མཚོ་སྔོན་བོད་རིགས་ཞིབ་འཇུག་ཚོགས་པས་གཙོ་སྒྲུབ་བྱེད་པར་མངགས་བཅོལ་བྱས་པ་མ་ཟད། 2006ལོར་བོད་ཀྱི་རིག་གནས་སྒྱུ་རྩལ་དུས་ཆེན་ཞེས་བསྒྱུར་བཅོས་བྱས།
  རེབ་འདིའི་བོད་རིག་གནས་སྒྱུ་རྩལ་དུས་ཆེན་སྟེང་ཟི་ལིང་ས་ཁུལ་གྱི་བོད་རིགས་ལས་ཁུངས་སོ་སོ་དང་། སློབ་ཆེན་ཁག་སོ་སོ། ཁེ་ལས་སྡེ་ཁག་སོ་སོ་བཅས་གཙོ་བྱས་ནས། མཚོ་ལྷོ་དང་རྨ་ལྷོ། ཡུས་ཧྲུའུ། མགོ་ལོག མཚོ་བྱང་སོགས་བོད་རིགས་རང་སྐྱོང་ཁུལ་དག་ནས་ཡོང་བའི་བོད་རིགས་སྤུན་ཟླ་ལྷན་དུ་འདུས་ཡོད།
  གསར་འགོད་པས་ཞིང་ཆེན་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་ཟུར་པ་གཅོད་པ་དོན་འགྲུབ་ལ་བཅར་འདྲི་བྱས་པ་བརྒྱུད་དེ།ཐེངས་འདིའི་སྐབས32པའི་ཟི་ལིང་ས་ཁུལ་བོད་ཀྱི་རིག་གནས་སྒྱུ་རྩལ་དུས་ཆེན་ཐེངས་སྔོན་མ་ལས་གཞི་རྒྱ་ཆེ་ཞིང་། རིག་རྩེད་ཀྱི་རྣམ་གྲངས་ཀྱང་སྔར་ལས་ཇེ་མང་དུ་སོང་ཡོད་པ་དང་། རིག་རྩལ་རྣམ་གྲངས་སོ་སོར་བོད་ཀྱི་མདའ་རྩེད་འགྲན་སྡུར་དང་རིག་རྩལ་འཁྲབ་སྟོན། གྱོན་གོས་འགྲེམ་སྟོན། བོད་ཀྱི་མིག་མངས་འགྲན་སྡུར་སོགས་བཀོད་སྒྲིག་བྱས་ཡོད་པ་རྒྱུས་ལོན་བྱུང་། ཁོང་གིས་ད་དུང་ཟི་ལིང་ས་ཁུལ་ལས་གཞན་གཞི་རིམ་ས་ཁུལ་དུ་བོད་ཀྱི་རིག་གནས་སྒྱུ་རྩལ་དུས་ཆེན་སྤེལ་བ་དང་ཡང་ན་རིག་གནས་ཀྱི་བྱ་འགུལ་གཞན་དག་སྤེལ་ནས་བོད་ཀྱི་རིག་གནས་ཉམས་པ་སླར་གསོ་དང་མ་ཉམས་གོང་འཕེལ་དུ་གཏོང་དགོས་པའི་འབོད་སྐུལ་བྱས།
 
 

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1