གཙོ་ངོས།>> གསར་འགྱུར།>>སི་ཁྲོན་བོད་ཁུལ།

རྩོམ་སྒྲིག་པ།ཡོང་ཁུངས།ཁམས་པའི་དྲ་བ། སྤེལ་དུས། ༢༠༡༨ལོའི་ཟླ་བ་༠༦ཚེས་༡༡ཉིན།

མི་ཉག་རྡོ་ར་དཀར་མོའི་སློབ་གྲྭས་བྱིས་པའི་གླིང་སྒྲུང་འགྲན་བསྡུར་གྱི་བྱ་འགུལ་སྤེལ།

        སྤྱི་ཟླ6པའི་ཚེས9ཉིན་མི་ཉག་རྡོ་ར་དཀར་མོའི་སློབ་གྲྭའི་བོད་སྐད་ཡིག་ཁྲིད་དཔྱོད་ཚན་ཁག་གིས་ཁ་བྱང་དུ༼སློབ་གྲྭའི་བྱིས་པའི་གླིང་སྒྲུང་འགྲན་སྡུར༽ཞེས་པའི་བྱ་འགུལ་གཟབ་རྒྱས་ངང་སྤེལ།
        དེ་ཡང་གླིང་རྗེ་གེ་སར་རྒྱལ་པོའི་སྒྲུང་ནི་བོད་རིགས་ཐུན་མོང་གི་བློ་གྲོས་ཀྱི་རྩལ་ལས་ཐོན་པའི་བྱུང་བརྗོད་སྙན་ངག་རིང་བོ་ཞིག་ཡིན་ཞིང་། རང་རེའི་ཁ་བའི་ཡུལ་འདིར་དུས་སྔ་མོ་ནས་དར་རྒྱས་ཤིན་ཏུ་ཆེ་བ་དང་མང་ཚོགས་ཀྱིས་ཀྱང་དགའ་བསུ་ཆེན་པོ་བྱེད་བཞིན་མཆིས་པ་དང་། ལྷག་པར་གེ་སར་སྒྲུང་གི་བརྗོད་བྱའི་དོན་གྱི་ཆ་ནས་བལྟས་ནའང་བོད་གནའ་རབས་ཀྱི་ཆབ་སྲིད་དང་དམག་དོན། རིག་གནས། ཆོས་ལུགས། དམངས་སྲོལ་བཅས་མཚོན་པའི་དཔའ་བོའི་ལོ་རྒྱུས་བརྗོད་པའི་སྙན་ངག་རིང་མོ་ཞིག་ཡིན། དེར་གླིང་གེ་སར་རྒྱལ་པོས་གཙོ་མཛད་པའི་དཔའ་རྟུལ་སུམ་ཅུས་བཙན་པོ་གཉའ་ནས་གནོན་པ་དང་དབུལ་ཕོངས་མཐའ་ནས་སྐྱོང་སླད། ཕྱོགས་བཞིའི་དགྲ་བཞི་བཏུལ་བ་དང་རྫོང་ཆེན་བཅོ་བརྒྱད་དང་རྫོང་ཕྲན་གྲངས་མེད་ཆམ་ལ་ཕབ་པའི་ལོ་རྒྱུས་དག་གསལ་ལེར་བརྗོད་ཡོད།
         ཡིན་ནའང་། ཚན་རིག་དང་ཆ་འཕྲིན་དར་ཁྱབ་ཆེ་བ་དང་བསྟུན། ད་ལྟ་བོད་ཕྲུག་སློབ་མ་རེ་རེས་གེ་སར་སྒྲུང་ཟེར་བའི་མང་ཚོགས་འཚོ་བའི་ཁྲོད་དུ་སིམ་འཛུལ་བྱས་ཡོད་པའི་གཏམ་རྒྱུད་ཡིད་དབང་འཕྲོག་པ་དག་ལ་རོལ་མྱོང་བྱེད་ཀྱིན་མེད་པ་དང་དེ་དག་ཀྱང་སྤྱི་ཚོགས་ཀྱི་གྲུ་ཟུར་ཞིག་ན་འབོར་གྱིན་པར་གཞིགས་ཏེ། འཛིན་གྲྭ་རེ་རེའི་སློབ་མ་རེ་ལ་སྒྲུང་བཤད་པ་དང་ལེན་པ་གཉིས་ཀྱི་ཐོག་ནས་འགྲན་སྡུར་ཕུན་སུམ་ཚོགས་པ་ཞིག་བྱས། དེས་སློབ་མ་དག་ལ་གེ་སར་སྒྲུང་གི་གལ་ཆེའི་རང་བཞིན་དང་བོད་རང་གི་སྲོལ་རྒྱུན་རིག་གནས་མ་ཉམས་གོང་འཕེལ་དུ་གཏོང་དགོས་པར་སྐུལ་འདེད་གནང་།

          དེ་ལྟར་འཇིག་རྟེན་ཁ་དཔེར་བོད་མི་རེའི་ཁ་ནས་སྒྲུང་རེ་ཟེར་བ་ལྟར། འགྲན་སྡུར་རིགས་གཉིས་སུ་ཕྱེ་ཞིང་། གཅིག་ནི་དམའ་རིམ་ཚན་ཁག་སྟེ་སློབ་ཆུང་ལོ་རིམ་གསུམ་པ་ནས་ལྔ་བའི་བར་དང་། གཅིག་ནི་མཐོ་རིམ་ཚན་ཁག་སྟེ་སློབ་ཆུང་ལོ་རིམ་དྲུག་པ་ནས་དམའ་འབྲིང་གཉིས་པའི་བར་ཡིན་ལ། ཁྱོན་སྡོམ་འཛིན་གྲྭ་བཅོ་བརྒྱད་ཞུགས་ཡོད།  དེར་དཔྱད་འདེམས་པར་སློབ་གཙོ་བདེ་སྐྱིད་གཡང་འཛོམས་དང་བོད་སྐད་ཡིག་སྡེ་ཁག་གི་དགེ་རྒན་བློ་བཟང་བཀྲ་ཤིས། མདོ་སྡེ། ཉི་མ་དར་རྒྱས་སོགས་ཀྱིས་སྒྲུང་གླུའི་དབྱངས་འགུག་སྟངས་དང་སྒྲུང་པའི་ཉམས་འགྱུར། སྒྲ་ཚིག་དག་མིན། བློར་འཛིན་སོགས་ཀྱི་སྐོར་ལ་དཔྱད་ནས་མཇུག་ཏུ་དམའ་རིམ་ཚན་ཁག་ཏུ་ཨང་དང་པོ་གཉིས་པ་གསུམ་པ་དང་། མཐོ་རིམ་ཚན་ཁག་ཏུ་དང་པོ་གཅིག་དང་གཉིས་པ་གཉིས། གསུམ་པ་གསུམ་བཅས་ཀྱི་བྱ་དགའ་བསྩལ།

        སྒྲུང་གླུའི་ནང་དོན་གྱི་ཆ་ནས་དམངས་ཁྲོད་དུ་དར་ཁྱབ་ཧ་ཅང་ཆེ་བའི《ཨ་སྟག་ལྷ་མོ》དང་། 《ཧོར་གླིང་གཡུལ་འགྱེད》《ཤན་འདན་ནང་འཁྲུག》སོགས་ཡིན་ཞིང་། ལེན་པའི་གོ་རིམ་ཁྲོད་དཔའ་རྟུལ་རེ་རེར་ངག་རྟ་རེ་རེ་ཡོད་པ་བཞིན། འགྲན་ཞུགས་པས་ཀྱང་དེའི་ངག་རྟའི་ཕྱོགས་སུ་བཅར་ཅི་ཐུབ་བྱས།
        མཇུག་ཏུ་དཔྱད་འདེམས་དགེ་རྒན་དག་གིས་གླིང་སྒྲུང་གི་གལ་ཆེའི་རང་བཞིན་དང་དེ་མ་ཉམས་གོང་འཕེལ་བྱེད་དགོས་པའི་སྐོར་དང་། སློབ་གཙོས་དགེ་སློབ་ཚང་མས་ད་དུང་འདིའི་སྐོར་ལ་དོ་སྣང་གལ་ཆེན་མཛད་དགོས་པ་དང་། དགེ་སློབ་ཚང་མས་དམངས་ཁྲོད་རིག་གནས་སུ་གྱུར་བའི་གླིང་སྒྲུང་ལ་སློབ་སྦྱོང་བྱེད་དགོས་ཚུལ་ནན་ཏན་གྱིས་ཞུས་ཤིང་། དཔྱད་འདེམས་དགེ་རྒན་ཉི་མ་དར་རྒྱས་གཙོས་དགེ་རྒན་རྣམས་ཀྱིས་གླིང་སྒྲུང་དངོས་སུ་བླངས་ཏེ་སློབ་མ་དག་ལ་དཔེ་སྟོན་མཛད།

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1