གཙོ་ངོས།>> གསར་འགྱུར།>>སི་ཁྲོན་བོད་ཁུལ།

རྩམ་སྐྱེས་ཀྱིས་བསྒྱུར། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། ༢༠༡༨ལོའི་ཟླ་བ་༠༦ཚེས་༢༠ཉིན།

རྔ་ཁུལ་གྱི་ལྔ་བའི་ཚེས་ལྔའི་དུས་ཆེན་གྱི་བྱེད་སྒོ།

        

        ལོ་རེའི་ལུགས་རྙིང་གི་ཟླ་ལྔ་བའི་ཚེས་ལྔ་ཉིན་ནི་ལྔ་བའི་ཚེས་ལྔའི་དུས་ཆེན་ཡིན་ལ། འདི་ནི་ཀྲུང་གོའི་སྲོལ་རྒྱུན་གྱི་དུས་ཆེན་གལ་ཆེན་ཞིག་ཡིན་པས། རྒྱ་རིགས་མི་དམངས་ཀྱིས་སྤྱིར་བཏང་སྤྲ་ལོ་འགེལ་ཞིང་ལྡོང་རོས་ཨ་རག་འཐུང་བའམ། ཡང་ན་འབྲུག་དབྱིབས་ཀྱི་གྲུ་གཤིབ་སོགས་ཀྱི་ལམ་ནས་དགའ་སྟོན་རྟེན་འབྲེལ་ཞུ། སི་ཁྲོན་ཞིང་ཆེན་ནི་བོད་རིགས་དང་ཆའང་རིགས་ཀྱི་འདུས་སྡོད་ཁུལ་ཡིན་པས། རྔ་བ་ཁུལ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་གྱི་མི་རྣམས་ཀྱིས་གླུ་གར་དང་གནས་སྐོར། མཆོད་འབུལ་སོགས་ཀྱི་ལམ་ནས་ལྔ་བའི་ཚེས་ལྔའི་དུས་ཆེན་ལ་རོལ་ངེས།

        ཚེས་12ཉིན་རྔ་བ་ཁུལ་སྲིད་གཞུང་གིས་སི་ཁྲོན་ཁྲེང་ཏུའུ་ནས་རྔ་བའི་ལྔ་བའི་ཚེས་ལྔའི་དུས་ཆེན་གྱི་བྱེད་སྒོ་རིམ་པའི་ཁྱབ་སྒྲོག་ཚོགས་འདུ་བསྡུས་ཏེ། ཟླ་6པའི་ཚེས་17ནས་18ཉིན་གྱི་བར། བྱེ་བྲག་ཏུ་རྔ་བ་ཁུལ་གྱི་བཙན་ལྷ་རྫོང་དང་མའོ་རྫོང་། མཛོད་དགེ་རྫོང་བཅས་ནས་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་དུས་ཆེན་བྱེད་སྒོ་རིམ་སྤེལ་གནང་རྒྱུ་ཡིན་པར་བསྒྲགས།

        རྔ་བ་ཁུལ་རིག་གནས་ལུས་རྩལ་རྒྱང་སྒྲོག་བརྙན་འཕྲིན་གསར་འགྱུར་པར་སྐྲུན་ཅུས་ཀྱི་ཅུས་ཀྲང་ཁྲེན་ཧྲུན་ཆིང་གིས་བཤད་རྒྱུར། རྔ་བ་ཁུལ་དུ་དུས་ད་ལྟའང་གནའ་བོའི་ཁྱད་ཆོས་ལྡན་པའི་ལྔ་བའི་ཚེས་ལྔའི་དུས་ཆེན་གྱི་རིག་གནས་རྒྱུད་འཛིན་དང་དར་སྤེལ་གང་ལེགས་གནང་ཡོད། དེ་དག་ནི་དགེ་སྤེལ་དང་སྡིག་སེལ། བཀྲ་ཤིས་གཡང་འབོད་སོགས་བརྗོད་གཞིར་བཟུང་བའི་ས་གནས་ཀྱི་ཁྱད་ཆོས་ལྡན་པའི་ལྔ་བའི་ཚེས་ལྔའི་དུས་ཆེན་གྱི་རྣམ་པ་ཞིག་ཡིན། དཔེར་ན་མཆོད་འབུལ་གསོལ་འདེབས་དང་སྨན་གྱི་བྱབས་ཁྲུས་སོགས་དམངས་སྲོལ་རིག་གནས་སོགས་ཀྱི་བྱེད་སྒོ་ལྟ་བུ་ཡིན་ལ། དམངས་སྲོལ་རིག་གནས་ཀྱི་བྱེད་སྒོ་དེ་དག་ལ་མི་རིགས་དང་ས་ཁོངས་ཀྱི་ཁྱད་ཆོས་མངོན་པར་གསལ་བར་མ་ཟད། ཀྲུང་ཧྭ་མི་རིགས་ཀྱི་སྲོལ་རྒྱུན་གྱི་ལྔ་བའི་ཚེས་ལྔའི་དུས་ཆེན་དང་གཅིག་ཏུ་འདྲེས་པས། ཀྲུང་ཧྭའི་རིག་གནས་ཀྱི་འཆམ་མཐུན་མཉམ་གནས་རྣམ་པ་ལེགས་པར་མཚོན་ཡོད་ཟེར།

        2018ལོར་རྔ་བའི་ལྔ་བའི་ཚེས་ལྔའི་དུས་ཆེན་གྱི་བྱེད་སྒོ་རིམ་པའི་ཁྲོད། བཙན་ལྷ་རྫོང་གི་སྐུ་བླའི་གནས་སྐོར་དང་མའོ་རྫོང་གི་ཝ་ཨེར་ཨེ་ཙུའུ་དུས་ཆེན། མཛོད་དགེ་རྫོང་གི་དུག་འཇོམས་དུས་ཆེན་བཅས་ཡོད། དེ་ལས་གནས་སྐོར་དུས་ཆེན་ནི་ཟླ་6པའི་ཚེས་17ནས་18ཉིན་གྱི་བར་བཙན་ལྷ་རྫོང་གི་སྐུ་བླ་གྲོང་རྡལ་དུ་སྤེལ་རྒྱུ། སྐབས་ཐོག་དེར་སྲོལ་རྒྱུན་གྱི་གནས་མཇལ་མཛད་སྒོ་དང་གནས་སྐོར། རོལ་དབྱང་འཁྲབ་སྟོན།  ཞིང་ལས་ཐོན་རྫས་འགྲེམ་སྟོན་སོགས་ཀྱི་བྱེད་སྒོ་སྤེལ་ངེས། ཝ་ཨེར་ཨེ་ཙུའུ་དུས་ཆེན་ཟེར་བ་ནི་ཆའང་སྐད་ཡིན་ལ་ལྔ་བའི་ཚེས་ལྔ་ཟེར་བའི་དོན་ཡིན། དེ་ནི་ཟླ་6པའི་ཚེས་18ཉིན་མའོ་རྫོང་གི་ཀྲུང་གོའི་གནའ་བོའི་ཆའང་མཁར་ནས་སྤེལ་རྒྱུ།  དུས་ཆེན་དེའི་ནང་དོན་ཐད་མཆོད་འབུལ་ཞབས་བྲོ་དང་མེ་ཕུང་དགོང་ཚོགས། ཆའང་རིགས་ཀྱི་འཚེམ་དྲུབ་དང་གླིང་བུ། རྒྱན་གོས་སོགས་འདུས་པའི་རིག་གནས་འགྲེམ་སྟོན་སྣ་ཚོགས་ཡིན། དུག་འཇོམས་དུས་ཆེན་ཟེར་བ་ནི་བོད་སྐད་ཡིན་ལ་གནོད་སེལ་དུག་འཇོམས་ཀྱིས་ལུས་སེམས་ལ་དག་ཁྲུས་བྱས་ཏེ་བདེ་ཐང་བསྐྲུན་པའི་དོན་ཡིན། དེ་ནི་ཟླ་6པའི་ཚེས་17ཉིན་མཛོད་དགེ་རྫོང་ཆོས་རྗེ་ཡུལ་ཚོར་སྤེལ་རྒྱུ།  བྱེད་སྒོའི་ནང་དོན་ཐད་སྨན་རྩྭ་འཐུ་བ་དང་གསོལ་མཆོད་གནང་བ།  བསང་གཏོང་བ་དང་སྨན་རྩྭའི་བྱབས་ཁྲུས་སོགས། བོད་རིགས་ཀྱི་ཁྱད་ཆོས་ལྡན་པའི་དམངས་སྲོལ་རིག་གནས་ཀྱི་བྱེད་སྒོ་སྣ་ཚོགས་ཡོད་པ་བཅས་སོ།།


39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1