གཙོ་ངོས།>> གསར་འགྱུར།>>རྒྱལ་ནང་གསར་འགྱུར།

རྩོམ་སྒྲིག་པ།ཡོང་ཁུངས།ཞིན་ཧྭ་གསར་འགྱུར་དྲ་བ། སྤེལ་དུས། ༢༠༡༨ལོའི་ཟླ་བ་༠༦ཚེས་༢༠ཉིན།

ཞི་ཅིན་ཕིང་གིས་ཁྲའོ་ཞན་ངལ་རྩོལ་ཏང་གི་ཨུ་ཡོན་ཀྲང་ཅིན་ཀྲིན་ཨིན་དང་གྲོས་མོལ་མཛད།

        རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚེས་བཅུ་དགུ་ཉིན་ཉིན་དེར་པེ་ཅིན་ལ་ཀྲུང་གོར་འཚམས་འདྲིར་ཐོན་པའི་ཁྲའོ་ཞན་ངལ་རྩོལ་ཏང་གི་ཨུ་ཡོན་ཀྲང་། རྒྱལ་སྲིད་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཅིན་ཀྲིན་ཨིན་དང་གྲོས་མོལ་མཛད། རྒྱལ་ཁབ་གཉིས་ཀྱི་འགོ་ཁྲིད་པས་དེང་སྐབས་ཀྱི་ཀྲུང་གོ་དང་ཁྲོ་ཞན་གྱི་འབྲེལ་བའི་འཕེལ་རྒྱས་དང་ཁྲའོ་ཞན་ཕྱེད་གླིང་གི་གནས་བབ་ཐད་ནས་ལྷག་བསམ་རྣམ་དག་གིས་དགོངས་འཆར་བརྗེ་རེས་ཟབ་མོ་མཛད་ནས། ཀྲུང་གོ་དང་ཁྲའོ་ཞན་གྱི་འབྲེལ་བ་སྲུང་སྐྱོང་བཟང་པོ་བྱེད་པ་དང་སྲ་བརྟན་བཟང་པོར་གཏོང་བ། འཕེལ་རྒྱས་བཟང་པོར་གཏོང་བ་བཅས་བྱེད་པ་དང་། ཁྲའོ་ཞན་ཕྱེད་གླིང་གི་ཞི་བདེ་གཏན་འཇགས་ཀྱི་གནས་བབ་བཟང་པོ་གོང་དུ་སྤེལ་བར་མཉམ་དུ་སྐུལ་འདེད་བཏང་ནས། འཛམ་གླིང་དང་ས་ཁུལ་གྱི་ཞི་བདེ་གཏན་འཇས་དང་། དར་རྒྱས་གོང་འཕེལ་ཐད་བྱས་རྗེས་བཟང་པོ་འཇོག་དགོས་ཞེས་བསྟན།

        ཞི་ཅིན་ཕིང་གིས་བསྟན་དོན། ང་ཚོ་ཨུ་ཡོན་ཀྲང་ཅིན་ཀྲིན་ཨིན་དང་ཙུང་ཐུང་ཐི་ལང་ཕུའུ་ཡིས་སིང་ག་ཕོར་ནས་ཐུག་འཕྲད་གལ་ཆེན་བྱས་ཏེ། ཕྱེད་གླིང་དུ་ཉིང་རྡུལ་མཚོན་ཆ་མེད་པར་གཏོང་བ་དང་། ཕྱེད་གླིང་གི་དུས་གཏན་གྱི་ཞི་བདེའི་རྐྱེན་སྲོལ་འཛུགས་པའི་ཐད་ནས་ཐུན་མོང་གི་ལྟ་བ་བྱུང་སྟེ་གྲུབ་འབྲས་བཟང་པོ་བླངས་པའི་གནས་ཚུལ་མཐོང་ནས་དགའ་སྤྲོ་ཆེན་པོ་སྐྱེས་ཡོད་ལ། ཀྲུང་གོས་དེར་གདེང་འཇོག་མཐོན་པོ་བྱེད་བཞིན་ཡོད། ཨུ་ཡོན་ཀྲང་ཅིན་ཀྲིན་ཨིན་ཆེད་དུ་ཀྲུང་གོར་འཚམས་འདྲིར་ཡོང་བ་འདིས་ཀྲུང་གོ་དང་ཁྲའོ་ཞན་གྱི་ཏང་གཉིས་དང་རྒྱལ་ཁབ་གཉིས་ཀྱི་འཐབ་ཇུས་འབྲེལ་འདྲིས་ཐད་ཧ་ཅང་མཐོང་ཆེན་བྱེད་བཞིན་པ་མཚོན་ལ། ངས་འདི་ལ་གདེང་འཇོག་མཐོན་པོ་བྱེད་བཞིན་ཡོད།
        ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཟླ་གསུམ་ཡང་མ་འགོར་བའི་དུས་ཚོད་ནང་ང་དང་བློ་མཐུན་ཨུ་ཡོན་ཀྲང་གཉིས་ཐེངས་གསུམ་ལ་ཐུག་ནས། ཏང་གཉིས་དང་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་གོང་འཕེལ་ལ་ཁ་ཕྱོགས་གསལ་པོ་བསྟན་ནས། ཀྲུང་གོ་དང་ཁྲའོ་ཞན་གྱི་འབྲེལ་བའི་གོང་འཕེལ་གྱི་ལོ་རྒྱུས་གསར་བའི་འགོ་བརྩམས་ཡོད། ཀྲུང་གོའི་ཏང་དང་སྲིད་གཞུང་གིས་ཀྲུང་གོ་དང་ཁྲའོ་ཞན་གྱི་མཛའ་མཐུན་མཉམ་ལས་འབྲེལ་བར་ཚད་མཐོའི་མཐོང་ཆེན་བྱེད་བཞིན་ཡོད་ལ། རྒྱལ་སྤྱི་དང་ས་ཁུལ་གྱི་གནས་བབ་ལ་འགྱུར་ལྡོག་ཅི་འདྲ་བྱུང་རུང་། ཀྲུང་གོའི་ཏང་དང་སྲིད་གཞུང་གིས་ཀྲུང་གོ་དང་ཁྲའོ་ཞན་གྱི་འབྲེལ་བ་སྲ་བརྟན་དང་གོང་འཕེལ་དུ་གཏོང་བའི་ལངས་ཕྱོགས་བརྟན་པོར་འགྱུར་བ་འབྱུང་མི་སྲིད་པ་དང་། ཀྲུང་གོ་མི་དམངས་ཀྱིས་ཁྲའོ་ཞན་མི་དམངས་ལ་བཅངས་པའི་མཛའ་བརྩེ་ཟབ་མོར་འགྱུར་བ་འབྱུང་མི་སྲིད་ལ། ཀྲུང་གོས་སྤྱི་ཚོགས་རིང་ལུགས་ཀྱི་ཁྲའོ་ཞན་ལ་བྱེད་པའི་རྒྱབ་སྐྱོར་ལ་འགྱུར་བ་འབྱུང་མི་སྲིད། ངས་བློ་མཐུན་ཨུ་ཡོན་ཀྲང་དང་མཉམ་དུ། ཕྱོགས་གཉིས་བར་བྱུང་བའི་ཐུན་མོང་གི་ལྟ་བ་གལ་ཆེན་མུ་མཐུད་དུ་དངོས་འབེབས་བཟང་པོ་བྱེད་པ་དང་། ཀྲུང་གོ་དང་ཁྲའོ་ཞན་གྱི་འབྲེལ་བ་ཡུན་རིང་བདེ་ཐང་དང་གཏན་འཇགས་ངང་གོང་འཕེལ་དུ་བཏང་ནས། རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་བསྐྲུན་འདོད་ཡོད།
        ཅིན་ཀྲིན་ཨིན་གྱིས་ནན་གྱིས་བསྟན་དོན། ཀྲུང་གོ་ནི་ང་ཚོའི་རླབས་ཆེ་བའི་མཛའ་མཐུན་ཁྱིམ་མཚེས་རྒྱལ་ཁབ་ཡིན་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ནི་ང་ཚོས་ཧ་ཅང་བརྩི་བཀུར་དང་བློ་གཏད་བྱེད་པའི་རླབས་ཆེ་བའི་འགོ་ཁྲིད་པ་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཀྲུང་གོའི་ཏང་དང་སྲིད་གཞུང་། མི་དམངས་བཅས་ཀྱིས་དུས་རྟག་ཏུ་ང་རང་ཉིད་དང་ཁྲའོ་ཞན་གྱི་ཏང་དང་སྲིད་གཞུང་། མིད་མངས་བཅས་ལ་བཅངས་པའི་མཛའ་བརྩེ་ཟོལ་མེད་དང་གནང་བའི་རྒྱབ་སྐྱོར་རྩ་ཆེན་ལ་བཀའ་དྲིན་ཞུ། ངས་ངལ་རྩོལ་ཏང་གི་ཏང་ཡོན་ཡོངས་དང་ཁྲའོ་ཞན་མི་དམངས་ལ་སྣེ་ཁྲིད་བྱས་ཏེ་ང་དང་བློ་མཐུན་སྤྱི་ཁྱབ་ཧྲུའུ་ཅིའི་བར་བྱུང་བའི་ཐུན་མོང་གི་ལྟ་བ་གལ་ཆེན་ནན་ཏན་གྱིས་དངོས་འབེབས་བཟང་པོ་བྱས་ནས། འགྱུར་བ་མེད་པའི་ཁྲའོ་ཞན་དང་ཀྲུང་གོའི་འབྲེལ་བ་ཆུ་ཚད་གསར་བ་ཞིག་ཏུ་གོང་འཕེལ་ལ་གཏོང་རྒྱུ་ཡིན་ཟེར།
        ཞི་ཅིན་ཕིང་གིས་བསྟན་དོན། ཉེ་སྔོན་ཕྱོགས་སོ་སོའི་འབད་བརྩོན་འོག་ཏུ། ཕྱེད་གླིང་གི་གནས་བབ་ཞི་བདེ་གཏན་འཇགས་ཀྱི་ཕྱོགས་སུ་གོང་འཕེལ་དུ་སོང་ཡོད་ལ། ཁྲའོ་ཞན་དང་ཨ་མེ་རི་ཁའི་འགོ་གཙོས་ཐེངས་འདིར་ཐུག་འཕྲད་བྱས་ནས། ཕྱེད་གླིང་གི་ཉིང་རྡུལ་གནད་དོན་ཆབ་སྲིད་ཀྱི་ལམ་ནས་ཐག་གཅོད་པར་གོམ་སྟབས་གལ་ཆེན་སྤོས་ཡོད། ཁྲའོ་ཞན་དང་ཨ་མེ་རི་ཁ་ཕྱོགས་གཉིས་ཀྱིས་འགོ་གཙོའི་ཐུག་འཕྲད་ཀྱི་གྲུབ་འབྲས་དངོས་འབེབས་བཟང་པོ་བྱེད་པ་དང་། ཕྱོགས་སོ་སོའི་བར་དུ་མཉམ་ཤུགས་ཆགས་པར་བྱས་ཏེ། ཕྱེད་གླིང་གི་ཞི་བའི་འཕེལ་རིམ་ལ་མཉམ་དུ་སྐུལ་འདེད་གཏོང་རྒྱུ་ནི་ང་ཚོའི་རེ་བ་ཡིན་ལ། ཀྲུང་གོས་དེའི་ཐད་ལ་འཛུགས་སྐྲུན་རང་བཞིན་གྱི་ནུས་པ་འདོན་འདོད་ཡོད། 
        གྲོས་མོལ་གྱི་སྔོན་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ཚོམས་ཆེན་བྱང་མ་ནས་ཨུ་ཡོན་ཀྲང་ཅིན་ཀྲིན་ཨིན་ལ་དགའ་བས་ཞུ་བའི་མཛད་སྒོ་བསྡུས།
        གྲོས་མོལ་གྱི་རྗེས་སུ། ཞི་ཅིན་ཕིང་དང་ལྕམ་མོ་ཕིན་ལིས་ཡོན་གཉིས་ཀྱིས་ཅིན་ཀྲིན་ཨིན་དང་ལྕམ་མོ་ལིས་ཞེའོ་ཀྲུའུ་ལ་དགའ་བསུའི་གསོལ་སྟོན་བཤམས་པར་མ་ཟད་མཉམ་དུ་འཁྲབ་སྟོན་ལ་གཟིགས།
        ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ཝང་ཧུའུ་ཉིང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཝང་ཆི་ཧྲན་སོགས་འབྲེལ་ཡོད་བྱ་འགུལ་ལ་ཞུགས།
        ཁྲའོ་ཞན་ཕྱོགས་ཀྱི་འབྲེལ་ཡོད་མི་སྣ་ཡང་བྱ་འགུལ་ལ་ཞུགས།

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1